|
བརྩེ་སེམས་ཟབ་མོས་ས་མཐོའི་ས་གཞི་དྲོས། |
སྤེལ་དུས། 2016-08-18 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་སྒྲིག་པ། སྐྱ་རེངས། |
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་ཆབ་མདོར་བརྟག་ཞིབ་གནང་བའི་སྐོར་གྱི་ཟུར་བྲིས། ![]() འདི་ནི་ཡུས་ཀྲེང་ཧྲེང་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་རུ་བཞི་ཤང་མདའ་རོ་གྲོང་ཚོར་ཕེབས་སྐབས་ས་གནས་དེ་གའི་གྲོང་མི་ཚོས་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ་བའི་གནས་ཚུལ་ཡིན་པ། ![]() འདི་ནི་ཡུས་ཀྲེང་ཧྲེང་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་རུ་བཞི་ཤང་མདའ་རོ་གྲོང་ཚོར་ཕེབས་ནས་མདའ་རོ་གྲོང་ཚོའི་བུ་བཅོལ་ཁང་གི་ཕྲུ་གུ་ཚོར་བྱམས་བརྩེའི་ངང་གཟིགས་པའི་གནས་ཚུལ་ཡིན་པ། ཆབ་མདོའི་ས་གཞིར་དཔྱིད་ཀྱི་དཔལ་ཡོན་བཞད། གཙང་གསུམ་ཆུ་བོས་ཏང་གི་དྲིན་ལ་བསྟོད། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་བསྣམས་ནས་ཟླ་8ཚེས་12དང་ཚེས་13ཉིན་བར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་སོགས་ཀྱི་ཕེབས་རོགས་འོག་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་རང་ལྗོངས་ཀྱི་ཆབ་མདོ་གྲོང་ཁྱེར་གྱི་ཁེ་ལས་དང་། དགོན་སྡེ། སྨན་ཁང་། ཤང་གྲོང་བཅས་སུ་ཕེབས་ནས་འཕེལ་རྒྱས་བརྟན་ལྷིང་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་ཡང་གནང་སྟེ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྔར་བས་སྐུལ་འདེད་གཏོང་ཆེད་ཁ་ཕྱོགས་གསལ་སྟོན་གནང་བའི་ཐོག་སྒུལ་ཤུགས་ཀྱང་སྦྱིན། ཡུས་ཀྲེང་ཧྲེང་གི་བྱམས་བརྩེའི་ཐུགས་ཁུར་དང་སྐུལ་འདེད་འོག་ཁྲོན་བོད་དྲ་སྦྲེལ་ལས་གྲྭ་2014ལོའི་ཟླ་11ཚེས་20ཉིན་དངོས་སུ་སྤྱོད་འགོ་ཚུགས་ཤིང་། ཚེས་12ཉིན་གྱི་སྔ་དྲོ་ཡུས་ཀྲེང་ཧྲེང་གནམ་གྲུ་ནས་བབས་རྗེས། ཐད་ཀར་རླངས་འཁོར་ནང་བཞུགས་ནས་ཀྱག་ཀྱོག་གི་རི་ལམ་བརྒྱུད་ཁྲོན་བོད་དྲ་སྦྲེལ་ལས་གྲྭའི་ཆན་ཕུའུ་500ཟིན་པའི་རྫ་ཆུའི་གློག་སྒྱུར་ས་ཚིགས་སུ་ཕེབས་ནས་བརྟག་ཞིབ་གནང་ཞིང་། ཁོང་གིས་ཕེབས་གྱིན་གཟིགས་གྱིན་དུ་ནན་ཏན་ངང་གནས་ཚུལ་ངོ་སྤྲོད་གསན་པ་རེད། ཡུས་ཀྲེང་ཧྲེང་གིས་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བར་ཁྲོན་བོད་དྲ་སྦྲེལ་ལས་གྲྭ་དོ་དམ་ཡག་པོ་དང་འཁོར་སྐྱོད་ཡག་པོ་ཐུབ་པ་