སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞིས་ཅིན་ཕིང་གིས་གཞོན་ནུ་རྣམས་ལ་གདམས་པའི་བསླབ་བྱ།
སྤེལ་དུས། 2017-05-09   ཡོང་ཁུངས།    རྩོམ་སྒྲིག་པ།  རླུང་གཞོན་གྱིས་བསྒྱུར།
  ཀྲུང་དབྱང་བརྙན་འཕྲིན་དྲ་བས་གནས་ཚུལ་སྤེལ་དོན། ན་གཞོན་ནི་རྒྱལ་ཁབ་ཀྱི་རེ་བ་ཡིན། ཏང་གི་སྐབས་བཅོ་བརྒྱད་པ་འཚོགས་ཚུན་ལ་ཞིས་ཅིན་ཕིང་ལགས་གཞོན་ནུའི་བྱེད་སྒོར་ཐེངས་དུ་མར་ཞུགས་ནས་ཁོ་ཚོ་དང་སེམས་ཀྱི་གླེང་མོལ་བྱས་པ་དང་། ཁོ་ཚོའི་བསྐུར་འཕྲིན་ལ་འཕྲིན་ལན་སྤྲིངས་ཏེ་རྣམ་པ་གང་རུང་ནས་གཞོན་ནུ་རྣམས་ལ་མཐོང་ཆེན་དང་ཐུགས་ཁུར་གནང་བ་དང་། འབད་བྱའི་ཁ་ཕྱོགས་གསལ་བོ་བསྟན། 
  ༩༨ལོའི་སྔ་རོལ་ཏུ་རྒྱལ་ཁབ་འཇིག་ཉེན་ལས་སྐྱོབ་ཅིང་མི་དམངས་ཟིང་འཁྲུག་ལས་ཐར་ཕྱིར་དུ་གཞོན་ཤ་དར་ལ་བབ་ཅིང་བློ་རིག་བཀྲ་ལ་ཡངས་པའི་བློ་སྤོབས་ཅན་གྱི་ན་གཞོན་སློབ་མ་རྣམས་ལྷན་གཅིག་ཏུ་འཛོམས་ཏེ།རང་སྲོག་འབེན་ལ་བཞག་ནས་མི་རིགས་ཀྱི་རྟོགས་པ་སད་ཅིང་མེས་རྒྱལ་དང་མི་རིགས་ཀྱི་ཁེ་ཕན་སྲུང་།  ལོ་རྒྱུས་ཀྱི་འཁོར་ལོ་འདི་ནམ་ཡང་འདུན་ཕྱོགས་སུ་འཁོར་ཞིང་རྒྱུ་བཞིན་པའི་ཉེ་བའི་དུས་རབས་གཅིག་ཕྱིས་ཀྱི་དེ་རིང་གི་ཉིན་མོ་འདི་ལ། ཏང་གི་འགོ་ཁྲིད་འོག་ཏུ་མི་རབས་ནས་མི་རབས་ཤིག་གི་གཞོན་ནུ་དག་ལོ་རྒྱུས་ཀྱི་འགོ་བསླང་ས་གསར་བ་ཞིག་ནས་འགྲེང་ནས་རེ་བ་ཆེན་པོས་མི་ཚེ་ལ་འཆར་གཞི་བཟོས་ཤིང་། ལོ་རྒྱུས་ཀྱི་ལེའུ་བརྩམས་ཏེ་ཁྱིམ་གཞི་ལྟ་བུའི་རྒྱལ་ཁབ་འདིའི་བརྩེ་བའི་མར་མེ་གསོས།   
  གཞོན་ནུ་དར་ན་རྒྱལ་ཁབ་འཕེལ། གཞོན་ནུའི་སྟོབས་ཤུགས་ཆེ་ན་རྒྱལ་ཁབ་སྟོབས་འབྱོར་ལྡན་ཞེས་པའི་དཔེ་བཞིན་དུ་མི་རབས་ནས་མི་རབས་སུ་གཞོན་ནུའི་ཞིམ་མེད་ཀྱི་སྤོབས་པ་ཆེན་པོ་དེ་ལོ་ངོ་བརྒྱ་གཉིས་ཀྱི་འབད་བྱའི་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་བྱེད་ཀྱི་གདུང་མ་ལྟ་བུར་གྱུར་ཡོད།
