སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་དགོས།
སྤེལ་དུས། 2017-03-15   ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  ནོར་བུ་གཡུ་སྒྲོན།
  བོད་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་སྲིད་གྲོས་ཀྱི་འཐུས་མི་དང་ཨུ་ཡོན་ཚོས་རིག་གནས་འཛུགས་སྐྱོང་སྐོར་ལྷུག་པོར་གླེང་བ།
  ཙུང་ལི་ལི་ཁེ་ཆང་གི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། “སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་ཤེས་དཔལ་སྲོལ་གཏོད་ལ་ཤུགས་སྣོན་བརྒྱབ་སྟེ་ཀྲུང་གོའི་ཕུགས་འདུན་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བར་བརྟེན་ནས་ངོས་འཛིན་གཅིག་མཐུན་དང་སྟོབས་ཤུགས་གོང་བུ་འགྲིལ་རྒྱུ་མཐའ་འཁྱོངས་བྱེད་དགོས”ཞེས་དང“གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་དགོས”ཞེས་འཁོད་ཡོད།
  འདས་པའི་བགྲང་བྱ་གཅིག་གི་རིང་། རང་ལྗོངས་ཀྱིས་སྔོན་ཐོན་རིག་གནས་ཀྱིས་སྣེ་འཁྲིད་རྒྱུ་མཐའ་འཁྱོངས་བྱས་ཁར། རིག་གནས་ཀྱི་འབྱོར་འབྲིང་བསྐྲུན་རྒྱུ་དེ་བོད་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་བསྒྲུབ་དགོས་ངེས་ཀྱི་འོས་འགན་དུ་བརྩིས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་རིག་གནས། མི་རིགས་ཀྱི་ཁྱད་ལྡན་རིག་གནས་བཅས་འཛུགས་སྐྱོང་ལ་སྤྱི་འདོམས་ཀྱིས་སྐུལ་འདེད་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་རིག་གནས་ཀྱི་གདེང་ཚོད་དང་རིག་གནས་ལ་འཛིན་པའི་ཐུན་མོང་གི་ངོས་འཛིན་ཟབ་ཏུ་ཏན་ཏིག་བཏང་ཡོད།
  བོད་ཀྱི་རིག་གནས་གོང་འཕེལ་ཡོང་བ་དང་ཐུན་མོང་ཐོག་ཀྲུང་གོའི་ཕུགས་འདུན་གཏོད་རྒྱུར་དམིགས་ནས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་རིང་། རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་སྲིད་གྲོས་ཀྱི་འཐུས་མི་དང་ཨུ་ཡོན་ཚོས་རང་རང་གི་ངོས་འཛིན་ལྷུག་པོར་གླེང་ནས་གྲོས་གཞི་དང་གྲོས་འགོ་གསར་པ་ཞིབ་ཕྲ་བཏོན་པ་རེད།
  འདི་ལོ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། སེ་ར་དགོན་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་དཔེ་ཆའི་དགེ་རྒན་བཀྲ་ཤིས་རྒྱལ་མཚན་གྱིས་དཔེ་རྙིང་སྲུང་སྐྱོང་དང་བེད་སྤྱོད་ཐད་དོ་སྣང་ཆེན་པོ་བྱས་ནས《བོད་ལྗོངས་སློབ་ཆེན་དཔེ་རྙིང་ཞིབ་འཇུག་ཁང་གི་བོད་ཡིག་དཔེ་རྙིང་དང་ཚད་ལྡན་ཡིག་ཆ་སྲུང་སྐྱོང་དང་། གསར་སྤེལ། བེད་སྤྱོད་བཅས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་གྲོས་གཞི》བཏོན་ཏེ“དཔེ་རྙིང་སྲུང་སྐྱོང་བྱ་རྒྱུ་དེ‘བྱས་རྗེས་དེང་དུ་འཇོག་པ་དང་། ཕན་པ་བསྐལ་བརྒྱར་ཐོབ་པའི’ལས་ཀ་ཞིག་ཡིན་པས། ང་ཚོར་བོད་ཡིག་དཔེ་རྙིང་དང་ཚད་ལྡན་ཡིག་ཆར་མུ་མཐུད་ཞིབ་འཇུག་དང་གསར་སྤེལ་བྱེད་པའི་འགན་འཁྲི་ཡོད”ཅེས་བཤད།
  རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་བདེ་ཞིང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་པད་མ་ཆོས་སྒྲོན་གྱི་ལས་ཀ་གཙོ་བོའི་གྲས་ཤིག་ནི། མོན་པ་རིགས་ཀྱི་རིག་གནས་སྔོག་འདོན་དང་། སྲུང་སྐྱོང་། རྒྱུན་འཛིན་བཅས་བྱ་རྒྱུ་དེ་རེད། ཁོང་གིས“ང་ཚོའི་མོན་པ་རིགས་ལ་སྐད་ཆ་ལས་ཡི་གེ་མེད་སྟབས། ཕུགས་ཕན་གྱི་སྲུང་སྐྱོང་བྱ་ཐབས་ནི་མི་རིགས་འདི་གའི་མང་ཚོགས་ཀྱིས་མི་རིགས་ཀྱི་རིག་གནས་ལ་འཛིན་པའི་ངོས་འཛིན་ཟབ་ཏུ་དང་། སྤྲོ་སྣང་འཕེལ་བ། དངོས་སུ་ཞུགས་པ་བཅས་བྱེད་རྒྱུ་དེ་རེད། རྐང་ཐང་མར་ཡུལ་སྐོར་དུ་འགྲོ་བའི་གཞི་ཁྱོན་ཆེ་རུ་བཏང་ནས་ལམ་རྒྱུད་གྲོང་སྡེར་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་བྱས་ནས་ཡུལ་སྐོར་བ་མང་པོ་མྱོང་རོལ་བྱེད་པར་བློ་བཀུག་སྟེ། མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་ཐབས་བྱས་ཏེ་ཁྲོམ་རའི་དཔལ་འབྱོར་གྱི་གསོན་ཤུགས་ལ་བརྟེན་ནས་རིག་གནས་སྲུང་སྐྱོང་གི་ནང་གནས་སྒུལ་ཤུགས་འཕེལ་ཐབས་བྱེད་དགོས”ཞེས་བཤད། ཁོང་གིས་གྲངས་ཉུང་མི་རིགས་ས་ཁུལ་དུ་སློབ་གསོ་སྡེ་ཚན་གྱིས་འགོ་ཁྲིད་དེ་རྫོང་ཁུལ་དུ་མི་རིགས་སྐད་ཡིག་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བའི་ཆེད་དོན་སྒྲིག་གཞི་འཛུགས་པ་དང་། དམངས་ཁྲོད་མི་རིགས་སྐད་ཡིག་སྲུང་སྐྱོང་མཐུན་ཚོགས་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན་པ་རེད།
  འཐུས་མི་དང་ཨུ་ཡོན་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་བར་སྐུལ་མ་གཏོང་རྒྱུ་ནི། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་ཡོང་བའི་ཁ་ཚ་དགོས་གཏུགས་ཀྱི་བླང་བྱ་ཞིག་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱས་ནས་ཡུན་རིང་བདེ་འཁོད་ཡོང་བའི་ཁ་ཚ་དགོས་གཏུགས་ཀྱི་བླང་བྱ་ཞིག དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་བླང་བྱ་ཞིག ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་བྱ་ཡུལ་གཏོད་པའི་ཁ་ཚ་དགོས་གཏུགས་ཀྱི་བླང་བྱ་ཞིག་བཅས་རེད། ཏང་ཀྲུང་དབྱང་གི་ཐུགས་ཁུར་ཟབ་བཞེས་དང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་མཐོང་ཆེན་གནང་བ། རྒྱ་ཆེའི་རིག་གནས་ལས་དོན་པས་མཉམ་དུ་འབད་བརྩོན་བཅས་བྱས་པ་བརྒྱུད། བོད་ཀྱི་རིག་གནས་བྱ་གཞག་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུ་ཡིན་པའི་ཡིད་ཆེས་རྣམ་འགྱུར་བསྟན་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716