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་བོད་གློག་ཕྱིར་གཏོང་ཆེད་ཆ་རྐྱེན་བསྐྲུན་དགོས་ཞེས་བཀའ་མངགས་གནང་བ་རེད། ཡུས་ཀྲེང་ཧྲེང་གིས་རྒྱལ་ཁབ་གློག་དྲ་ཀུང་སིས་ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་བསྟུན་ཏེ་ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་དངོས་ཡོད་དགོས་མཁོ་གཞིར་བཟུང་། བོད་ཀྱི་གློག་ཤུགས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ཆེད་ལེགས་སྐྱེས་གལ་ཆེན་འབུལ་དགོས་ཞེས་གསུངས་པ་རེད། བྱམས་པ་གླིང་དགོན་དུ་བསངས་ཀྱི་དུ་སྤྲིན་འཕྱུར་བ་དང་ཆོས་ཀྱི་དུང་སྒྲ་ལྷང་ལྷང་དུ་གྲགས་ཤིང་། དགེ་འདུན་ཚོགས་ཀྱིས་སེར་སྒྲེང་བསྒྲིགས་ནས་ལག་ཏུ་ཁ་བཏགས་འཁྱེར་ཞིང་དུང་དང་རྒྱ་གླིང་དཀྲོལ་གྱིན་ཡུས་ཀྲེང་ཧྲེང་བཅས་པར་དགའ་བསུ་ཞུས། སྤྲུལ་སྐུ་རྫོང་ལོ་བྱམས་པ་མཁས་གྲུབ་ཀྱིས་ཡུས་ཀྲེང་ཧྲེང་ལ་མཇལ་དར་ཕུལ་བ་དང་ཡུས་ཀྲེང་ཧྲེང་གིས་དགེ་འདུན་པ་ཚོར་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། ད་ཕན་ལོ་ཤས་རིང་ཏང་དང་སྲིད་གཞུང་གི་རོགས་རམ་འོག་དགོན་སྡེར“ཡོད་པ་དགུ”མངོན་འགྱུར་བྱུང་བའི་ཐོག སྤྱི་པའི་ཞབས་ཞུ་དང་ཐོས་བསམ་སྒོམ་གསུམ་གྱི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་། དགེ་འདུན་ཚོགས་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པ་ཚོས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་དགོན་སྡེའི་ཞི་མཐུན་སྲུང་སྐྱོང་ཧུར་ཐག་བྱེད་པའི་སྐོར་མཁྱེན་སྐབས། ཡུས་ཀྲེང་ཧྲེང་ཐུགས་ཧ་ཅང་མགུ་པོ་བྱུང་བ་རེད། ཁོང་གིས་དགོན་སྡེའི་དགེ་འདུན་ཚོས་ཀྲུའུ་ཞི་གཞོན་པ་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་མིག་དཔེར་བྱས་ཏེ་ཐོས་བསམ་སྒོམ་གསུམ་ལ་གཞོལ་བ་དང་། ཆོས་ཀྱི་རྟོགས་པ་ཟབ་ཏུ་གཏོང་བ། རྒྱལ་གཅེས་ཆོས་གཅེས། རྒྱལ་སྐྱོང་འགྲོ་ཕན་བཅས་བྱས་ཏེ་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་ཆེད། ལེགས་སྐྱེས་ཧུར་ཐག་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས། ཡུས་ཀྲེང་ཧྲེང་ཕེབས་པ་མཐོང་སྐབས། ཆོས་མཇལ་ཞུ་མཁན་མང་ཚོགས་ཁོང་གི་འཁྲིས་སུ་བཅར་ནས་འཚང་ཁ་ཤིག་ཤིག་ངང་ཁོང་ལ་ལག་པ་བཏང་སྟེ། ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་བའི་སེམས་པ་མཚོན་པར་བྱས་ཤིང་། ཡུས་ཀྲེང་ཧྲེང་གི་འཛུམ་དམུལ་དམུལ་ངང་ཚང་མར་ལྷག་བསམ་གྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་རེད། ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་དུ། ཡུས་ཀྲེང་ཧྲེང་གིས་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གསོ་རིག་རིགས་གཅིག་མཁས་ཅན་རེ་རེ་བཞིན་ལ་ཕྱག་བཏང་ནས། བྱམས་བརྩེའི་གླེང་མོལ་གནང་བ་རེད། ཡུས་ཀྲེང་ཧྲེང་གིས་བརྩེ་སེམས་ཟབ་མོས“བོད་སྐྱོར་ནི་བློས་གཏོང་དང་ལེགས་སྐྱེས་ཤིག་རེད། ངས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཚབ་ཞུས་ཏེ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་གསུངས་ཤིང་། ཁོང་གིས་བོད་དུ་མཐོ་གྲང་གསོ་རླུང་དཀོན་པ་དང་། ཆ་རྐྱེན་དཀའ་ཚེགས་ཆེ་བ། སྨན་བཅོས་འཕྲོད་བསྟེན་བྱ་གཞག་བལྟོས་བཅས་རྗེས་ལུས་བཅས་ཡིན་པས། སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ནི་གནས་ཚུལ་དེ་རིགས་ལ་འགྱུར་ལྡོག་གཏོང་རྒྱུའི་ཐབས་ལམ་ནུས་ལྡན་ཞིག་རེད། བོད་དུ་མངགས་པའི་སྨན་ཁང་གིས་ཤེས་ལྡན་མི་སྣའི་ལག་རྩལ་བོད་སྐྱོར་མངོན་པར་བྱེད་དགོས་ལ། མ་དངུལ་རྣམ་གྲངས་ཀྱི་བོད་སྐྱོར་ལའང་ཤུགས་སྣོན་རྒྱག་དགོས། རོགས་སྐྱོར་བྱ་ཡུལ་སྨན་ཁང་གིས་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱས་ཏེ་དགོས་མཁོ་དངོས་གཞིར་བཟུང་འཆར་གཞི་ཡོད་པ་དང་གཙོ་གནད་ཡོད་པའི་སྒོ་ནས་གཙོ་གནད་ཁོའོ་ཧྲི་བསྐྲུན་ཏེ། སྨན་བཅོས་འཕྲོད་བསྟེན་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་བདེ་སྐྱིད་སྐྲུན་དགོས་ཞེས་གསུངས། ཁ་རུབ་ཆུས་རུ་བཞི་ཤང་མདའ་རོ་གྲོང་ཚོའི་གྲོང་ལྷན་གྱི་སྒོ་རའི་ནང་གྲོང་མི་ཚོས་ཡུས་ཀྲེང་ཧྲེང་བཅས་པར་དགའ་བསུ་གཟབ་རྒྱས་ཞུས་ཤིང་། ཡུས་ཀྲེང་ཧྲེང་གིས་འགྲེམས་པང་ལ་ནན་ཏན་ངང་གཟིགས་པ་དང་འབྲེལ། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་ཕུར་བུ་བུ་ཁྲིད་ཀྱི་ངོ་སྤྲོད་ནན་ཏན་ངང་གསན་པ་རེད། དེ་རྗེས་ཡུས་ཀྲེང་ཧྲེང་གྲོང་ཚོའི་རྩམ་པ་འཐག་ས་དང་། ཨར་ལས་རུ་ཁག