|
ཚན་རིག་དང་མཐུན་པའི་གོང་འཕེལ་གྱིས་བོད་ལྗོངས་ཀྱི་དཔལ་འབྱོར་བྱ་འཕུར་བ་ལྟར་འཕེལ་རྒྱུར་རོགས་འདེགས་བྱས་པ། |
སྤེལ་དུས། 2016-11-08 ཡོང་ཁུངས། ཞིན་ཧྭའི་དྲ་བ། རྩོམ་སྒྲིག་པ། ཤ་ཚེས་བསྒྱུར། |
—— རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པར་བསུ་བ་ཞུ་བའི་ཆེད་སྤེལ་རྩོམ་ཡིག་བཞི་པ། ![]() འདི་ནི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བུ་ཆུ་ཤང་རྒྱ་རྭ་ཁ་གྲོང་ཚོའི་ཞིང་པས་གྲོ་བརྔ་བསྡུ་བྱེད་པའི་གནས་ཚུལ་ཡིན་པ། འཕེལ་རྒྱས་ནི་ལྡོག་མེད་གནས་ལུགས་ཅིག་དང་བོད་ཀྱི་གནད་དོན་ཚང་མ་ཐག་གཅོད་བྱེད་པའི་འགག་རྩ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་རྒྱུའི་སྐོར་གྱི་བསམ་བློ་གསར་པ་དང་། ཆོད་གཏམ་གསར་པ། བླང་བྱ་གསར་པ་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་བོད་ལྗོངས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་གཞི་རྩའི་ནང་དོན་ཁོང་དུ་ཡང་དག་ཆུད་པ་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བས་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་དང་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་འཕེལ་རྒྱས་ཀྱི་འདུ་ཤེས་ཟམ་མི་ཆད་པར་གསར་གཏོད་དང་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་བཏང་ནས་རྒྱུན་རྣམ་གསར་པ་ཤེས་རྟོགས་དང་། རྒྱུན་རྣམ་གསར་པ་དང་འཚམ་པ། རྒྱུན་རྣམ་གསར་པ་དོན་འཁྱོལ་བཅས་རང་ངོས་ཀྱི་ལེགས་ཆ་དང་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱས་ནས་ཚན་རིག་དང་མཐུན་པའི་ལམ་བུར་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་མ་ཟམ་མི་ཆད་པ་བཏང་ནས་འགོ་འཛུགས་ས་གསར་པའི་ཐོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་ཡོད། 2016ལོའི་ཟླ་9ཚེས་3ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི(རྒྱ་ཆེའི)ཚོགས་འདུའི་ཐོག་རང་ལྗོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་རྒྱུར་སྐུལ་མ་ཏན་ཏིག་གཏོང་དགོས་པའི”བླང་བྱར་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཡང་དག་ཆུད་པ་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་ནན་ཏན་དང་ལྗང་མདོག་དང་། འཁོར་རྒྱུག