སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞིས་ཅིན་ཕིང་ནས་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པ་དང་། ཀུན་སྤྱོད་དང་བཅའ་ཁྲིམས་གཉིས་ཆར་མྱོང་རྟོགས་ཡོད་པའི་མི་སྣ་གསོ་སྐྱོང་བྱེད་དགོས་ཞེས་གསུངས།
སྤེལ་དུས། 2017-05-08   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བློ་ཕུན་གྱིས་བསྒྱུར།
  ལྔ་བཞི་གཞོན་ནུའི་དུས་ཆེན་འཆར་ཉེའི་མཚམས་དང་ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་བཙུགས་ནས་ལོ་ངོ65འཁོར་བའི་སྔ་ནུབ་ཏུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་མཆོག་གིས་ཚེས3ཉིན་གྱི་ཕྱི་དྲོར་ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་དུ་རྟོག་ཞིབ་ཏུ་ཕེབས་ཤིང་། ཞིས་ཅིན་ཕིང་མཆོག་ནས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་རྒྱལ་ཡོངས་མི་རིགས་ཁག་གི་གཞོན་ནུ་རྣམས་ལ་དུས་ཆེན་གྱི་མཛའ་བརྩེའི་འཚམས་འདྲི་དང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་སློབ་གསོའི་ལས་དོན་པ་དང་། གཞོན་ནུའི་ལས་དོན་པ། ཁྲིམས་སྐྱོང་ལས་དོན་པ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད། ཁོང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་ནི་ཡུན་རིང་བའི་ལོ་རྒྱུས་ཀྱི་འགན་འཁྲི་གལ་ཆེན་ཞིག་ཡིན་པས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལམ་བུ་རྒྱུན་འཁྱོངས་བྱེད་པ་དང་། མར་ཁེ་སི་རིང་ལུགས་ཀྱི་ཁྲིམས་ལུགས་རིག་པའི་བསམ་བློ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གཞུང་ལུགས་ཀྱི་མཛུབ་ཁྲིད་རྒྱུན་འཁྱོངས་བཅས་བྱས་ཏེ། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པ་དང་ཀུན་སྤྱོད་དང་བཅའ་ཁྲིམས་གཉིས་ཆར་མྱོང་རྟོགས་བྱེད་པའི་སློབ་གསོའི་ཁ་ཕྱོགས་འོག་ཏུ་བྱང་ཚད་མཐོ་བའི་ཁྲིམས་སྐྱོང་ཤེས་ལྡན་མི་སྣ་འབོར་ཆེན་གསོ་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
