སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱི་འཐུས་མི་ཚོགས་པས་འཆར་གཞིའི་སྙན་ཞུ་དང་སྔོན་རྩིས་སྙན་ཞུར་གྲོས་ཞིབ་གནང་བ།
སྤེལ་དུས། 2017-03-13   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  རླུང་གཞོན།
  ཟླ3པའི་ཚེས7ཉིན་དང་ཟླ་3པའི་ཚེས8ཉིན་གྱི་སྔ་དྲོར་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པའི་ཐོག་བོད་ལྗོངས་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ནས2016ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་སྐོར་དང་2017ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་ཞུ། 2016ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་མ་ཟིན་སྐོར་གྱི་སྙན་ཞུར་ཞིབ་བཤེར་གནང་བ་རེད།
  བོད་ལྗོངས་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། རྒྱལ་ཡོངས་དམངས་འཐུས་ཆེན་ཚོགས་ཆེན་གྱི་འཐུས་མི། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བྱམས་པ་ཕུན་ཚོགས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། མི་རིགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་པད་མ་འཕྲིན་ལས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། རང་སྐྱོང་ལྗོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་ཚོགས་འདུར་ཞུགས་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་ཚོགས་འདུར་ཟུར་ཞུགས་གནང་བ།  རྒྱལ་ཁབ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་ཏང་ཙུའུ་ཡི་ཧྲུའུ་ཅི་དབྱང་ཁྲོན་ཐང་། ནོར་སྲིད་པུའུ་ཡི་པུའུ་ཀྲང་གཞོན་པ་ལིའུ་ཝེ་སོགས་ཚོགས་འདུར་ཞུགས་ནས་བསམ་འཆར་དང་གྲོས་གཞིར་གསན་པ་རེད།
  ཝུའུ་དབྱིང་ཅེ་དང་བྱམས་པ་ཕུན་ཚོགས། པད་མ་འཕྲིན་ལས། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ། ཡོན་ཏན། ཕུན་ཚོགས། ཨའོ་ལིའུ་ཆོན། ཕུར་བུ་དོན་འགྲུབ། ཨ་བུ། ལིའུ་ཧི་ཧྲན་སོགས་འཐུས་མི་དང་། ཟུར་ཞུགས་པ། ཟུར་ཉན་མི་སྣས་གཏམ་བཤད་གནང་པ་རེད། ལྷན་རྒྱས་ཡོངས་ནས2016 ལོར། རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་རྙོག་འཛིང་ཤིན་ཏུ་ཆེ་བའི་འོག་བློ་མཐུན་ཞིས་ཅིན་ཕིང་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོ་དང་། ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་བརྟན་ཐོག་འཕེལ་རྒྱས་ཀྱི་ལས་ཀའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས། མཁོ་སྤྲོད་ཀྱི་གྲུབ་ཆའི་རང་བཞིན་གྱི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་བཟུང་པ་དང་། སྤྱིའི་དགོས་མཁོ་འོས་འཚམ་སྒོས་ཆེ་རུ་གཏོང་བ།  བློ་བརྟན་འགྱུར་མེད་སྒོས་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ། ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ། སྤྱི་ཚོགས་དཔལ་འབྱོར་བརྟན་བརླིང་བདེ་བླག་ངང་འཕེལ་རྒྱས་བྱུང་ནས“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཡག་པོ་བརྩམས་ནས་རྒྱལ་ཡོངས་མི་དམངས་ལ་རྒྱུགས་འབྲས་ཡག་པོ་ཞིག་དང་རྩིས་ཐོ་ཞིབ་ཕྲ་ཞིག་ཕུལ་ཡོད་ལ། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་ཚུལ་དང་། ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་སྤྱིའི་ཆ་ནས་ལེགས་པོ་ཡིན་པར་ངོས་འཛིན་གནང་ཡོད་པ་རེད།
  ལྷན་རྒྱས་ཡོངས་ནས2017ལོའི་འཆར་གཞིའི་འཆར་ཟིན་དང་སྔོན་རྩིས་འཆར་ཟིན་དུ་བཏོན་པའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་སྤྱིའི་བླང་བྱ་དང་སྔོན་དཔག་གི་དམིགས་འབེན་གཙོ་བོ་ནི་དོན་ཐོག་འཁྱོལ་ངེས་ཤིང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དེ་རྒྱུན་རྣམ་གསར་པར་སླེབས་པའི་ཁྱད་ཆོས་གལ་ཆེན་མཚོན་ཡོད་དེ། གཙོ་གཞི་ཁ་གསལ་ཞིང་གཙོ་གནད་མངོན་གསལ་དོད་པས་ན་ཀྲུང་དབྱང་གི་དགོངས་དོན་དང་མཐུན་ལ་མི་དམངས་ཀྱི་འདོད་བློ་མངོན་ཡོད་པས་ང་ཚོ་རྦད་དེ་མོས་མཐུན་ཡོད་ཅེས་བསྟན་བྱུང་།
