སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཕྱི་རྒྱལ་གྱི་སྨྱན་ལམ་དུ་འཁོད་པའི་ཀྲུང་གོའི་ཚོགས་འདུ་གཉིས།
སྤེལ་དུས། 2017-03-10   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བློ་ཕུན་གྱིས་བསྒྱུར།
  དབྱིན་ཇིའི《སྲུང་ཚགས》ཀྱིས་ཀྲུང་གོའི་ཚོགས་འདུ་གཉིས་ཀྱི་སྐོར་སྙན་སྒྲོག་བྱེད་སྐབས། ལོ་ལྟར་ཀྲུང་གོའི་ཚོགས་འདུ་གཉིས་ཀྱི་སྐབས་སུ་རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་ཚན་པ་མང་པོས་གཞི་ཁྱོན་ཆེ་བའི་དོ་སྣང་བྱེད་པ་དང་། འདི་ལོར་ཀྲུང་གོའི་ཚོགས་འདུ་གཉིས་ཀྱི་ཐོག་ཏུ་འཛམ་གླིང་རྒྱལ་ཁབ་ཁག་གི་གསར་འགོད་པ1500ལྷག་བཅར་འདྲི་དང་སྙན་སྒྲོག་བྱེད་པར་སླེབས་ཡོད་འདུག ཀྲུང་གོའི“ཚོགས་འདུ་གཉིས་ཀྱི་དུས་ཚོད”ཧ་ལམ་འཛམ་གླིང་གི“ཚོགས་འདུ་གཉིས་ཀྱི་དུས་ཚོད”ལྟ་བུར་ཆགས་ཟིན།“ཚོགས་འདུ་གཉིས་ཀྱི་ཐོག་ཏུ་ཀྲུང་གོའི་རྒྱལ་ནང་གི་དོན་ཆེན་གཅིག་པུར་དོ་སྣང་བྱེད་པ་ཙམ་མིན་པར། དེར་རྒྱལ་སྤྱིའི་ཤུགས་རྐྱེན་ངེས་ཅན་ཡོད་ལ། གོ་ལའི་ལས་དོན་སོགས་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད”ཅེས་དང་།“འཛམ་གླིང་ནས་པེ་ཅིང་གིས་དབུ་ཁྲིད་ཀྱི་ནུས་པ་འདོན་རྒྱུར་རེ་སྒུག་བྱེད་བཞིན་མཆིས”ཅེས་སམ།“ཀྲུང་གོ་ཉིད་འཛམ་གླིང་དཔལ་འབྱོར་གྱི་ལམ་པ་ཆགས་སྲིད”ཅེས་པ་སོགས་ཀྱི་ལྟ་ཚུལ་ནི་རྒྱལ་སྤྱིའི་སྨྱན་སྦྱོར་ཚན་པ་མང་པོའི་ཐུན་མོང་གི་སྐད་ངག་ཡིན་པ་རེད།
  “འཛམ་གླིང་ནས་པེ་ཅིང་གིས་དབུ་ཁྲིད་ཀྱི་ནུས་པ་འདོན་རྒྱུར་རེ་སྒུག་བྱེད་བཞིན་མཆིས།”
  སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་དུ་ནན་བཤད་གནང་བར། འཛམ་གླིང་གི་ཆབ་སྲིད་དང་དཔལ་འབྱོར་གྱི་གནས་སྟངས་གཞི་རྩའི་ཐོག་ནས་འགྱུར་བ་འགྲོ་བཞིན་པའི་འོག་ཏུ། ཀྲུང་གོས་སྔ་བར་ཕྱི་གསུམ་དུ་ཞི་བདེ་དང་བརྟན་ལྷིང་གི་ཕྱོགས་སུ་འགྲེང་བ་དང་། འདྲ་མཉམ་དང་བཏང་སྙོམས་ཀྱི་ཕྱོགས་སུ་འགྲེང་བ་བཅས་ཀྱིས། འཛམ་གླིང་ཞི་བདེ་ཡི་འཛུགས་གཉེར་པ་དང་། གོ་ལའི་འཕེལ་རྒྱས་ཀྱི་ལེགས་སྐྱེས་པ། རྒྱལ་སྤྱིའི་སྒྲིག་ལམ་གྱི་སྲུང་སྐྱོང་པ་བཅས་བྱ་རྒྱུའི་ལང་ཕྱོགས་སྲིད་ཇུས་འགྲེལ་རྗོད་བྱས་ཡོད། དབྱིན་ཇིའི《སྲུང་ཚགས》ཀྱིས་དེ་དོན་སྙན་སྒྲོག་བྱས་པ་ཙམ་མ་ཟད། ཆེད་མཁས་ཀྱི་ལུང་ཚིག་དྲངས་ཏེ་ཀྲུང་གོས་གཏིང་ཟབ་ངང་ནས་གོ་ལའི་བདག་སྐྱོང་གི་དུས་རིམ་ལ་མཉམ་ཞུགས་བྱ་རྒྱུར་དགའ་བསུ་ཞུ་བའི་རྣམ་འགྱུར་མཚོན་པར་བྱས་ཤིང་། མིག་སྔའི་རྒྱལ་སྤྱིའི་གནས་བབ་འོག་ཏུ་ཀྲུང་གོར་གོ་ལའི་ལས་དོན་ལ་མཉམ་ཞུགས་བྱ་རྒྱུའི་གོ་སྐབས་དང་བར་སྟོང་གང་བས་མང་བ་གཏོད་ཡོད་ཅིང་། ཉོ་ཚོང་དང་འབྱུང་ཁམས་ཀྱི་འགྱུར་བའི་གནད་དོན་ཐོག་ཏུ“འཛམ་གླིང་ནས་པེ་ཅིང་གིས་དབུ་ཁྲིད་ཀྱི་ནུས་པ་འདོན་རྒྱུར་རེ་སྒུག་བྱེད་བཞིན་མཆིས”ཞེས་ཟེར།
  མིག་སྔར་འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་ཉམ་ཐག་པའི་གནས་སྟངས་སྔར་བཞིན་རྒྱུན་སྲིང་བཞིན་མཆིས་ཏེ།“གོ་ལ་ཅན་ལ་རྒྱབ་གཏོད”ཀྱི་བསམ་སྦྱོར་དང་མཁྲིགས་འཛིན་རིང་ལུགས་ཀྱི་ལྟ་བའི་མགོ་འཕང་བསྟོད་བཞིན་མཆིས། དེ་བས་ཀྲུང་གོས་དཔལ་འབྱོར་གོ་ལ་ཅན་ལ་འགྱུར་བའི་གོམ་སྟབས་ལ་སྐུལ་འདེད་དང་། ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ལ་ཁ་གཏད་གཅོག་པའི་ལང་ཕྱོགས་ལ་དགའ་བསུ་ཞུ་བའི་རྒྱལ་ཁབ་ཇེ་མང་དུ་འགྲོ་བཞིན་ཡོད། རྒྱ་གར་གྱི《ལྟ་ཞིབ་ཚགས་པར》གྱིས་བརྗོད་པར། ཀྲུང་གོ་ནི་འཛམ་གླིང་གི་དཔལ་འབྱོར་ཉམས་སད་དང་འཕེལ་རྒྱས་སུ་འགྲོ་བའི་གལ་ཆེའི་ཀ་བ་ལྟ་བུ་ཡིན་ཞིང་། འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་གནད་འགག་གི་སྟོབས་ཤུགས་ཤིག་ཀྱང་ཡིན། དེར་བརྟེན། ཀྲུང་གོའི་ཚོགས་འདུ་གཉིས་ཀྱིས་ས་ཁུལ་སྲུང་སྐྱོབ་རིང་ལུགས་དང་ཉོ་འཚོང་མཁྲིགས་འཛིན་རིང་ལུགས་ལ་ཁ་གཏད་གཅོག་རྒྱུའི་ཐད་ཐབས་ལམ་གསར་པ་དང་ཇུས་གཞི་གསར་པར་བློ་བཀོད་འཐེན་འོས་ཞེས་དང་། ཀྲུང་གོས་མུ་མཐུད་དུ་ས་ཁུལ་གྱི་གྲ་རྒྱས་དང་ཞི་མཐུན། ཞི་བདེའི་ཐོག་ནས་འཕེལ་རྒྱས་འགྲོ་བའི་གོ་རིམ་ཁྲོད་དུ་གསར་སྤེལ་རང་བཞིན་གྱི་ནུས་པ་ཐོན་ངེས་ཞེས་འཁོད་ཡོད་པ་རེད།