ཐཱན་ཉུང་བཅས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་དཔལ་འབྱོར་སྤུས་དག་དང་། ཕན་འཕར། རིམ་སྤོར་བཅས་ཡོང་བ་བྱས་ནས་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་བཏང་ཐོག་དཔལ་འབྱོར་གྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། སྣོད་བཅུད་ཀྱི་ཕན་འབྲས་བཅས་ཐོན་པ་བྱེད་དགོས་ལུགས་བསྟན་གནང་ཡོད། ཁྱད་ལྡན་ལེགས་ཆའི་ཐོན་ལས་དེ་འཕེལ་རྒྱས་ཀྱི“སྒུལ་ཤུགས་གསར་པར”འགྱུར་བཞིན་པ། ཁྱད་ལྡན་ནི་ལེགས་ཆ་ཡིན་ལ་ཕན་འབྲས་དང་འགྲན་ནུས་ཀྱང་ཡིན། བོད་ཀྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ལེགས་ཆ་ནི“ཁྱད་ལྡན”ཞེས་པ་དེ་ཡིན།“ཐོན་ལས་དང་པོ་རིམ་སྤོར་བྱས་ནས་ཁྱད་ལྡན་སྐྱེ་དངོས་ཐོན་ཁུངས་དང་ཞིང་འབྲོག་ལས་ཐོན་རྫས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་ཀྱིས་ཞིང་འབྲོག་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ཧུར་ཐག་དང་ཐོན་ལས་ཅན་གྱི་གཉེར་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ་དང་། ཐོན་ལས་གཉིས་པ་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཞིང་འབྲོག་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་སུ་བཏང་ཐོག་ནུས་རྒྱུ་དང་གཏེར་ལས་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་མི་རིགས་ལག་ཤེས་བཟོ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས་ས་མཐོའི་ཁྱད་ལྡན་བཟའ་བཅའ་དང་། ཁྱད་ལྡན་སྨན་རྫས། ཁྱད་ལྡན་འཐུང་བྱ་བཅས་ཐོན་ལས་ཅན་དུ་འགྱུར་རྒྱུར་སྐུལ་མ་མྱུར་པོ་གཏོང་བ་དང་། བཟོ་ལས་འཕེལ་རྒྱས་གཞི་ཁྱོན་ཅན་དང་ཆུ་ཚད་དུ་སླེབས་རྒྱུར་སྐུལ་མ་གཏོང་བ། ཐོན་ལས་གསུམ་པ་རྒྱ་སྟོབས་ཆེ་རུ་བཏང་ནས་བོད་ཀྱི་ཕུན་སུམ་ཚོགས་ལ་ཁྱད་ཆོས་མངོན་གསལ་ལྡན་པའི་རང་བྱུང་དང་། སྣོད་བཅུད། རིག་གནས་བཅས་ཀྱི་ཐོན་ཁུངས་གང་ལེགས་སྤྱད་དེ་ཁྱད་ལྡན་ཡུལ་སྐོར་ལས་རིགས་དང་རིག་གནས་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་བ་རེད”ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན“དམིགས་བསལ་ལེགས་ཆ་འདོན་སྤེལ་དང་ས་མཐོའི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ”བྱ་རྒྱུར་དམིགས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཁྱད་ལྡན་ཞིང་འབྲོག་ལས་དང་། གཏེར་ཐོན། ནུས་རྒྱུ། བོད་ལུགས་གསོ་རིག་དང་བོད་སྨན། ཡུལ་སྐོར། རིག་གནས། མི་རིགས་ལག་ཤེས་བཟོ་ལས་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེད་སྲིང་དང་རྒྱ་སྟོབས་ཆེ་རུ་བཏང་ནས་ཅུང་སྐད་གྲགས་ཆེ་བའི་ས་མཐོའི་ཁྱད་ལྡན་སྤུས་རྟགས་ཁག་གཅིག་ཧུར་ཐག་གཏོད་དགོས་ལུགས་ཁ་གསལ་བཏོན་ཡོད། ད་ཆ་ཁྱད་ལྡན་ལེགས་ཆའི་ཐོན་ལས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པར་གྱུར་ནས་ས་མཐོའི་ཁྱད་ལྡན་ཐོན་རྫས་དེ་བས་མང་བ་འཛམ་གླིང་ཕྱོགས་སུ་སྐྱོད་བཞིན་ཡོད་ལ་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བ་དེ་བས་མང་བ་བོད་དུ་ཡོང་བཞིན་ཡོད། “བོད་ཀྱི་ཆུ་བཟང་འཛམ་གླིང་གིས་མཉམ་སྤྱོད་བྱེད”རང་སྐྱོང་ལྗོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེད་སྲིང་བྱ་རྒྱུ་དེ་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་སྒྱུར་མགྱོགས་སུ་གཏོང་བ་དང་རང་ངོས་འཕེལ་རྒྱས་གཏོང་ནུས་ཆེ་རུ་གཏོང་བའི་ཐབས་ལམ་གལ་ཆེན་ལ་བརྩིས་ནས་རང་བྱུང་འཐུང་ཆུའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ཐོན་ནུས་ཏུན་ཁྲི་300ལས་བརྒལ་བ་དང་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་རེད། “བོད་ཀྱི་ཆུ་བཟང”གི་སྤུས་རྟགས་སྐད་གྲགས་ཆོད་ཚད་མགྱོགས་མྱུར་ཆེ་རུ་ཕྱིན་ནས་སྤུས་རྟགས་གཏེར་ཆུ་མང་དག་ཅིག་ལ་རྒྱལ་སྤྱིའི་བྱ་དགའ་ཆེན་པོ་ཐོབ་ཡོད་པ་རེད། བོད་ལུགས་གསོ་རིག་དང་བོད་སྨན་དང་། མི་རིགས་ལག་ཤེས་བཟོ་ལས། བཟའ་འཐུང་ལས་རིགས། འཛུགས་སྐྲུན་རྒྱུ་ཆའི་ལས་རིགས་བཅས་འཕེལ་རྒྱས་མྱུར་པོ་བྱུང་ཡོད། ནས་ཀྱི་ཨ་རག་རྒྱལ་ནང་གི་ཁྲོམ་རའི་ཐོག་བཏོན་པ་མ་ཟད། 5100འཁྱག་རོམ་གཏེར་ཆུ་རྒྱལ་སྤྱིའི་ཁྲོམ་རའི་ཐོག་བཏོན་པ་དང་ས་མཐོའི་འབྲིའི་འོ་མ་རྒྱལ་ཁབ་ལྗིད་འདེགས་རུ་ཁག་གིས་སྤྱོད་པ་སོགས་བོད་ཀྱི་ཁྱད་ལྡན་ཐོན་ལས་དེ་བས་མང་བ་རྒྱལ་ཡོངས་དང་འཛམ་གླིང་གི་ཕྱོགས་སུ་སྐྱོད་དེ་ཁྱད་ལྡན་ལེགས་ཆའི་ཐོན་ལས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པར་གྱུར་བཞིན་ཡོད། ནུས་ཤུགས་ཡོད་རྒུས“འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ”བཏོད་པ། “མཁའ་དབྱིངས་ཀྱི་བོད་ལྗོངས་དེ་ཙམ་ཐག་རིང་པོ་མེད་ལ་མི་ཡུལ་གྱི་ཤམ་བྷ་ལ་མིག་མདུན་དུ་ཡོད”འཛམ་གླིང་ཐོག་མཐོང་དཀོན་པའི་དག་ཞིང་ཡིན་པའི་ཕོ་བྲང་པོ་ཏ་ལ་དང་ཇོ་མོ་གླང་མ་སོགས་ཀྱི་རང་བྱུང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཡུལ་སྐོར་ཐོན་ཁུངས་དང་དེ་བཞིན་དམིགས་བསལ་ཁྱད་ཆོས་ལྡན་པའི་གངས་ལྗོངས་རིག་གནས་ལས་བོད་ལྗོངས་འདི་ཉིད་འཛམ་གླིང་ཐོག་སྐྱེ་བོ་ཀུན་གྱིས་ཡིད་སྨོན་བྱེད་སའི་ཡུལ་སྐོར་གནས་མཆོག་ཏུ་གྱུར་ཡོད། དུས་ཡུན་རིང་པོའི་ནང་ཀྲུང་དབྱང་གིས་བོད་ཀྱི་ཡུལ་སྐོར་ཐད་ནོར་སྲིད་དང་། ཁྲལ་གྲོན། ཤེས་ལྡན་མི་སྣ་སོགས་ཀྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད། “འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ”གཏོད་རྒྱུར་དམིགས་ནས་རང་སྐྱོང་ལྗོངས་ཀྱིས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