སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ཉིང་ཁྲིར་རྟོག་ཞིབ་གནང་བ་དང་འབྲེལ་ཆོས་ཕྱོགས་བྱེད་སྒོ་ཡང་སྤེལ་བ།
སྤེལ་དུས། 2016-08-26   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  དགེ་ལེགས།
          ཉེ་དུས་པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོས་ཉིང་ཁྲིར་རྟོག་ཞིབ་གནང་བ་དང་འབྲེལ་ཆོས་ཕྱོགས་བྱེད་སྒོ་ཡང་སྤེལ་བ་རེད།
          རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་སྐལ་བཟང་ཚེ་རིང་དང་། ལིའུ་ཅང་། བློ་བཟང་འགྱུར་མེད། ས་ལུང་ཕུན་ལགས་བཅས་ཀྱིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དང་ལྷན་དུ་འབྲེལ་ཡོད་བྱེད་སྒོར་ཞུགས་པ་རེད།
ཟླ་8ཚེས་18ཉིན་གྱི་ཉིན་དགུང་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ལྷ་ས་ནས་གནམ་གྲུར་བཞུགས་ཏེ་ཉིང་ཁྲིར་ཕེབས་ཞིང་། ཉིང་ཁྲིའི་སྨན་གླིང་གནམ་ཐང་དང་བཞུགས་གནས་སུ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་ཉིང་ཁྲི་གྲོང་ཁྱེར་གྱི་འགོ་ཁྲིད་གཙོ་བོས་སྤྲོ་སེམས་འཁོལ་བའི་ངང་ཕེབས་སུ་ཞུས་པ་དང་འབྲེལ་མི་རིགས་ཀྱི་གཟབ་མཆོར་སྤྲས་པའི་མང་ཚོགས་ཚོས་སྤྲོ་སེམས་འཁོལ་པོས་ལག་ནང་གི་ཁ་བཏགས་གཡུག་གཡུག་བཏང་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཡང་ཞུས་པ་རེད།
          ཟླ་8ཚེས་22ཉིན་གྱི་ཕྱི་དྲོ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ཉིང་ཁྲི་གྲོང་ཁྱེར་གྱི་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་དང་བཞུགས་མོལ་གནང་ཞིང་། མི་སེར་གྱི་འཚོ་བའི་འགྱུར་ལྡོག་དང་། སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་འཕེལ་རྒྱས། ཞི་མཐུན་དགོན་སྡེ་གཏོད་སྐྲུན། སྲིད་གྲོས་ཀྱི་སྲིད་ཞུགས་སྲིད་གླེང་བཅས་སྐོར་གྱི་གནས་ཚུལ་ལྷུག་པོར་གླེང་གནང་བ་རེད། ཉིང་ཁྲི་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་ཚུལ་སྐོར་གྱི་ངོ་སྤྲོད་ནན་ཏན་ངང་གསན་རྗེས། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་བྱམས་བརྩེའི་ཐུགས་ཁུར་དང་ཉིང་ཁྲི་གྲོང་ཁྱེར་གྱི་ཤུགས་ཆེའི་རྒྱབ་སྐྱོར་འོག རང་ཉིད་ཐོག་མར་ཉིང་ཁྲིར་ཡོང་ནས་སྤྱི་ཚོགས་ཀྱི་རྟོག་ཞིབ་དང་ཆོས་ཕྱོགས་བྱེད་སྒོ་སྤེལ་རྒྱུ་བྱུང་བ་ནི་ངས་ཡུན་རིང་རེ་སྒུག་བྱས་པའི་བསམ་འདུན་ཞིག་ཡིན་ཞེས་གསུངས། ཉིང་ཁྲི་གྲོང་ཁྱེར་གྱི་སྒྱུར་བཅོས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཐད་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ཚད་མཐོའི་བསྔགས་བརྗོད་དང་དགྱེས་ཚོར་ཆེན་པོ་གནང་། ཁོང་གིས་ཉིང་ཁྲིའི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་དང་། མི་དམངས་བདེ་སྡོད་ལས་བརྩོན། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་། གྲྭ་བཙུན་རྒྱལ་གཅེས་ཆོས་གཅེས། སྣོད་བཅུད་བཟང་བ་བཅས་ཀྱི་དགའ་འོས་པའི་རྣམ་པ་ཞིག་ཐོན་པར་བག་ཆགས་ཟབ་མོ་བྱུང་། གྲུབ་འབྲས་དེ་དག་ཀྲུང་དབྱང་གི་དམངས་ཕྱུག་དམངས་ཕན་གྱི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། རང་སྐྱོང་ལྗོངས་ཀྱི་ཡང་དག་པའི་འགོ་ཁྲིད། ཉིང་ཁྲིའི་མི་རིགས་ཁག་དང་ལས་རིགས་ཁག་གི་