  དབྱིན་ཇིའི་རླུང་བརྙན་ཀུང་སིས་ཀྱང་ཀྲུང་གོའི་སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་གི“གོ་ལ་ཅན་ལ་རྒྱབ་གཏོད་བྱེད་པའི”བསམ་བློ་དང་སྲུང་སྐྱོབ་རིང་ལུགས་ཀྱི་ཕྱོགས་འཛིན་ལྟ་བར་དགག་པ་རྒྱག་པའི་ལང་ཕྱོགས་ལ་དོ་སྣང་ཆེན་པོ་བྱས་ཡོད་པ་རེད། ཡོ་རོབ་དང་ཨ་མེ་རི་ཁའི་རྒྱལ་ཁབ་འགའ་རེར་སྲུང་སྐྱོབ་རིང་ལུགས་ཀྱི་ལྟ་བ་ཐོན་རྗེས། ཀྲུང་གོ་སྲིད་གཞུང་ནས་རྙོག་འཛིང་ཆེ་བའི་གནས་བབ་ལ་ཁ་གཏད་གཅོག་རྒྱུར་གྲ་སྒྲིག་ཨང་གསར་བྱས་ཡོད་ཅེས་བརྗོད་བཞིན་ཡོད། ཨེ་རྫི་ཨེ་ཕེར་གྱི《ཀྲུང་གོས་གོ་ལའི་དཔལ་འབྱོར་མཉམ་ལས་བྱ་རྒྱུའི་ཐད་ཀྱི་ཁས་ལེན་གྱི་བསྐྱར་སྒྲོག》ཅེས་པའི་རྩོམ་ཡིག་ནང་དུ་འཁོད་པར།“ཀྲུང་གོས་གོ་ལའི་དཔལ་འབྱོར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་ཁས་ལེན་ལ་འགྱུར་བ་གཏོང་མི་སྲིད་ལ། ཀྲུང་གོས་ཕྱོགས་མང་པོའི་ཉོ་འཚོང་ལམ་ལུགས་ལ་སྐུལ་འདེབས་བྱས་ཏེ། ཕྱོགས་མང་པོའི་ཉོ་འཚོང་གྲོས་མོལ་ཁྲོད་དུ་དགེ་མཚན་ལྡན་པའི་ནུས་པ་ཐོན་སྲིད”ཅེས་བརྗོད་ཡོད།
ཉི་ཌེ་རི་ཨའི《དབུ་ཁྲིད་ཚགས་པར》ཐོག་ཏུ་འཁོད་པར། ཀྲུང་གོས་སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་མ་ལག་ཅིག་འཛུགས་སྐྱོང་བྱེད་བཞིན་ཡོད་ཅིང་། འདིས་ཀྲུང་གོ་ཉིད་གཏིང་ཇེ་ཟབ་དང་ཚད་ཇེ་མཐོའི་སྒོ་འབྱེད་སྲིད་ཇུས་ཀྱི་ཕྱོགས་སུ་སྐུལ་འདེད་གཏོང་ནུས། ཀྲུང་གོས་མུ་མཐུད་དུ་རྒྱལ་སྤྱིའི་ཉོ་འཚོང་དང་མ་འཇོག་སྟབས་བདེ་ཅན་དང་རང་དབང་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་སྟེ། འཛམ་གླིང་དཔལ་འབྱོར་གྱི་ལམ་པ་བྱེད་སྲིད་ཅེས་བརྗོད་ཡོད་དོ།།
 
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716