སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཀྲུང་ཨའི་གཙོ་བདག་ཞིས་ཅིན་ཕིང་དང་ཐེ་ལང་ཕུ་རྣམ་གཉིས་དངོས་གཞིའི་མཇལ་འཛོམས་ཐེངས་གཉིས་པ་གནང་བ།
སྤེལ་དུས། 2017-04-10   ཡོང་ཁུངས། མི་དམངས་ཉིན་ཚགས།   རྩོམ་སྒྲིག་པ།  བདེ་སྐྱིད་ཀྱིས་བསྒྱུར།


          ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་7ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཨ་རིའི་ཧྥོ་ལོ་ལི་ཏ་ཀྲོའུ་མཚོ་མཚེའུ་གཞིས་ཀར་ཨ་རིའི་ཙུང་ཐུང་ཐེ་ལང་ཕུ་དང་ཀྲུང་ཨའི་གཙོ་བདག་དབར་གྱི་དངོས་གཞིའི་མཇལ་འཛོམས་ཐེངས་གཉིས་པ་གནང་བ།


          ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་7ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཨ་རིའི་ཧྥོ་ལོ་ལི་ཏ་ཀྲོའུ་མཚོ་མཚེའུ་གཞིས་ཀར་ཨ་རིའི་ཙུང་ཐུང་ཐེ་ལང་ཕུ་དང་ཀྲུང་ཨའི་གཙོ་བདག་དབར་གྱི་དངོས་གཞིའི་མཇལ་འཛོམས་ཐེངས་གཉིས་པ་གནང་ཞིང་། མཇལ་འཛོམས་གནང་གྲུབ་རྗེས་ཞིས་ཅིན་ཕིང་གིས་ཐེ་ལང་ཕུ་དང་ལྷན་དུ་མཛེས་སྡུག་ཡིད་དུ་འོང་བའི་མཚོ་མཚེའུ་གཞིས་ཀར་འཆམ་འཆམ་དུ་ཕེབས་ནས་བག་ཕེབས་ཤིང་མཛའ་མཐུན་གྱི་རྣམ་པའི་ཁྲོད་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་མཉམ་ལས་ཐད་མུ་མཐུད་གྲོས་མོལ་གནང་བ།

          ཤིན་ཧྭ་གསར་འགྱུར་ཁང་ཨ་རིའི་མཚོ་མཚེའུ་གཞིས་ཀ་ནས་ཟླ་4ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཚེས་7ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཨ་རིའི་ཧྥོ་ལོ་ལི་ཏ་ཀྲོའུ་ཡི་མཚོ་མཚེའུ་གཞིས་ཀར་ཨ་རིའི་ཙུང་ཐུང་ཐེ་ལང་ཕུ་དང་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་གྱི་དངོས་གཞིའི་མཇལ་འཛོམས་ཐེངས་གཉིས་པ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཨ་ཕྱོགས་གཉིས་པོའི་གཙོ་གནད་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་དང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་བསམ་འཆར་བརྗེ་རེས་རྒྱ་ཁྱབ་གཏིང་ཟབ་གནང་བ་རེད། ཕྱོགས་གཉིས་པོས་ད་ཐེངས་རྒྱལ་ཁབ་གཉིས་པོའི་གཙོ་བདག་མཇལ་འཛོམས་བྱུང་བ་ནི་དགེ་མཚན་ལྡན་པ་དང་གྲུབ་འབྲས་ཐོབ་པ་ཞིག་ཡིན་པའི་ངོས་འཛིན་གནང་བ་རེད། ཕྱོགས་གཉིས་པོས་ཐུན་མོང་གི་འབད་བརྩོན་བརྒྱུད་གཉིས་ཕན་མཉམ་ལས་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་དང་སྦྲགས། ཕན་ཚུན་བརྩི་བཀུར་བྱེད་པའི་རྨང་གཞིའི་ཐོག་འགལ་ཟླར་དོ་དམ་དང་ཚོད་འཛིན་བྱ་རྒྱུའི་མོས་མཐུན་གནང་བ་རེད།