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བཅས་བྱས་པ་ལས་བྱུང་བ་ཞིག་རེད་ཅེས་གསུངས། ཁོང་གིས་ཉིང་ཁྲི་གྲོང་ཁྱེར་གྱི་ལས་རིགས་ཁག་གིས་ཡང་འབད་བསྐྱར་འབད་དང་འབད་འབུངས་ཡར་བརྩོན་གྱིས་རྒྱ་ཆེའི་མང་ཚོགས་ཚོར་ཏང་གི་བཀའ་དྲིན་དང་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ཚོར་བ་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཆེད། མི་སེམས་དང་སྟོབས་ཤུགས་སྔར་བས་གཅིག་ཏུ་འགྲིལ་རྒྱུའི་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་པ་རེད།
          པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་རང་ཉིད་ཁྲི་འདོན་བྱས་པ་ནས་བཟུང་། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་བྱམས་བརྩེའི་ཐུགས་ཁུར་དང་། དེ་བཞིན་བླ་མ་སྐྱེས་ཆེན་དང་བཤེས་གཉེན་རྣམས་ཀྱི་མཛུབ་ཁྲིད་ཟབ་མོའི་འོག ནང་བསྟན་ཀྱི་ཡོན་ཚད་དང་རིག་གནས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་། ལྷག་དོན་དུ་འདི་ལོའི་གཟབ་ཅིང་རྒྱས་ལ་ཕུན་སུམ་ཚོགས་པའི་དུས་འཁོར་དབང་ཆེན་ཐོག་མ་འཚོགས་པར་སྤྱི་ཚོགས་ལས་རིགས་ཁག་དང་དད་ལྡན་མང་ཚོགས་ཚོའི་ཁས་ལེན་གང་ལེགས་ཐོབ་པས། ཏང་གི་མི་རིགས་སྲིད་ཇུས་ཡང་དག་ཡིན་པ་གང་ལེགས་མངོན་ཡོད། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཁོ་ནའི་འོག བོད་འདི་ཉིད་གཞི་ནས་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཀྱི་ངོས་ངེས་ཤིག་དང་། དུས་རབས་ཀྱི་ཐུན་མོང་ངོས་འཛིན་སྔར་བས་ཟབ་ཏུ་བཏང་ནས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དང་རང་སྐྱོང་ལྗོངས་ཀྱི་དགོན་ཕན་གྲྭ་ཕན་གྱི་བྱེད་ཐབས་ཁག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཆོས་ཕྱོགས་མི་སྣའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་གསུངས་ཤིང་། མཇུག་ཏུ་ཁོང་གིས་ཚང་མར་སྐུ་གཟུགས་གསལ་ཐང་དང་བྱ་བ་ལམ་ལྷོངས་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུས་པ་རེད།
ཉིང་ཁྲིར་བཞུགས་རིང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་སྔ་རྗེས་སུ་ཀོང་པོ་རྒྱ་མདའ་རྫོང་བྲག་གསུམ་མཚོ་དང་། མཚོ་གསུམ་དགོན། བླ་མ་གླིང་དགོན། བུ་ཆུ་ལྷ་ཁང་བཅས་སུ་རྟེན་མཇལ་ཕྱག་མཆོད་གནང་བ་དང་འབྲེལ། དད་ལྡན་སེར་སྐྱ་མང་ཚོགས་ཚོར་ཕྱག་དབང་དང་ལྗགས་མདུད་གནང་བ་མ་ཟད། ད་དུང་སྐུ་པར་ཡང་གནང་བས་དད་ལྡན་སེར་སྐྱ་མང་ཚོགས་ཚོའི་དད་གུས་ཆེན་པོ་དང་སྙིང་དབུས་ནས་གོང་བཀུར་ཐོབ་ཡོད། དགོན་སྡེ་ཁག་གིས་གུས་ལུགས་རྒྱས་ཤོས་ཀྱི་ཐོག་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་སྤྲོ་སེམས་ཆེན་པོས་བསུ་བ་ཞུས་ཤིང་། གང་སར་དགའ་སྟོན་རྟེན་འབྲེལ་གྱི་རྣམ་པས་ཁེངས་པ་རེད། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཕེབས་པ་གོ་ཐོས་བྱུང་རྗེས་རྒྱ་ཆེའི་དད་ལྡན་མང་ཚོགས་ཚོས་རང་འགུལ་ངང་ཁོང་གི་ཕེབས་ལམ་དང་དགོན་སྡེའི་མདུན་དུ་གྲལ་སྟར་རིང་པོ་བསྒྲིགས་པ་དང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་འཛུམ་དམུལ་དམུལ་ངང་གུས་ལན་ཞུས་པ་དང་ཆབས་ཅིག ཁོང་ཚོར་ཕྱག་དབང་གནང་ནས་ནད་མེད་ཚེ་རིང་ཡོང་བའི་སྨོན་ལམ་བཏབ་གནང་བ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716