སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཞི་བཅུ་པའི་ཐོག
སྤེལ་དུས། 2017-04-28   ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་སྒྲིག་པ།  འཇིགས་མེད།
  དངུལ་རྩ་གསོན་ཤུགས་འཕེལ་ན་དཔལ་འབྱོར་ལ་གསོན་ཤུགས་ཡོང་བ་དང་དངུལ་རྩ་བརྟན་པོ་བྱུང་ན་དཔལ་འབྱོར་བརྟན་པོ་ཡོང་ངེས་པས་དངུལ་རྩའི་ལས་དོན་ལེགས་པར་བསྒྲུབས་ནས་དངུལ་རྩའི་བདེ་འཇགས་སྲུང་སྐྱོང་བྱེད་དགོས་པའི་ནན་བཤད་གནང་བ།
  ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཚེས་25ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་རྒྱལ་ཁབ་ཀྱི་དངུལ་རྩའི་བདེ་འཇགས་སྲུང་སྐྱོང་བྱེད་རྒྱུའི་ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་བཞི་བཅུ་པ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་དངུལ་རྩའི་བདེ་འཇགས་ནི་རྒྱལ་ཁབ་བདེ་འཇགས་ཀྱི་གྲུབ་ཆའི་ཆ་གལ་ཆེན་ཞིག་དང་། དཔལ་འབྱོར་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བའི་རྨང་གཞི་གལ་ཆེན་ཞིག་ཡིན། དངུལ་རྩའི་བདེ་འཇགས་སྲུང་སྐྱོང་བྱེད་རྒྱུ་དེ་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་འཐབ་ཇུས་རང་བཞིན་དང་རྩ་བའི་རང་བཞིན་ལྡན་པའི་དོན་ཆེན་ཞིག་རེད། དངུལ་རྩ་གསོན་ཤུགས་འཕེལ་ན་དཔལ་འབྱོར་ལ་གསོན་ཤུགས་ཡོང་བ་དང་། དངུལ་རྩ་བརྟན་པོ་བྱུང་ན་དཔལ་འབྱོར་བརྟན་པོ་ཡོང་ངེས་ཡིན། དེར་བརྟེན་ངེས་པར་དུ་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་དངུལ་རྩའི་གནས་བབ་དང་ནུས་པ་གལ་ཆེན་གསལ་ཤེས་གང་ལེགས་ཐུབ་པ་བྱས་ནས་དངུལ་རྩའི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱེད་རྒྱུ་དེ་རྒྱལ་སྲིད་སྐྱོང་བའི་དོན་ཆེན་ཞིག་ལ་བརྩིས་ཏེ་དངུལ་རྩའི་ལས་དོན་ཏན་ཏིག་ངང་ལེགས་པར་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།
  ད་ཐེངས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་སྐབས་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་རང་སོ་སོའི་ལས་སྒོའི་ཁྱབ་ཁོངས་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གནས་ཚུལ་ངོ་སྤྲོད་ཞུས་ཤིང་། ཀྲུང་གོ་མི་དམངས་དངུལ་ཁང་གི་ཧང་ཀྲང་ཀྲོའུ་ཞའོ་ཁྲོན་གྱིས་སྤྱི་ཁོག་སྙོམས་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་དངུལ་རྩའི་བདེ་འཇགས་འགན་ལེན་བྱེད་ཕྱོགས་དང་། ཀྲུང་གོ་དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་ཞི་ཀུའོ་ཧྲུའུ་ཆིང་གིས་དངུལ་ཁང་མ་ལག་གི་ཉེན་ཁ་བསལ་ནས་དངུལ་རྩའི་བརྟན་ལྷིང་སྲུང་སྐྱོང་བྱེད་ཕྱོགས། ཀྲུང་གོ་འཛིན་ལོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་ཞི་ལིའུ་ཧྲི་ཡུས་ཀྱིས་མ་རྩའི་ཁྲོམ་ར་འཕེལ་རྒྱས་དང་ཉེན་ཁར་དོ་དམ་བྱེད་ཕྱོགས། ཀྲུང་གོ་འགན་བཅོལ་ལྟ་སྐུལ་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པ་ཁྲེན་ཝུན་ཧུའེ་ཡིས་ཉེན་ཁ་འགན་ལེན་བསྐྱར་དུ་བྱེད་པ་དང་འགན་བཅོལ་ལ་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་དངུལ་རྩའི་བདེ་འཇགས་ཀྱི་མཐའ་ཚད་སྲུང་སྐྱོང་བྱེད་ཕྱོགས་བཅས་ཀྱི་ཐད་རང་སོ་སོའི་ངོས་འཛིན་དང་མྱོང་ཚོར་གླེང་བ་རེད།
  ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་རྣམ་པས་ཁོང་ཚོའི་གཏམ་བཤད་གསན་པ་དང་ཆབས་ཅིག་འབྲེལ་ཡོད་གནད་དོན་ཐད་གྲོས་བསྡུར་ཡང་གནང་བ་རེད།
  ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་དངུལ་རྩ་ནི་དེང་རབས་དཔལ་འབྱོར་གྱི་གཙོ་གནད་ཅིག་ཡིན། དཔལ་འབྱོར་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་བྱེད་པར་ངེས་པར་དུ་དངུལ་རྩའི་ལས་དོན་ལེགས་པར་སྒྲུབ་དགོས། སྒྱུར་བཅོས་སྒོ་འབྱེད་བྱས་ཚུན་ང་ཚོས་དངུལ་རྩའི་ལས་དོན་དང་དངུལ་རྩའི་བདེ་འཇགས་ལ་སྔ་བར་ཕྱི་གསུམ་དུ་ཚད་མཐོའི་མཐོང་ཆེན་བྱས་པས་རང་རྒྱལ་གྱི་དངུལ་རྩའི་ལས་རིགས་འཕེལ་རྒྱས་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ནས་དངུལ་རྩ་དེ་ཉིད་ཐོན་ཁུངས་བཀོད་སྒྲིག་དང་སྤྱི་ཁོག་སྙོམས་སྒྲིག་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ང་ཚོས་དངུལ་རྩའི་ཉེན་ཁ་སྔོན་འགོག་ཚོད་འཛིན་བྱེད་རྒྱུ་དེ་བས་གལ་འགངས་ཆེ་བའི་གནས་བབ་ཐོག་བཞག་ནས་བརྒྱུད་རིམ་རང་བཞིན་གྱི་ཉེན་ཁ་མི་ཐོན་པའི་མཐའ་ཚད་བརྟན་པོ་བསྲུངས་ཏེ་བྱ་ཐབས་རབ་དང་རིམ་པ་སྤྱད་ནས་དངུལ་རྩར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དངུལ་རྩའི་ཉེན་ཁ་དོགས་ཟོན་དང་སེལ་བ། དངུལ་རྩའི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པ་བཅས་བྱས་ནས་འཕེལ་ཕྱོགས་ཆེན་པོ་རྒྱུན་འཁྱོངས་ཐུབ་པ་བྱས་ཡོད། དངུལ་རྩའི་སྒྱུར་བཅོས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པ་དང་བསྟུན་ནས་དངུལ་རྩའི་མ་ལག་དང་། དངུལ་རྩའི་ཁྲོམ་ར། དངུལ་རྩའི་ལྟ་སྐུལ་དོ་དམ་དང་སྙོམས་སྒྲིག་མ་ལག་བཅས་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ནས་དངུལ་རྩའི་སྒྲིག་གཞིའི་སྟོབས་ཤུགས་ཆེ་རུ་ཤུགས་ཆེན་ཕྱིན་ཏེ་རང་རྒྱལ་འདི་ཉིད་འཛམ་གླིང་གི་དངུལ་རྩའི་རྒྱལ་ཁབ་ཆེན་པོ་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