          ཞིས་ཅིན་ཕིང་གིས་བསྟན་དོན། ད་ཐེངས་ཀྲུང་ཨའི་གཙོ་བདག་རྣམ་གཉིས་མཚོ་མཚེའུ་གཞིས་ཀར་མཇལ་འཛོམས་གནང་བ་དེས་ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་ལ་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་ཡོད། ང་དང་སྐུ་ཞབས་ཙུང་ཐུང་དབར་ཡུན་རིང་སྤེལ་རེས་གཏིང་ཟབ་བྱས་པ་དེས་ཕན་ཚུན་དབར་རྒྱུས་མངའ་ཟབ་ཏུ་ཕྱིན་པ་མ་ཟད། ཕན་ཚུན་དབར་ཡིད་ཆེས་ཆེ་རུ་ཕྱིན་ནས་ཐུན་མོང་གི་ངོས་འཛིན་གལ་ཆེན་མང་པོ་ཆགས་པ་དང་ལས་ཀའི་འབྲེལ་བ་བཟང་པོ་བཙུགས་ཡོད། ཕྱོགས་གཉིས་པོས་བཙུགས་ཟིན་པའི་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་གཏོང་བ་དང་། མཛའ་མཐུན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དེ་བས་བདེ་སྐྱིད་བསྐྲུན་པ་བཅས་བྱས་ཏེ་འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ལ་སྐུལ་འདེད་གཏོང་ཕྱིར་ང་ཚོས་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་དགོས།

          ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཨ་གཉིས་པོ་ཕན་ཚུན་ཉོ་ཚོང་རོགས་ཟླའི་རྒྱལ་ཁབ་ཆེ་ཤོས་དང་པོར་གྱུར་ཟིན་པས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་གང་མང་ཐོབ་ཡོད། ཀྲུང་གོས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་དང་ནང་མཁོ་རྒྱ་ཆེར་རྒྱུན་ཆད་མེད་པར་གཏོང་བཞིན་ཡོད་པས་ཞབས་ཞུའི་ལས་རིགས་ཀྱིས་རྒྱལ་དམངས་དཔལ་འབྱོར་གྱི་བསྡུར་ཚད་བཟུང་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་རྒྱུ་ཡིན་པས་ཀྲུང་ཨས་ཉོ་ཚོང་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་མདུན་ལམ་ཡངས་ཤིང་རྒྱ་ཆེ་བ་ཡོད། ཕྱོགས་གཉིས་པོས་གོ་སྐབས་དེ་དམ་འཛིན་བྱེད་དགོས། ཨ་རི་ཕྱོགསརྒྱུད་གཅིག་ལམ་གཅིགགི་སྒྲོམ་གཞིའི་ནང་ཞུགས་ནས་མཉམ་ལས་བྱ་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་དགའ་བསུ་ཞུ་རྒྱུ་ཡིན།