  འཐུས་མི་ཚོས། ལོ་ཤས་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ་བློ་མཐུན་ཞིས་ཅིན་ཕིང་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་འགོ་ཁྲིད་བརྟན་པོའི་འོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་མཐུན་སྒྲིལ་སྒོས་སྣེ་ཁྲིད་བྱས་ཏེ་ཁྱོན་ཡོངས་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བྱེད་ཕྱོགས་དང་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱུན་འཁྱོངས་བྱ་རྒྱུ་དེ་ལས་ཀའི་གཞི་ཚུགས་ས་དང་ཤུགས་རྒྱག་སར་འཛིན་པ། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་དབབ་སར་བརྩིས་ཏེ་བཅོས་བསྒྱུར་གསར་གཏོད་དང་འགག་སྒྲོལ་དཀའ་སེལ་བྱས་ཐོག སྤྱི་ཚོགས་རྒྱུན་མཐུད་ངང་ཞི་མཐུན་བརྟན་ལྷིང་དང་། དཔལ་འབྱོར་མགྱོགས་མྱུར་བདེ་ལེགས་ངང་འཕེལ་རྒྱས། མི་དམངས་ཀྱི་འཚོ་བ་རྒྱུན་མཐུད་ནས་ཇེ་ལེགས་སུ་གཏོང་བ། སྣོད་བཅུད་ཁོར་ཡུག་མུ་མཐུད་ནས་ལེགས་པོ་བྱུང་བ། མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་སྟོན་གྲངས་རིམ་གྱིས་ཇེ་མཐོར་འཕར་བ་མངོན་འགྱུར་བྱུང་ཡོད། གྲུབ་འབྲས་འདི་དག་ནི་བློ་མཐུན་ཞིས་ཅིན་ཕིང་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལ་བརྟེན་ནས་བྱུང་བ་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་བསམ་བློ་གལ་ཆེན་གྱི་ཁྲིད་སྟོན་ཡང་དག་ལ་བརྟེན་ནས་བྱུང་བ། རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར་ཤུགས་ཆེན་ལ་བརྟེན་ནས་བྱུང་བ་ཡིན་པས་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ཀྱིས་སེམས་ལ་དམ་པོར་བཅིངས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བསྟན་བྱུང་།
  ལྷན་རྒྱས་ཡོངས་ནས། 2017ལོ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བྱེད་པའི་གལ་ཆེའི་ལོ་ཞིག་ཡིན་ལ། མཁོ་སྤྲོད་ཀྱི་གྲུབ་ཆའི་རང་བཞིན་གྱི་བཅོས་བསྒྱུར་ལ་སྐུལ་འདེད་གཏིང་ཟབ་ཏུ་གཏོང་བའི་ལོ་ཞིག་ཀྱང་རེད། བོད་ལྗོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་གསུམ་གྱི་ལས་དོན་ཁག་ལ་སྤྱི་འདོམས་འཆར་འགོད་དང་། ལྷག་པར་དུ་གནད་སྨིན་དབུལ་སྐྱོར་དང་གནད་སེལ་དབུལ་སྒྲོལ་ལ་སྐུལ་འདེད་གཏིང་ཟབ་བཏང་ནས 2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་རྒྱུ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཐུགས་ཁུར་དང་། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་དང་ཁ་འབྲལ་ཐབས་མེད་ལ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་ལ་ཁ་འབྲལ་ཐབས་མེད། ང་ཚོར་བློ་མཐུན་ཞིས་ཅིན་ཕིང་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། བཞི་བ། ལྔ་བ། དྲུག་པའི་དགོངས་དོན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་བའི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ། ལྷག་པར་དུ་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཏེ་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར་ནི་རང་ངོས་ཀྱི་དཀའ་སྤྱད་འབད་བརྩོན་དང་ཟུང་འབྲེལ་དམ་པོ་བྱས་ཏེ“ ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་བྱས་ཐོག ལས་དོན་ཁག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཏེ་གྲུབ་འབྲས་ཕུལ་དུ་བྱུང་པ་བླངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པར་ལེགས་སྐྱེས་འབུལ་དགོས་ཤིང་། རྒྱལ་ཁབ་ཀྱིས་ས་བབ་མཐོ་བའི་འབྲོག་པ་གནས་སྤོ་དང་ཨེ་ཤེ་ཡ་ལྷོ་མའི་བགྲོད་ལམ་ཆེན་པོ་འཛུགས་སྐྲུན། དམག་དམངས་མཉམ་འདྲེས་གཏིང་ཟབ་སྒོས་འཕེལ་རྒྱས་གཏོང་པ་སོགས་ཀྱི་ཐད་ནས་རྒྱབ་སྐྱོར་ཤུགས་ཆེན་གནང་རྒྱུའི་རེ་བ་སྙིང་ནས་ཞུ་གི་ཡིན་ཞེས་བསྟན་བྱུང་།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716