ཡུལ་སྐོར་ཐོན་རྫས་གསར་པ་གསར་སྤེལ་བྱས་པ་དང་ཡུལ་སྐོར་རིམ་སྤོར་ཧུར་ཐག་བྱས་ཏེ“རི་མཐོ་དང་། གངས་ལྗོངས། ཉི་འོད། བོད་ཀྱི་རིག་གནས”བཅས་ཀྱི་ཡུལ་སྐོར་སྤུས་རྟགས་ཧུར་ཐག་བཏོད་པ་དང་། ཡར་ཀླུང་གཙང་པོའི་གྲོག་རོང་ཆེ་མོ་དང་། གནས་ཡུལ་ལུང་ཤུར། ཀླུ་ནང་ནགས་ཚལ། གནམ་མཚོ། རྩྭ་མདའི་ས་ཚལ་སོགས་མཚོན་བྱེད་དུ་བྱས་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཁྱབ་གདལ་བཏང་བ། ཕོ་བྲང་པོ་ཏ་ལ་དང་གཙུག་ལག་ཁང་A5རིམ་པའི་མཛེས་ལྗོངས་ཁུལ་ལ་རིམ་སྤོར་བྱས་པ། དངོས་ལྗོངས་ཟློས་གར《ཝུན་ཤིང་ཀོང་ཇོ》རྒྱུན་རྣམ་ཅན་གྱི་ཚོང་ལས་འཁྲབ་སྟོན་ལ་འགྱུར་བ་བཅས་རེད། ལྗོངས་ཡོངས་ཀྱི་ས་ཁུལ་ཁག་གིས་དམངས་ཁྲོད་དུས་ཆེན་གྱི་ཡུལ་སྐོར་དང་རིག་གནས་ཡུལ་སྐོར་ཐོན་རྫས་ཁྱབ་གདལ་དང་སྤུས་རྟགས་མཐོ་རུ་བཏང་བ་དང་བསྟུན་ནས་ཡུལ་སྐོར་ཐོན་རྫས་དེ་བས་སྣ་མང་ཕུན་སུམ་ཚོགས་སུ་ཕྱིན་པ་དང་རྒྱལ་སྤྱིའི་ཐོག་སྐད་གྲགས་ཆོད་ཚད་ཉིན་རེ་བཞིན་ཆེ་རུ་ཕྱིན་ཏེ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་མྱུར་བའི་དུས་ཚོད་ཡག་ཤོས་བསུ་བཞིན་ཡོད། འགྲིམ་འགྲུལ་དང་ནུས་རྒྱུ་སོགས་རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཕྱིན་པ་དེས་གངས་ལྗོངས་ས་མཐོར་གནས་པའི་བོད་ལྗོངས་ཀྱི་ངོ་མཚར་ཁེབས་རས་རིམ་བཞིན་ཕྱེ་བ་དང་ཡུལ་སྐོར་བ་ཁྲི་སྟོང་མང་པོ་བོད་དུ་ཡུལ་སྐོར་ལ་ཡོང་རྒྱུའི་ཡིད་དབང་བཀུག་ཅིང་། འདི་ལོའི་ཟླ་དང་པོ་ནས་དགུ་པའི་བར་ཡུལ་སྐོར་བ་མི་ཐེངས་ཁྲི་2100ལ་སྣེ་ལེན་ཞུས་ནས་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་287ཟིན་པ་དེ་དུས་མཚུངས་ལས་25.9%འཕར་ཡོད། འགྲིམ་འགྲུལ་ལམ་ཐིག་རིམ་བཞིན་ཤར་གཏོང་ཐུབ་པ་དང་སྦྲགས་དེང་རབས་ཡུལ་སྐོར་ཞབས་ཞུའི་ལས་རིགས་ཀྱིས་སྲོལ་རྒྱུན་ཞིང་འབྲོག་ལས་ཀྱི་ཚབ་བྱས་ནས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་སྒུལ་ཤུགས་ནུས་ལྡན་དུ་གྱུར་ཡོད། 2014ལོའི་ཟླ་བ་དགུ་པ་ནས་བཟུང“མི་ཡུལ་གྱི་གནས་མཆོག མཁའ་དབྱིངས་ཀྱི་བོད་ལྗོངས”བརྗོད་བྱ་གཙོ་བོར་བྱེད་པའི་སྐབས་དང་པོའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་གནས་མཆོག་ལྷ་སར་འགོ་ཚུགས་ཤིང་། སྐབས་དང་པོའི་བོད་ལྗོངས་འགྲེམས་ཚོགས་གྲུབ་འབྲས་ཐོབ་པའི་ངང་འཚོགས་པ་དེས་སྐྱེ་འགྲོ་ཀུན་ལ་བོད་ཀྱི་གཟུགས་བརྙན་གསར་པ་དང་རྣམ་པ་གསར་པ་མངོན་པའི་སྐར་ཁུར་ཞིག་ཕྱེ་བ་དང་དུས་མཚུངས་འོས་སྦྱོར་དང་སྤེལ་རེས་དང་བོད་ལྗོངས་ཡུལ་སྐོར་རིག་གནས་ཀྱི་རིམ་སྤོར་རྣམ་པ་གཏོད་ཆེད་མཐོ་རིམ་སྟེགས་བུ་ཞིག་བསྐྲུན་ཡོད། 