          ཞིས་ཅིན་ཕིང་གིས། རྒྱལ་ཁབ་གཉིས་པོའི་དམག་དཔུང་འབྲེལ་བ་ནི་ཀྲུང་ཨའི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་རེད། དམག་དོན་བདེ་འཇགས་ལ་ཕན་ཚུན་ཡིད་ཆེས་བྱ་རྒྱུ་ནི་ཀྲུང་ཨའི་འཐབ་ཇུས་ལ་ཕན་ཚུན་ཡིད་ཆེས་བྱེད་པའི་རྨང་གཞི་ཞིག་རེད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་དམག་དཔུང་གི་རིམ་པ་ཁག་གི་སྤེལ་རེས་རྒྱུན་འཁྱོངས་ཀྱིས་ཀྲུང་ཨའི་རྒྱལ་སྲུང་པུའི་འགོག་སྲུང་ལས་དོན་གྱི་གྲོས་མོལ་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་བདེ་འཇགས་ཐད་སྐད་ཆ་ཤོད་རེས་སོགས་གྲོས་མོལ་ལམ་སྲོལ་གྱི་ནུས་པ་རྒྱུན་ཆད་མེད་པར་འདོན་སྤེལ་ཡག་པོ་བྱེད་པ་དང་། འཛུགས་རྩིས་ཡོད་པའི་མཉམ་འབྲེལ་ཚན་མོའུ་པུའི་གྲོས་མོལ་ལམ་སྲོལ་གྱི་ལས་སྟེགས་གསར་པ་གང་ལེགས་སྤྱད་ནས་ཕྱོགས་གཉིས་པོས་གྲོས་ཐག་བཅད་ཟིན་པའི་ལོ་འཁོར་གྱི་སྤེལ་རེས་མཉམ་ལས་རྣམ་གྲངས་དོན་འཁྱོལ་ཡག་པོ་བྱེད་པ། དམག་དོན་བྱ་སྤྱོད་གལ་ཆེན་ལ་ཕན་ཚུན་བརྡ་གཏོང་དང་ཡིད་རྟོན་གྱི་བྱ་ཐབས་ལམ་སྲོལ་དང་མཁའ་མཚོར་ཕན་ཚུན་ཐུག་སྐབས་ཀྱི་བདེ་འཇགས་བྱ་སྤྱོད་ཚད་གཞིའི་ཕན་ཚུན་ཡིད་ཆེས་ཀྱི་ལམ་སྲོལ་ཆེན་པོ་གཉིས་སྤྱོད་པ་དང་འཐུས་སྒོ་ཚང་དུ་རྒྱུན་ཆད་མེད་པར་གཏོང་དགོས། ཕྱོགས་གཉིས་པོའི་ཐུན་མོང་གི་འབད་བརྩོན་བརྒྱུད་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་དབར་གྱི་ཕན་ཚུན་ཡིད་ཆེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱུན་ཆད་མེད་པར་རྒྱག་དགོས་ཞེས་གསུངས་པ་རེད།

          ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་དང་ཁྲིམས་འཛིན་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དུག་ཚོང་དང་། བྱིས་པ་བསླུ་ཚོང་། བཙོག་དངུལ་གཙང་སྒྱུར། དྲ་རྒྱའི་ཉེས་གསོག སྒྲིག་འཛུགས་ཡོད་པའི་ཉེས་གསོག་སོགས་རྣམ་པ་འདྲ་མིན་གྱི་རྒྱལ་ཁོངས་སྒྲོལ་བའི་ཉེས་སོགས་ལ་ཐུན་མོང་ཐོག་རྡུང་རྡེག་གཏོང་འདོད་ཡོད། ཀྲུང་ཨ་དབར་དྲ་རྒྱའི་བདེ་འཇགས་སྲུང་སྐྱོང་བྱེད་པའི་ཐད་ཐུན་མོང་གི་ཁེ་ཕན་གལ་ཆེན་ལྡན་ཡོད། ཕྱོགས་གཉིས་པོས་ཁྲིམས་འཛིན་དང་དྲ་རྒྱའི་བདེ་འཇགས་ཀྱི་གྲོས་མོལ་ལམ་སྲོལ་ཡག་པོ་སྤྱད་དེ་ཐུན་མོང་ཐོག་ཞི་བདེ་དང་། བདེ་འཇགས། སྒོ་དབྱེ། མཉམ་ལས། རྒྱུད་རིམ་ལྡན་པ་བཅས་ཀྱི་དྲ་རྒྱའི་བར་མཐོངས་འཛུགས་པ་དང་སྐུལ་སྤེལ་གཏོང་དགོས། ཀྲུང་གོས་ནུས་ཤུགས་ཡོད་རྒུས་རུལ་སུངས་ལ་ངོ་རྒོལ་བྱེད་མུས་ཡིན་པས། ཨ་རི་ཕྱོགས་ནས་བྲོས་འདེད་དངུལ་འདེད་ཐད་ཀྲུང་གོ་ཕྱོགས་ལ་གཞོགས་འདེགས་གང་མང་བྱ་རྒྱུའི་རེ་བ་ཡོད།