  ཞི་ཅིན་ཕིང་གིས་ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་ལ་གནད་ལ་འཁེལ་བའི་ངང་བརྡར་ཤ་གཅོད་རྒྱུ་ནི་དངུལ་རྩའི་བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཞིག་རེད། སྤྱིའི་ཆ་ནས་བལྟས་ཚེ་རང་རྒྱལ་གྱི་དངུལ་རྩའི་དུས་བབ་ཡག་པོ་ཡོད་པས་དངུལ་རྩའི་ཉེན་ཁ་ཚོད་འཛིན་ཐུབ་པ་ཞིག་ཡོད། དེ་དང་ཆབས་ཅིག་རྒྱལ་སྤྱི་རྒྱལ་ནང་གི་དཔལ་འབྱོར་འཕར་ཤུགས་ཆག་པའི་གནོན་ཤུགས་ཀྱི་ཕྱོགས་བསྡུས་ཤུགས་རྐྱེན་འོག་རང་རྒྱལ་གྱི་དངུལ་རྩའི་ལས་རིགས་འཕེལ་རྒྱས་ཐད་ཉེན་ཁ་དང་འགྲན་སློང་མི་ཉུང་བ་ཞིག་འཕྲད་ཡོད། དཔལ་འབྱོར་གོ་ལ་ཅན་འཕེལ་རྒྱས་གཏིང་ཟབ་འགྲོ་བའི་དེང་གི་དུས་སུ་དངུལ་རྩའི་ཉམས་ཉེན་གྱི་ཕྱིར་མངོན་པའི་རང་བཞིན་མངོན་གསལ་དོད་ལ། རྒྱལ་སྤྱིའི་དངུལ་རྩའི་ཉེན་ཁ་གནས་ཡུལ་སྔར་བཞིན་མི་ཉུང་བ་ཞིག་ཡོད། རྒྱལ་ཁབ་ཁག་གཅིག་གི་དངུལ་ལོར་སྲིད་ཇུས་དང་ནོར་སྲིད་སྲིད་ཇུས་ལེགས་སྒྲིག་བྱས་པ་ལས་ཆགས་པའི་ཉེན་ཁ་ཕྱིར་མངོན་པའི་ཤུགས་རྐྱེན་གྱིས་རང་རྒྱལ་གྱི་དངུལ་རྩའི་བདེ་འཇགས་ལ་ཕྱི་ངོས་ཀྱི་ཕོག་ཐུག་བྱུང་སྲིད་པས། གནས་པའི་དངུལ་རྩའི་ཉེན་ཁར་ང་ཚོས་ངེས་པར་དུ་སེམས་ལ་གདེང་ཚོད་ཡོད་པ་བྱས་ནས་ཉེན་ཁར་དོགས་ཟོན་བྱེད་པའི་འདུ་ཤེས་ཟབ་ཏུ་བཏང་སྟེ་སྔོན་ཚུད་ནས་གྲ་སྒྲིག་དང་། ལྟ་དཔྱད་ཚད་ལེན་ཞིབ་ཚགས། བརྡར་ཤ་གནད་འཁེལ། དོགས་ཟོན་ནུས་ལྡན་བཅས་བྱས་ནས་ཉེན་ཁ་གཅིག་ཀྱང་སྣང་མེད་དུ་མི་འཇོག་པ་དང་མི་མངོན་པའི་རྐྱེན་ངན་གཅིག་ཀྱང་མི་ཐོན་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
  ཞི་ཅིན་ཕིང་གིས་དངུལ་རྩའི་བདེ་འཇགས་སྲུང་སྐྱོང་བྱེད་པར་མཐའ་ཚད་ཀྱི་བསམ་གཞི་མཐའ་འཁྱོངས་དང་གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ནས་དངུལ་རྩའི་ལས་དོན་ཕྱོགས་ཡོངས་ནས་ལེགས་པར་སྒྲུབ་པའི་རྨང་གཞིའི་ཐོག་དངུལ་རྩའི་སྒྱུར་བཅོས་གཏིང་ཟབ་ནུས་ལྡན་བཏང་ནས་དངུལ་རྩའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། ཚན་རིག་དང་མཐུན་པའི་ངང་ཉེན་ཁ་སྔོན་འགོག་བྱེད་པ། བདེ་འཇགས་ཡོང་བར་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་བ། དངུལ་རྩའི་ལས་རིགས་ཀྱི་འགྲན་རྩོད་ནུས་པ་དང་། ཉེན་ཁ་འགོག་པའི་ནུས་པ། རྒྱུན་མཐུད་འཕེལ་རྒྱས་ཀྱི་ནུས་པ་བཅས་རྒྱུན་ཆད་མེད་པ་ཆེ་རུ་གཏོང་བ་བྱས་ཐོག་མ་ལག་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མི་ཐོན་པ་བྱེད་པའི་མཐའ་ཚད་མཐའ་གཅིག་ཏུ་སྲུང་དགོས། དངུལ་རྩའི་ལས་རིགས་འཕེལ་རྒྱས་གཏོང་བར་ཕྱི་རྒྱལ་གྱི་ཕན་འབྲས་ལྡན་པའི་ཉམས་མྱོང་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་དགོས་མོད། འོན་ཀྱང་ངེས་པར་དུ་རང་རྒྱལ་གྱི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞིགས་པ་དང་རང་རྒྱལ་གྱི་དོན་དངོས་ལ་གཞིགས་ཏེ་རང་རྒྱལ་གྱི་དངུལ་རྩའི་ལས་རིགས་འཕེལ་རྒྱས་ཀྱི་ཁྱད་ཆོས་དང་ཆོས་ཉིད་གནད་ལ་འཁེལ་བའི་ངང་ཁོང་དུ་ཆུད་པ་བྱས་ཏེ་འདྲ་སྤོས་འདྲ་བཤུས་བྱེད་མི་རུང་བའི་མཛུབ་སྟོན་གནང་བ་རེད།