2016ལོའི་སྐབས་གསུམ་པའི་བོད་ལྗོངས་འགྲེམས་ཚོགས་ཀྱི་ཚོང་འགུགས་མ་འདྲེན་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་དང་མ་འཇོག་རྣམ་གྲངས་146ལ་མིང་རྟགས་བཀོད་པ་མ་ཟད་གན་རྒྱའི་མ་འཇོག་སྒོར་དུང་ཕྱུར་1084.3ཟིན་ཡོད། རྣམ་གྲངས་ནང་ས་མཐོའི་འཐུང་ཆུ་དང་། ཁྱད་ལྡན་གཏེར་ཁའི་ཐོན་ལས། ཁྱད་ལྡན་སྐྱེ་དངོས་ཚན་རྩལ། ཁྱད་ལྡན་ཡུལ་སྐོར། ཞིང་ལས་ཐོན་རྫས་སོགས་ཚུད་ཡོད། བོད་ཀྱིས་ལྷ་ས་རྒྱལ་སྤྱིའི་ཡུལ་སྐོར་གྲོང་ཁྱེར་དང་ཉིང་ཁྲི་སྣོད་བཅུད་ཡུལ་སྐོར་ཁུལ་ཆེན“ཡུལ་སྐོར་གྱི་ལྟེ་བའི་གྲོང་ཁྱེར་གཉིས”བསྐྲུན་རྒྱུར་དམིགས་ནས་ཇ་རྟའི་གནའ་ལམ་དང་། ཐང་བོད་གནའ་ལམ། ཤིན་བོད་དང་ཀྲུང་གོ་དང་ནེ་པ་ལའི(རྒྱ་གར)ཡུལ་སྐོར་རིག་གནས་བར་ཁྱམས་བཅས“ཡུལ་སྐོར་རིག་གནས་བར་ཁྱམས་བཞི”བཏོད་པ་དང་། ལྷ་ས་དང་། གཞིས་རྩེ། ལྷོ་ཁ་བཅས་ལོ་རྒྱུས་རིག་གནས་ཡུལ་སྐོར་ཁུལ་བཏོད་པ། ཉིང་ཁྲི་ནགས་ཚལ་སྣོད་བཅུད་ཡུལ་སྐོར་ཁུལ་དང་། ཆབ་མདོ་ཤམ་བྷ་ལ་ཡུལ་སྐོར་ཁུལ། མངའ་རིས་གནས་རི་ལྷ་མཚོའི་གུ་གེའི་གནའ་ཤུལ་ཡུལ་སྐོར་ཁུལ། ནག་ཆུའི་བྱང་རྩྭ་ཐང་སྣོད་བཅུད་ཡུལ་སྐོར་ཁུལ་བཅས“ཡུལ་སྐོར་ཐོན་རྫས་གཅིག་སྡུད་ཁུལ་ལྔ”བཏོད་པ། ཤར་སྐོར་ལམ་ཐིག་དང་། ཤར་སྐོར་ཆེ་མོའི་ལམ་ཐིག ནུབ་སྐོར་ལམ་ཐིག ནུབ་སྐོར་ཆེ་མོའི་ལམ་ཐིག ལྷོ་སྐོར་ལམ་ཐིག བྱང་སྐོར་ལམ་ཐིག་བཅས“ཡུལ་སྐོར་གྱི་སྤུས་རྟགས་ལམ་ཐིག་དྲུག”གི་འཐབ་ཇུས་བཀོད་སྒྲིག་བྱས་ནས་འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་གཏོད་པའི་གོམ་སྟབས་བརྟན་པོ་ཞིག་སྤོས་ཡོད། སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱིས་གནས་བབ་གལ་ཆེན་བཟུང་བ། བོད་ཀྱི་དཔལ་འབྱོར་ལོ་ཤས་བསྟུད་མར་འཕེལ་རྒྱས་ཕྱིན་པ་དང་སྦྲགས་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་སྟོབས་ཆེར་འགྲོ་བཞིན་ཡོད། “ཆབ་སྲིད་ཐད་བློས་འགེལ་བ་དང་། བསམ་བློའི་ཐད་བཀག་རྒྱ་གློད་པ། སྲིད་ཇུས་ཐད་ལྷུག་ཏུ་གཏོང་བ། འཕེལ་རྒྱས་ཐད་བློ་ཁོག་ཆེན་པོ་བྱེད་པ། ལས་ཀའི་ཐད་སྲབ་མདའ་གློད་པ”བཅས་དང“མ་གནས་མེད་པའི་ཐོ་འགོད་དང་། ཁྲལ་ཡང་བ། འདེགས་སྐྱོར་ཆེ་བ། ཞིབ་བཤེར་ཉུང་བ། སྐུལ་ལྕག་ལ་མཐོང་ཆེན”བཅས་བྱས་ཡོད། 2011ལོར་འཚོགས་པའི་ལྗོངས་ཡོངས་ཀྱིས་དུས་སྐབས་གསར་པའི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བ་དང་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཚོགས་ཆེན་ཐོག་བོད་ཀྱིས་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ལས་ཀའི་བསམ་ཕྱོགས་གསལ་པོ་བཟོས་ཡོད། དེ་རྗེས《སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ལྷན་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བསམ་འཆར》བཏོན་པ་དང་དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་པ་སྟེ། སྲིད་ཇུས་དང་། མ་དངུལ། ཤེས་ལྡན་མི་སྣ། རྨང་གཞི། ཁོར་ཡུག