སྐྱེལ་འདྲེན་རུ་ཁག་བཅས་སུ་ཕེབས་ནས་གྲོང་མིའི་ལས་ཞུགས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། གྲོང་ཚོར་ངལ་རྩོལ་གྱི་ནུས་ཤུགས་ལྡན་པའི་མི་ཚང་མར་ལས་ཀ་ཡོད་པ་དང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.1ཡོད་པ་མཁྱེན་སྐབས། ཡུས་ཀྲེང་ཧྲེང་ཐུགས་མགུ་པོ་བྱུང་བ་རེད། མདའ་རོ་གྲོང་ཚོའི་དམངས་ཕན་ཞབས་ཞུའི་ས་ཚིགས་སུ་ཡུས་ཀྲེང་ཧྲེང་གིས་ལས་དོན་མི་སྣ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་སྟེ། ཁོང་ཚོའི་ལས་སྒོའི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཡུས་ཀྲེང་ཧྲེང་གིས་འཛུམ་དམུལ་དམུལ་ངང་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཁྱེད་ཚོར་ཐུགས་ཁུར་ཟབ་མོ་གནང་གི་ཡོད། ཏང་གི་སྲིད་ཇུས་བཟང་པོ་དང་དཀའ་སྤྱད་འབད་བརྩོན་གྱི་ལག་གཉིས་ཡོད་པས། ཁྱེད་ཚོའི་འཚོ་བ་ཉིན་རེ་བཞིན་ལེགས་སུ་འགྲོ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས། “བཀྲ་ཤིས་བདེ་ལེགས། བཀྲ་ཤིས་བདེ་ལེགས”ཞེས་འབོད་གྱིན་འཇམ་དབྱངས་རབ་རྒྱས་ཀྱི་ནང་མི་ཚོས་ལག་ཏུ་ཁ་བཏགས་འཁྱེར་ནས་སྒོ་རྩར་ཡུས་ཀྲེང་ཧྲེང་བཅས་པར་ཕེབས་བསུ་ཞུས། ཡུས་ཀྲེང་ཧྲེང་གིས་འཇམ་དབྱངས་རབ་རྒྱས་ལ། ཁྱེད་ཚོའི་འཚོ་བ་ཡག་པོ་ཡོད་པ་མཐོང་སྐབས། ང་ཧ་ཅང་དགའ་པོ་བྱུང་། དེ་དག་ཚང་མ་ཏང་གི་སྲིད་ཇུས་བཟང་པོར་བརྟེན་ནས་བྱུང་བ་ཞིག་རེད་ལ། ཁྱེད་ཚོའི་དཀའ་སྤྱད་འབད་བརྩོན་གྱི་ལག་གཉིས་ལ་བརྟེན་ནས་བྱུང་བ་ཞིག་ཀྱང་རེད། ཁྱེད་ཚོས་མུ་མཐུད་ཐོན་སྐྱེད་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་ཡོང་འབབ་རྒྱུན་ཆད་མེད་པར་བསགས་ཏེ་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་བདེ་སྐྱིད་ཡོང་རྒྱུའི་རེ་བ་ཡོད་ཅེས་གསུངས། ཞལ་གྱེས་ཁར། ཡུས་ཀྲེང་ཧྲེང་གིས་འཇམ་དབྱངས་རབ་རྒྱས་ཀྱི་ནང་མི་དང་མཉམ་དུ་སྐུ་པར་བསྐྱོན་པ་རེད། གྲོང་ཚོ་དེ་ནས་ཐོན་སྐབས། གྲོང་ཚོའི་སྐྱེ་ཕོ་མོ་ཚོས་ཁ་བཏགས་གཡུག་གཡུག་བྱས་ཏེ་གྲོང་ཚོའི་ལམ་མདོ་བར་ཕེབས་སྐྱེལ་ཞུས་པ་དང་ཡུས་ཀྲེང་ཧྲེང་གིས་ཕྱག་གཡུག་གཡུག་གནང་སྟེ་གྲོང་མི་ཚོ་དང་ཞལ་གྱེས། ཏང་གི་སྦྲང་ཆར་ཟིལ་མའི་ཐུགས་ཁུར་འོག བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས་དང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་སར་བརྩིས་པ་དང་། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་འགྲིལ་མཐའ་འཁྱོངས་བྱ་རྒྱུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབ་སར་བརྩིས་ཏེ། ནུས་ཤུགས་ཡོད་རྒུས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཧུར་ཐག་རྩོམ་བཞིན་ཡོད། |
|
|||||||||||
| |||||||||||