  ཞི་ཅིན་ཕིང་གིས་དངུལ་རྩའི་བདེ་འཇགས་སྲུང་སྐྱོང་བྱེད་པའི་ཐད་ལས་འགན་ཁག་6བཏོན་གནང་བ་སྟེ། གཅིག་ནས་དངུལ་རྩའི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་དངུལ་རྩའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། དངུལ་རྩའི་ལས་རིགས་ཀུང་སི་བཅོས་སྐྱོང་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། གཟབ་ནན་དང་སྒྲིག་སྲོལ་དང་མཐུན་པའི་གཉེར་སྐྱོང་འདུ་ཤེས་ནན་དུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། དངུལ་རྩའི་སྒྲིག་གཞིས་ཉེན་ཁར་དོ་དམ་བྱེད་པའི་འགན་འཁྲི་ཏན་ཏིག་འཁུར་རྒྱུར་སྐུལ་འདེད་གཏོང་བ། ཁྲོམ་རའི་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་ཆིངས་འགལ་ཐག་གཅོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། གཉིས་ནས་དངུལ་རྩའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཁོངས་གཏོགས་གལ་ཆེན་རང་བཞིན་གྱི་དངུལ་རྩའི་སྒྲིག་གཞིར་སྤྱི་འདོམས་ལྟ་སྐུལ་དོ་དམ་དང་། དངུལ་རྩའི་མ་རྐང་ཚོད་འཛིན་ཀུང་སི་དང་དངུལ་རྩའི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ལ་སྤྱི་འདོམས་ལྟ་སྐུལ་དོ་དམ། དངུལ་རྩའི་ལས་རིགས་ཕྱོགས་བསྡུས་བསྡོམས་རྩིས་ལ་སྤྱི་འདོམས་འགན་འཁུར་བཅས་བྱས་ནས་དངུལ་རྩའི་ཁོངས་གཏོགས་འཁོར་སྐྱོད་ཡག་པོ་ཐུབ་པའི་འགན་ལེན་དང་། ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་གཙོ་གནད་ལྷུ་ཚིགས་ལ་དམ་འཛིན་བྱེད་པའི་འགན་ལེན། ཉེན་ཁ་སྔོན་འགོག་ཚོད་འཛིན་ཐད་རིག་པ་དྭངས་གསལ་ཡོང་བའི་འགན་ལེན་བཅས་བྱས་ཏེ་དངུལ་རྩའི་ལས་རིགས་འཕེལ་རྒྱས་དང་ལྟ་སྐུལ་དོ་དམ་གྱི་ཤུགས་ཆེའི་མཉམ་ཤུགས་ཆགས་པ་བྱས་ཐོག་ལྟ་སྐུལ་དོ་དམ་གྱི་ཞན་ཆ་གསབ་པ་དང་ལྟ་སྐུལ་དོ་དམ་གྱི་སྟོང་ཆ་མི་ལུས་པ་བྱེད་དགོས་པ། གསུམ་ནས་བྱ་ཐབས་སྤྱད་དེ་ཉེན་ཁ་གནས་ཡུལ་ཐག་གཅོད་བྱས་ཏེ་འཕར་ཚད་ཚོད་འཛིན་ནུས་ལྡན་བྱེད་པ་དང་། གསོག་ཚད་ཐག་གཅོད་ཧུར་ཐག་བྱེད་པ། བུ་ལོན་མེད་པ་བཟོ་བ་དང་དེ་ལས་གཡོལ་བའི་བྱེད་སྤྱོད་ལ་རྡུང་རྡེག་གཏོང་བ། འདེགས་ཤིང་སྤྱོད་ཚད་ཚོད་འཛིན་བྱེད་པ། ཁྲོམ་རའི་ཁྲིམས་འགལ་སྒྲིག་འགལ་བྱེད་སྤྱོད་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་བ། དངུལ་རྩའི་ཁྲོམ་ར་དང་དྲ་སྦྲེལ་དངུལ་རྩར་གཙོ་གནད་ཐོག་དམིགས་ནས་མཐིལ་རྟོགས་གྲལ་བཤེར་དང་ཞིབ་བཤེར་ཐག་གཅོད་བྱེད་དགོས་པ། བཞི་ནས་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ལ་དངུལ་རྩའི་ཁོར་ཡུག་བཟང་པོ་གཏོད་དེ་དངུལ་རྩའི་དཔལ་འབྱོར་ནང་ཞུགས་པའི་ཐབས་ལམ་ཤར་བགྲོད་ཐུབ་པ་བྱེད་པ་དང་། རིམ་པ་མང་བའི་མ་རྩའི་ཁྲོམ་ར་ཚད་ལྡན་དང་འཕེལ་རྒྱས་ཧུར་ཐག་གཏོང་བ། ཐད་ཀའི་མ་དངུལ་བསྡུ་སྒྲིལ་བྱེད་ཁྱོན་ཆེ་རུ་གཏོང་བ། ཡིད་རྟོན་དངུལ་བུན་སྲིད་ཇུས་ཀྱི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། དངུལ་རྩའི་སྒྲིག་གཞིས་སྔོན་ཐོན་བཟོ་སྐྲུན་ལས་རིགས་སོགས་ཁྱབ་ཁོངས་ལ་མ་དངུལ་ཐད་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་ལྕག་བྱེད་པ་བཅས་བྱས་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས་པ། ལྔ་ནས་འགོ་ཁྲིད་ལས་བྱེད་པའི་དངུལ་རྩའི་ལས་ཀའི་འཇོན་ཐང་ཆེ་རུ་གཏོང་བ་དང་། འགོ་ཁྲིད་ལས་བྱེད་པ་དང་ལྷག་དོན་དུ་མཐོ་རིམ་ལས་བྱེད་པས་དངུལ་རྩའི་ཤེས་བྱ་སློབ་སྦྱོང་ཧུར་ཐག་བྱས་ནས་དངུལ་རྩའི་ལས་སྒོ་བྱང་ཆུབ་པ་དང་། དངུལ་རྩའི་ཆོས་ཉིད་ཁོང་དུ་ཆུད་པ་བྱས་ཏེ་དངུལ་རྩའི་བྱ་ཐབས་སྤྱད་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཤེས་པ་བྱེད་དགོས་ལ་དངུལ་རྩའི་ཉེན་ཁར་དོགས་ཟོན་དང་སེལ་ཤེས་པ་བྱས་ནས་ལྟ་སྐུལ་དོ་དམ་གྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་ལྟ་སྐུལ་དོ་དམ་གྱི་ལས་ཕྱོད་ཆེ་རུ་གཏོང་དགོས་པ། དྲུག་ནས་ཏང་གིས་དངུལ་རྩའི་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། ཏང་གིས་དངུལ་རྩའི་ལས་དོན་ལ་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལམ་ལུགས་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དུས་བཀག་བཞིན་དངུལ་རྩའི་འཕེལ་རྒྱས་འཐབ་ཇུས་ལ་ཞིབ་འཇུག་དང་། དངུལ་རྩའི་དུས་བབ་ལ་དབྱེ་ཞིབ། དངུལ་རྩའི་བྱེད་ཕྱོགས་སྲིད་ཇུས་གཏན་འཁེལ་བཅས་བྱེད་པའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་དངུལ་རྩའི་ཐབས་ཇུས་ཀྱི་ཚན་རིག་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། དངུལ་རྩའི་སྡེ་ཚན་གྱིས་འགན་ནུས་ལས་བགོས་གཞིར་བཟུང་འགན་འཁྲི་འཁུར་དགོས། ས་གནས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་ས་ཁུལ་དེ་གའི་དངུལ་རྩ་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ལེགས་པར་བསྒྲུབས་ནས་ས་སྲུང་གི་འགན་འཁྲི་ཡག་པོ་ཁུར་ཏེ་རྒྱལ་ཡོངས་གཅིག་མཐུན་གྱི་དངུལ་རྩའི་ཉེན་ཁ་སྔོན་འགོག་ཚོད་འཛིན་གྱི་རྣམ་པ་ཞིག་ཆགས་པ་བྱེད་དགོས་པ་བཅས་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716