          ཞིས་ཅིན་ཕིང་གིས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ནི་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་རྩིག་རྨང་ལྟ་བུ་ཡིན། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཕན་ཚུན་དབར་མཛའ་མཐུན་གྱི་བརྩེ་བ་བཅངས་ཡོད། ཕྱོགས་གཉིས་པོས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མཛའ་མཐུན་འགྲོ་འོང་རྒྱ་ཆེར་གཏོང་བ། སློབ་གྲྭའི་དབར་ཕན་ཚུན་མཉམ་ལས་ལ་སྐུལ་སྤེལ་གཏོང་བ། ཡུལ་སྐོར་ལས་རིགས་མཉམ་ལས་ལ་སྐུལ་འདེད་གཏོང་བ། སྒྱུ་རྩལ་ཐད་སྤེལ་རེས་རྒྱ་སྐྱེད་གཏོང་བ། ལུས་རྩལ་ཐད་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་པ། སྨན་བཅོས་འཕྲོད་བསྟེན་ཐད་མཉམ་ལས་བྱེད་པ། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་དམངས་འདུན་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ཏེ་ཀྲུང་ཨའི་འབྲེལ་བ་ཡུན་རིང་སྐྱོན་བྲལ་འཕེལ་རྒྱས་གཏོང་རྒྱུར་དྲང་ནུས་དེ་བས་མང་བ་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

          ཞིས་ཅིན་ཕིང་གིས་ཐེ་ལང་ཕུར་ཀྲུང་གོའི་འཕེལ་རྒྱས་ཀྱི་འདུ་ཤེས་ངོ་སྤྲོད་གནང་བ་དང་། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཞི་བདེའི་འཕེལ་རྒྱས་ལམ་བུར་བསྐྱོད་པ་ལས་ཁྱོད་ཤི་ང་གསོན་གྱི་འདུ་ཤེས་འཛིན་རྒྱུ་མིན་ལ། རྒྱལ་ཁབ་སྟོབས་ཆེན་དུ་གྱུར་ན་དབང་ཤེད་ཆེ་དགོས་ངེས་ཀྱི་ལམ་བུ་རྙིང་པར་མ་བསྐྱོད་པར་ཨ་རི་ཕྱོགས་དང་མཉམ་དུ་འཛམ་གླིང་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།

          ཐེ་ལང་ཕུས། མཚོ་མཚེའུ་གཞིས་ཀར་ཀྲུའུ་ཞི་ཞིས་ཅིན་ཕིང་དང་ཀྲུང་གོའི་སྐུ་ཚབ་ཚོགས་པར་སྣེ་ལེན་ཞུ་རྒྱུ་བྱུང་བ་ནི་ང་དང་ཨ་རི་ཕྱོགས་ཀྱི་ཚོགས་པའི་གཟི་བརྗིད་ཆེན་པོ་ཡིན། ང་དང་ཀྲུའུ་ཞི་ཞིས་ཅིན་ཕིང་དབར་གླེང་མོལ་ཡག་པོ་བྱུང་ནས་སྤྱིར་བཏང་མིན་པའི་མཛའ་གྲོགས་འབྲེལ་བ་བཙུགས་ཡོད། ད་རེས་ཀྱི་མཇལ་འཛོམས་ལ་ཆེས་གལ་ཆེ་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ནས་ཨ་ཀྲུང་འབྲེལ་བ་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ནུས་ལྡན་ཐེབས་ཡོད། ཕྱོགས་གཉིས་པོའི་ཚོགས་པས་ཕྱི་འབྲེལ་གྱི་བདེ་འཇགས་གླེང་མོལ་དང་ཕྱོགས་ཡོངས་ནས་དཔལ་འབྱོར་གྲོས་མོལ་བྱས་པ་བརྒྱུད་ཐད་ཀར་སྤེལ་རེས་བྱས་པ་མ་ཟད། ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་ཀྱང་བྱུང་ཡོད། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཚོང་དོན་དང་། རྒྱལ་ཁབ་གཉིས་པོའི་དམག་དཔུང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་ཀྲུང་གོ་ཕྱོགས་ཀྱིས་བྲོས་འདེད་དངུལ་འདེད་ཐད་འབད་བརྩོན་བྱེད་པར་རྒྱབ་སྐྱོར་བྱེད་འདོད་ཡོད། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བར་ཤུགས་རྐྱེན་བཟོ་བའི་རྒྱུ་རྐྱེན་དང་གནད་དོན་ཧུར་ཐག་སེལ་ནས་ཨ་ཀྲུང་འབྲེལ་བ་འཕེལ་རྒྱས་དེ་བས་ཆེ་བ་དང་ཨ་ཀྲུང་འབྲེལ་བ་འཕེལ་རྒྱས་དེ་བས་ལེགས་པ་ཡོང་བ་བྱེད་ཀྱི་ཡིན་ཞེས་གསུངས།

          མཇལ་འཛོམས་གྲུབ་རྗེས་ཞིས་ཅིན་ཕིང་དང་ཐེ་ལང་ཕུ་རྣམ་གཉིས་མཛེས་སྡུག་རྣམ་པར་བཀྲ་བའི་མཚོ་མཚེའུ་གཞིས་ཀར་འཆམ་འཆམ་དུ་ཕེབས་པ་དང་བག་ཕེབས་དང་མཛའ་མཐུན་གྱི་རྣམ་པའི་ཁྲོད་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་དང་མཉམ་ལས་ཐད་མུ་མཐུད་གྲོས་མོལ་གནང་བ་རེད།

          རྒྱལ་ཁབ་གཉིས་པོའི་གཙོ་བདག་མཇལ་འཛོམས་མ་གནང་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དབང་དབྱང་གིས་ཨ་རིའི་ནོར་སྲིད་པུའུ་ཀྲང་མུའུ་ནུའུ་ཆན་དང་ཚོང་དོན་པུའུ་ཀྲང་ལུའོ་སི་གཉིས་དང་མཉམ་དུ་ཀྲུང་ཨའི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་གླེང་མོལ་གྱི་ལམ་སྲོལ་འགོ་བཙུགས་པ་དང་། རྒྱལ་དོན་ཨུ་ཡོན་དབྱང་ཅེ་ཁྲེས་ཨ་རིའི་རྒྱལ་དོན་བློན་ཆེན་ཏི་ལེ་སེན་དང་རྒྱལ་སྲུང་པུའུ་ཀྲང་མ་ཏི་སི་གཉིས་དང་མཉམ་དུ་ཀྲུང་ཨའི་ཕྱི་འབྲེལ་གྱི་བདེ་འཇགས་གླེང་མོལ་ལམ་སྲོལ་འགོ་བཙུགས་ནས་ཕྱོགས་གཉིས་པོས་འབྲེལ་ཡོད་གནད་དོན་ཐད་སྤེལ་རེས་གཏིང་ཟབ་གནང་སྟེ་ལམ་སྲོལ་གཉིས་ཀྱི་གོམ་སྟབས་རྗེས་མའི་ལས་ཀའི་གྲོས་རིམ་ལ་གྲོས་ཐག་བཅད་པ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ལམ་སྲོལ་དེ་གཉིས་བཙུགས་པ་དང་གྲུབ་འབྲས་རགས་ཙམ་ཐོབ་པར་ཐུགས་ཡིད་ཚིམ་པོ་གནང་བ་རེད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716