  ཞིས་ཅིན་ཕིང་མཆོག་ནས་ནན་བཤད་གནང་བར། ཀྲུང་གོའི་འབྱུང་འགྱུར་གཞོན་ནུ་ཚོར་དབང་ཞིང་། ཀྲུང་ཧྭ་མི་རིགས་ཀྱི་འབྱུང་འགྱུར་ཡང་གཞོན་ནུ་ཚོར་དབང་བ་ཡིན།  གཞོན་ནུའི་སྡེ་ཡི་ཕུགས་བསམ་དང་ཆོད་སེམས། བསམ་པའི་ཉམས་འགྱུར། ཕྱོགས་བསྡུས་བྱང་ཚད་བཅས་ནི་རྒྱལ་ཁབ་གཅིག་གི་འཕེལ་རྒྱས་ཀྱི་གསོན་ཤུགས་མཚོན་ཚུལ་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་གཅིག་གི་ལྟེ་བའི་འགྲན་རྩོད་ནུས་པའི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན།  དེང་སྐབས་ཀྲུང་གོའི་ཆེས་མངོན་གསལ་དོད་པའི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་ནི“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ་དེ་རེད། དེང་སྐབས་ཀྱི་གཞོན་ནུ་ཚོས་དུས་རབས་ཀྱི་བརྗོད་དོན་གཙོ་བོའི་འཕེལ་ཕྱོགས་དང་མཐུན་པའི་ཕུགས་བསམ་དང་ཆོད་སེམས་འཛུགས་པ་དང་། དུས་རབས་ཀྱིས་དཀྲིས་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཁུར་དུ་བཟོད་པ། ཕུགས་བསམ་གྱི་གོ་ཆ་བགོས་ཏེ་སློབ་བརྩོན་དང་སྙིང་རུས་ཆེན་པོས་སྦྱོང་བརྡར་བྱས་ཏེ་སྤྲོ་སེམས་འཕེལ་བའི་འབད་འཐབ་ཁྲོད་ལང་ཚོའི་འོད་སྣང་འགྱེད་པ་དང་སྐྱོན་བྲལ་ངང་འཚར་ལོངས་ཡར་རྒྱས་ཡོང་བ་བྱེད་དགོས་ཞེས་གསུངས།
  ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་ནི་རང་རྒྱལ་གྱི་སྐད་གྲགས་ཆོད་པའི་མཐོ་སློབ་ཅིག་ཡིན་ཞིང་སྤྱི་ལོ1952ལོར་དབུ་བརྙེས།“བརྩེ་བ་ཆེན་པོ། བཅའ་ཁྲིམས་རྟོགས་པ། གནས་ལུགས་འཚོལ་བ། སྤྱི་སྙོམས་ཆེན་པོ”བཅས་ནི་སློབ་གྲྭའི་གདམ་ཚིག་ཡིན་ཞིང་། དུས་ཡུན་རིང་པོའི་ནང་དུ་རྒྱལ་ཁབ་ལ་ཁྲིམས་སྐྱོང་ཤེས་ལྡན་མི་སྣ་འབོར་ཆེན་གསོ་སྐྱོང་བྱས་ཡོད། 
  སྟོན་མཇུག་ཚེས་པའི་དུས་མཚམས་སུ་པེ་ཅིང་གྲོང་ཁྱེར་ཁྲང་ཕིང་ཁུལ་དུ་གནས་པའི་ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་གྱི་སློབ་རའི་ནང་དུ་སྔོ་ལྗང་དང་གསོན་ཤུགས་ཀྱི་རྣམ་པ་ཞིག་ངང་གིས་ཁྱབ་ཡོད། སྔ་དྲོའི་ཆུ་ཚོད9དང་སྐར་མ20ཐོག་ཏུ་ཞིས་ཅིན་ཕིང་མཆོག་སློབ་གྲྭའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཧྲེ་ཡཱ་ཅུན་དང་སློབ་སྤྱི་ཧོང་ཅིན་ཕའེ་ཡི་ཕེབས་རོགས་འོག་ཏུ་ཐོག་མར་དབྱི་ཧྥུ་ཐོག་ཁང་གི་ཐོག་བརྩེགས་དང་པོར་བྱོན་ཏེ། སློབ་གྲྭའི་ལོ་རྒྱུས་འཕེལ་རིམ་ཁག་གི་གྲུབ་འབྲས་ལ་གཟིགས་སྐོར་མཛད། པར་རིས་རེ་རེ་དང་ཅ་དངོས་རེ་རེས་རབས་མི་འདྲ་བའི་ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམས་པས་ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་དང་ཀྲུང་གོའི་ཁྲིམས་སྐྱོང་འཛུགས་སྐྲུན་ཐད་བཅོལ་བའི་ཐུགས་ཁུར་དང་རྒྱབ་སྐྱོར་མཚོན་ལ། ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་གྱི་འཕེལ་རྒྱས་ལོ་རྒྱུས་འགྲེམ་སྟོན་བྱས་ཡོད་ཅིང་། ཞིས་ཅིན་ཕིང་གིས་སྐབས་སྐབས་སུ་གོམ་ཁ་སྤོ་མཚམས་བཞག་སྟེ་གཟིགས་རྟོག་དང་འབྲེལ་ཡོད་གནས་ཚུལ་འདྲི་རྟོགས་མཛད། ཁོང་གིས་ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་གྱིས་མི་སྣ་གསོ་སྐྱོང་དང་། རིག་གཞུང་ཞིབ་འཇུག སྤྱི་ཚོགས་ཞབས་ཞུ། རིག་གནས་རྒྱུད་འཛིན། རྒྱལ་སྤྱིའི་སྤེལ་རེས་མཉམ་ལས། ཁྱད་ལྡན་སློབ་ཚན་སོགས་ཀྱི་ཐད་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་བཟང་པོ་གནང་བ་དང་སྦྲགས། སློབ་གྲྭས་ཉམས་མྱོང་ལ་ཕྱོགས་བསྡོམས་དང་། གསར་སྤེལ་ལ་བཅོས་སྒྱུར། དེ་བས་ལེགས་པའི་སྒོ་ནས་ཐོན་ཁུངས་ལ་བཅོས་སྒྲིག་དང་། ནུས་ཤུགས་རྟེན་ས་འཚོལ་བ་བཅས་ཀྱིས། སློབ་ཁྲིད་དང་རིག་གཞུང་ཞིབ་འཇུག སློབ་མ་བསྐྱེད་བསྲིངས་སོགས་ལས་དོན་མཐའ་དག་སྔར་བའི་ལེགས་པའི་སྒོ་ནས་སྤེལ་ཐུབ་པའི་རེ་བ་བཅངས་གནང་བ་རེད། 
  འགྲེམ་སྟོན་ཁང་གི་ནང་དུ་སྤྱི་ཁྱབ་ཧྲུའུ་ཅི་མཆོག་ནས་མཛའ་བརྩེ་ཟབ་མོའི་སྒོ་ནས་ཀྲང་ཅིན་ཧྥན། ལེའན་ཤིས་ཧྲེང་། ལིའི་ཏེ་ཧྲུན། ཝང་ཝུད་གོ པེའོ་ཅའན་ལིན་སོགས་དགེ་རྒན་ཆེན་མོ་རྒན་གྲས་ཁག་ཅིག་ལ་མཇལ་འཕྲད་གནང་ཞིང་། ཁོང་ཚོ་དང་ཕྱག་བཏང་གནང་སྟེ་མཛའ་བརྩེའི་སྒོ་ནས་བགྲོ་གླེང་མཛད། ཀྲུང་གོ་གསར་པའི་ཁྲིམས་སྐྱོང་འཕེལ་རིམ་ལ་ཞུགས་མྱོང་བའི་དགེ་རྒན་ཆེན་མོ་ཚོས་ཁོང་ཚོས་ཁྲིམས་སྐྱོང་གི་དགོངས་པ་དང་། རིག་གཞུང་གི་ཐབས་ལམ་ཐད་ཀྱི་བསམ་ཚུལ་ལྷུགས་རྗོད་གནང་ཞིང་། ཞིས་ཅིན་ཕིང་མཆོག་ནས་ཁོང་ཚོས་ཁྲིམས་སྐྱོང་གཞུང་ལུགས་ཐད་ཀྱི་ཞིབ་འཇུག་དང་མི་སྣ་གསོ་སྐྱོང་ཐད་ཕུལ་བའི་ལེགས་སྐྱེས་ལ་ཐུགས་རྗེ་ཆེ་ཞུས་པ་དང་། མུ་མཐུད་དུ་རང་གི་རྣམ་དཔྱོད་དང་ཡོན་ལྡན་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་བཏོན་ལ། ཁོང་ཚོའི་འཚོ་བ་བདེ་སྐྱིད་ལྡན་པ་དང་ལུས་ཕུང་བདེ་ཐང་ཡོང་བའི་སྨོན་འདུན་ཀྱང་ཞུས་པ་རེད། གཟིགས་སྐོར་གྲུབ་རྗེས་ཞིས་ཅིན་ཕིང་མཆོག་ནས་ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་གྱི་དབུ་ཁྲིད་ཚོགས་པའི་ཚོགས་མི་དང་གཞན་དགེ་ཆེན་མོ་ཁག་ཅིག་དང་ལྷན་དུ་དྲན་རྟེན་ལྷན་པར་སྒྲོན་གནང་མཛད།
 
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716