མཚན་སྙན་བཅས་ཀྱིས་རྒྱབ་སྐྱོར་བྱ་ཤུགས་ཆེ་རུ་གཏོང་བ་དང་དངུལ་རྩའི་སྒྲིག་གཞིས་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་ཁེ་ལས་དང་སྒེར་གཉེར་ཚོང་དུད་ལ་ཡིད་རྟོན་དངུལ་བུན་གཏོང་རྒྱུར་གཟིགས་སྐྱོང་བྱེད་པ་དང་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་བྱ་གཞག་གསར་གཏོད་ཀྱི་མ་དངུལ་བཏོན་ནས་བྱ་གཞག་གསར་གཏོད་མཁན་ལ་ཁྲོམ་ར་རྒྱ་ཆེར་གཏོད་རྒྱུའི་ལྕག་སྐུལ་བྱས་ཡོད། འདི་ལོའི་ལོ་སྟོད་བར་ལྗོངས་ཡོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ཁྲོམ་རའི་བྱེད་པོའི་དུད་ཚང་ཁྲི་16.79ཟིན་པ་དང་། དཔལ་འབྱོར་སྤྱི་འབོར་གྱིས་ལྗོངས་ཡོངས་ཀྱི་ཁྲོམ་ར་ཁག་གི་བྱེད་པོའི་96.95%བཟུང་བ། ཐོ་འགོད་མ་རྩ་སྒོར་དུང་ཕྱུར་3900ལས་བརྒལ་ཡོད། 2015ལོར་ལས་ཞུགས་ལས་གནས་ཁྲི་86.17མཁོ་འདོན་བྱས་པ་དེ་2010ལོ་ལས་ཁྲི་52.67འཕར་བ་དང་དུས་མཚུངས་ཐོན་ལས་གཉིས་པ་དང་གསུམ་པའི་ལས་ཞུགས་བསྡུར་ཚད་50%ལས་བརྒལ་ནས་གྲོང་ཁྱེར་དང་གྲོང་རྡལ་དང་། ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མར་ལས་ཞུགས་ལས་གནས་གཏོད་པའི་ཐབས་ལམ་གལ་ཆེན་དུ་གྱུར་ཡོད། བོད་འདི་ཉིད་ཁེ་ལས་ཀྱི་རྒྱུ་ནོར་འཕེལ་ས་དང་ཁེ་ཕན་ཐོབ་སའི“རིན་ཐང་གི་གཤིན་ས”ཞིག་ཏུ་འགྱུར་བཞིན་ཡོད། ནས་ཆང་དང་། ཇ་སྲུབས་མ། ཁ་བཏགས་བཅས་ནི་བོད་ཀྱི་རིག་གནས་ཀྱི་དཔེ་མཚོན་མཚོན་བྱེད་ཡིན་ཞིང་། དེ་དག་ལས་བོད་ཀྱི་མི་རིགས་ཁག་གི་མི་དམངས་སེམས་རྩ་འཁོལ་བ་དང་བློ་བག་ཡངས་པོ་ཡོད་པ་གང་ལེགས་མཚོན་ཐུབ། ཉེ་བའི་ལོ་ཤས་རིང་། ས་གནས་དེ་རང་གི་ཁྱད་ཆོས་ལྡན་པའི་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་མང་དག་ཅིག་འཕེལ་རྒྱས་མྱུར་པོ་བྱུང་ནས་ཁྲོམ་རའི་འཇུར་མིག་མེད་པ་བཟོས་ཡོད། ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་གནས་པའི་བོད་ལྗོངས་ཐེན་ཡིའུ་ཏེ་ནས་ཆང་ལས་རིགས་ལ་དུས་ཐུང་ལོ་གཉིས་ཀྱི་འཛུགས་སྐྲུན་དང་ཐོན་སྐྱེད་ཁྲོད་ལོ་རེར་ཆ་སྙོམས་ཕྱིར་ཚོང་ཡོང་འབབ་སྒོར་དུང་ཕྱུར་2.7བྱུང་བའི་ནང་ཁེ་སྤོགས་སྒོར་དུང་ཕྱུར་1.1བྱུང་བ་དང་། ཁྲལ་དངུལ་སྒོར་ཁྲི་4200བྱུང་བ། ས་གནས་དེ་གའི་མང་ཚོགས་107ལས་ཞུགས་ཐུབ་པ་བཅས་བྱུང་ཡོད། |
|
|||||||||||
| |||||||||||