སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞིས་ཅིན་ཕིང་སི་ཁྲོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།
སྤེལ་དུས། 2017-03-09   ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།   རྩོམ་སྒྲིག་པ།  སྐལ་བཟང་བདེ་སྐྱིད།
  ཀྲུང་དབྱང་རླུང་འཕྲིན་ཁང་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་8ཉིན་ནི་གསུམ་བརྒྱད་རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་ཡིན་ཞིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ཉིན་དེ་རང་དུ་སི་ཁྲོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་གནང་སྐབས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་གཉིས་ལ་ཞུགས་མཁན་བུད་མེད་འཐུས་མི་དང་བུད་མེད་ཨུ་ཡོན། བུད་མེད་ལས་དོན་པ་བཅས་དང་། རྒྱལ་ཡོངས་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད་སྤུན་ཟླ་རྣམས་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་ཞུས་གནང་ཡོད་པ་རེད།
  ཞིས་ཅིན་ཕིང་གིས། སི་ཁྲོན་གྱི་ལོ་གཅིག་རིང་གི་ལས་ཀར་ཁས་ལེན་གང་ལེགས་གནང་རྗེས། ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བསྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་དབུལ་གྲོལ་འགག་གཏོར་ལ་རྒྱལ་ཁ་ལེན་ཐུབ་པ། གསར་སྐྲུན་གསར་གཏོད་ཏན་ཏིག་ངང་སྤེལ་བ་བཅས་བྱས་ནས། སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་སྐྱེ་ཁམས་ཤིག་འཛུགས་དགོས་པ་དང་། འཕར་སྣོན་བརྟན་པོ་དང་བསྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་པ། ཉེན་ཁ་འགོག་པ་བཅས་ཀྱི་ལས་དོན་ཁག་གཅིག་གྱུར་ཐོག་ཡག་པོ་བྱེད་དགོས་ཞེས་ནན་བཏོན་གནང་ཡོད་པ་དང་།
  ཞིས་ཅིན་ཕིང་གིས། ཞིང་ལས་ལ་མཐོང་ཆེན་བྱེད་པ་དང་། ཞིང་ལས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་ནི་སྔར་ནས་བཟུང་རྩ་བ་བརྟན་པོ་དང་མང་ཚོགས་བདེ་འཁོད་ཀྱི་གཙོ་གནད་དེ་ཡིན། རང་རྒྱལ་གྱི་ཞིང་ལས་དང་གྲོང་གསེབ་གོང་འཕེལ་དེ་ལོ་རྒྱུས་ཀྱི་དུས་མཚམས་གསར་པར་སླེབས་ཡོད།
  ཞིང་ལས་ཀྱི་འགལ་ཟླ་གཙོ་བོ་དེ་སྤྱི་འབོར་མི་འདང་བ་ནས་གྲུབ་ཆའི་རང་བཞིན་གྱི་འགལ་ཟླར་གྱུར་བ་དང་། འགལ་ཟླའི་གཙོ་བོའི་ཕྱོགས་དེ་མཁོ་སྤྲོད་ཕྱོགས་ལ་གནས་ཡོད་པས། ངེས་པར་དུ་ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཞིང་ལས་དང་གྲོང་གསེབ་གོང་འཕེལ་གྱི་འགུལ་ནུས་གསར་པ་གསོ་སྤེལ་མགྱོགས་པོ་བྱེད་པ། ཞིང་ལས་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་གཏོད་དགོས། ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བསྒྱུར་བཅོས་ཀྱི་གཙོ་གནད་དེ་ཁྲོམ་རའི་དགོས་མཁོའི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཞིང་ལས་མཁོ་སྤྲོད་ཀྱི་སྤུས་ཚད་ཡག་ཏུ་གཏོང་བ། རྒྱུན་མཐུད་གོང་འཕེལ་ལ་མཐོང་ཆེན་བྱེད་དགོས་ཤིང་། སྦག་མེད་དང་སྐྱེ་ལྡན། གནོད་འཚེ་མེད་པ་བཅས་ཀྱི་ཞིང་ལས་ཐོན་རྫས་ཡིན་ཚེ། དུས་ནམ་ཡང་མི་རྣམས་ཀྱི་དགོས་མཁོ་སྐོང་ཐུབ་ཅེས་གསུངས་ཡོད།
  ཞིས་ཅིན་ཕིང་གིས། སྤྱི་ལོ་2020ལོར་སླེབས་དུས། ད་ལྟའི་ཚད་གཞིའི་འོག་གི་གྲོང་གསེབ་དབུལ་ཕོངས་མི་འབོར་ཆ་ཚང་དབུལ་གྲོལ་ཐུབ་རྒྱུ་དང་། དབུལ་ཕོངས་རྫོང་ཚང་མས་དབུལ་ཕོངས་ཀྱི་ཞྭ་མོ་འབུད་རྒྱུ་ནི་རང་རེའི་ཏང་གིས་བཞག་པའི་ཁས་ལེན་དམ་བཅའ་ཞིག་ཡིན། ཕྱིན་ཆད་དབུལ་གྲོལ་འགག་གཏོར་གྱི་དཀའ་ངལ་ཇེ་ཆེར་འགྲོ་གི་ཡོད་པས། འགན་འཁྲི་དེ་བས་ཆེ་རུ་གཏོང་བ་དང་དེ་བས་ཀྱང་གནད་འཕིགས་ལག་བསྟར་དང་ལས་ཀ་ཞིབ་ཚགས་བྱེད་དགོས་ཞེས་བསྟན་གནང་བ་དང།
  ཞིས་ཅིན་ཕིང་གིས། སུ་ཞིག་ལ་ཟུར་སྐྱོར་བྱེད་པ་དང་སུ་ཞིག་གིས་ཟུར་སྐྱོར་བྱེད་པ། གང་འདྲ་བྱས་ནས་ཟུར་སྐྱོར་བྱེད་པ། གང་འདྲ་བྱས་ཏེ་ཕྱིར་འཐེན་བྱེད་པ་བཅས་ཚང་མ་གནད་ལ་འཕིགས་པ་བྱེད་དགོས་པ་དང་། རེ་འགར་ནུས་ཤུགས་ཆེན་པོ་འདོན་དགོས། བརྟན་པོའི་ངང་དབུལ་གྲོལ་བྱེད་པའི་ཡུན་རིང་སྒྲིག་གཞི་འཐུས་སྒོ་ཚང་དུ་བཏང་ནས། དབུལ་སྐྱོར་ལས་ཀའི་ནང་གི་ཕྱི་ཚུལ་རིང་ལུགས་སེམས་ཐག་གཙང་བཅད་ཀྱིས་བཀག་འགོག་བྱེད་དགོས་ཞེས་ནན་བཏོན་གནང་ཡོད་པ་རེད།
  དབུལ་གྲོལ་འགག་གཏོར་ནང་། རྫུན་ཞུ་དང་སྦ་གསང་བྱེད་པའི་གནས་ཚུལ་དང་། རྩིས་ཁྲ་རྫུན་མ་བཟོས་ནས་མ་དངུལ་ལེན་ཐབས་བྱེད་པ། འགན་གནས་དང་ལས་ཀའི་སྟབས་བདེ་སྤྱད་ནས་དགའ་ཉེ་སྤུན་མཆེད་ལ་གཟིགས་སྐྱོང་བྱེད་པ། དབང་ཆར་བརྟེན་ནས་སྒེར་དོན་སྒྲུབ་པ་བཅས་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱེད་དགོས་ཞེས་གསུངས་པ་དང་།
  ཞིས་ཅིན་ཕིང་གིས། ཆབ་སྲིད་སྐྱེ་ཁམས་ནི་རང་རེའི་ཏང་དོ་དམ་དང་བཅོས་སྐྱོང་ནུས་ལྡན་བྱུང་ཡོད་མེད་ཀྱི་ཚད་གཞི་གལ་ཆེན་ཞིག་ཡིན། སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་སྐྱེ་ཁམས་བསྐྲུན་རྒྱུ་ནི་ཡུན་རིང་གི་ལས་ཀ་ཞིག་ཡིན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ། ཏང་ཡོན་དང་ལས་བྱེད་པས་ཕུགས་བསམ་དད་སེམས་བརྟན་དུ་གཏོང་བའི་སློབ་གསོ་གཏོང་དགོས་པ་དང་། འདུ་ཤེས་བཞི་བརྟན་པོར་བཙུགས་ནས། རང་རྟོགས་ངང་བསམ་བློ་དང་ཆབ་སྲིད་བྱ་སྤྱོད་བཅས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་ལ་སེམས་ཐག་གཙང་བཅད་ཀྱིས་སྲུང་སྐྱོབ་བྱེད་དགོས་ཞེས་བསྟན་གནང་བ་དང་།
  རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་ཚད་གཞི་འགའ་ཞིག་ཅེས་པ་དང་ལྟ་སྐུལ་སྲོལ་ཡིག་ཅེས་པ་ལག་བསྟར་བྱས་ནས། དབང་ཆ་བེད་སྤྱོད་བྱེད་པའི་ཁ་ཕྱོགས་ཡག་པོ་འཛིན་ཐུབ་པ་དང་། སྤྱོད་གཙང་གི་བདེ་འཇགས་འཆིང་ཐག་ཡག་པོ་བཅིངས་ནས་དགེ་སྤེལ་སྐྱོན་སྤང་བྱེད་པ་དང་། རང་རྟོགས་ངང་སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་སྐྱེ་ཁམས་འཛུགས་ཆེད་འགན་འཁྲི་ཁུར་བ་དང་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་གནང་ཡོད་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716