  སློབ་སྦྱོང་ལ་འབད་བརྩོན་དང་ཀུན་སྤྱོད་ལ་བློ་སྦྱོང་། བླང་དོར་ལ་དཔྱོད་ཤེས། བསམ་པ་རྣམ་པར་དག་དགོས་པ་ནི་ཞིས་ཅིན་ཕིང་གིས་པེ་ཅིང་སློབ་ཆེན་གྱི་དགེ་སློབ་རྣམས་དང་ཞལ་མོལ་གནང་དུས་སུ་དེང་གི་སློབ་ཆེན་པར་བཏོན་པའི་རེ་བ་རེད། ཁོང་གིས་སློབ་སྦྱོང་ལ་འབད་བརྩོན་བྱེད་དགོས་པ་དེ་རེ་བའི་ཐོག་མར་བཞག་ཏེ། སློབ་སྦྱོང་ལ་འབད་པ་དང་ཤེས་བྱའི་སློབ་གཉེར་ལ་བརྩོན་པ་ནི་མེད་དུ་མི་རུང་ཡང་། དེ་ཡང་ཐོག་མར་བསླབ་བྱའི་ཤེས་བྱ་དེ་ནང་དུ་བཅུག་ནས་རང་གི་ལྟ་བར་འགྲུབ་དགོས་པ་དེ་གཙོ་བོ་རེད། དེ་བས་དཔེ་ཆའི་གཏེར་མཛོད་ལ་བློ་རིག་སྒྲིམ་ནས་ཤེས་བྱའི་བློ་རྒྱ་ཡངས་པོ་བསྐྱེད་ཞོར་དུ་རྒྱལ་ཁབ་དང་མི་དམངས། འཛམ་གླིང་ལ་དོ་ཁུར་བྱེད་པའི་སྤྱི་ཚོགས་ཀྱི་འགན་འཁྲི་དེ་རྣམ་པ་ཀུན་ཏུ་བློ་ལ་ངེས་དགོས། 
  སྦྱངས་བ་གཞུ་མོ་དང་ཡོན་ཏན་མདའ་མོ་ཞེས་པའི་དཔེ་བཞིན་དུ་སློབ་སྦྱོང་ནི་མཚར་ལོངས་དང་བསམ་བློ་ཡར་སྐྱེད་ཀྱི་ཐེམ་སྐས་ལྟ་བུ་ཡིན།  ༢༩༦༩ལོར་ལོ་ན༡༦སོན་པའི་ཞིས་ཅིན་ཕིང་ལགས་ཧྲན་པེ་ཡན་ཨན་གྱི་ལིང་ཅ་ཧེ་གྲོང་ཚོར་ཕྱིན་ནས་དེ་གར་ལོ་ངོ་བདུན་ལྷག་ལ་ན་གཞོན་ཤེས་ལྡན་པའི་འཚོ་བ་རོལ། མཚན་མོ་དང་ཉིན་གུང་གི་ངལ་གསོའི་བར་གསེང་དུ་ཁོང་གིས་ས་དོང་དུ་དཔེ་ཀློག་བྱེད་རྒྱུར་དགའ་བོ་ཡོད། དཔེ་དེབ་སྒམ་གང་ཁོང་ཉིད་ཡུལ་འདིར་ཡོང་དུས་སུ་འཁྱེར་ཡོང་བ་དང་དུས་རྟག་ཏུ་སྣག་ཚའི་སྣོད་ལས་བཟོས་པའི་སྣུམ་སྒྲོན་འོག་བཀླགས་ནས་ཆུ་ཚོད་ཡུན་རིང་འགོར་མྱོང་ཡོད། དུས་སྐབས་དེར་ཁོང་གི་ཐུགས་ལ་རྒྱལ་ཁབ་དང་མི་དམངས་ཀྱི་ཆེད་ལ་འབད་པ་ལྷོད་མེད་བྱེད་དགོས་ཀྱི་སེམས་རྩ་བརྟན་པོའི་ས་བོན་བསྐྲུན། 
  ན་གཞོན་གྱི་དུས་ནི་སློབ་གཉེར་གྱི་བཟང་སྒང་ཡིན་པས་ལྷག་ཏུ་བརྩོན་པ་བསྐྱེད་དགོས། ཤེས་བྱ་གསར་བ་ཉིན་རེ་ནས་ཉིན་རེར་འཕེལ་བའི་ད་ལྟའི་དུས་འདིར་དུས་རབས་ཀྱི་གོམ་ཁ་དང་བསྟུན་དགོས་ན་ངེས་པར་དུ་སློབ་སྦྱོང་བོར་མི་རུང་། སློབ་སྦྱོང་ལ་དམ་འཛིན་མ་བྱས་ན་རྗེས་ལུས་ཀྱི་གྲལ་དུ་འཇུག་ངེས་ལ་དུས་རབས་ཀྱིས་ཀྱང་ཕར་བསྐྲད་སྲིད་པས། གཞོན་ནུ་རྣམས་ཀྱིས་སློབ་སྦྱོང་གི་འོས་འགན་དེ་དང་བོར་བཟུང་ནས་འགན་འཁྲི་ཞིག་དང་། ཡང་ན་འདུན་མའི་འཚོལ་སྙེག འཚོ་བ་རོལ་སྟངས་ཤིག་ཏུ་རློམ་ནས་སློབ་སྦྱོང་གི་ཕུགས་རེ་འགྲུབ་ཐུབ་པ་དང་། ནུས་པར་བརྟེན་ནས་བྱ་གཞག་ཆེན་པོ་སྒྲུབ་ཐུབ་པའི་ལྟ་གྲུབ་ཡོད་ན། ད་གཟོད་ཕ་མཐར་ཆས་པའི་བསམ་བློའི་རྒྱགས་ཕྱེ་རུ་འགྱུར་སྲིད་ལ། ནམ་འཕངས་བརྟོལ་བའི་གཤོག་འགྱུ་སྟོབས་ཆེན་དེ་འགྱུར་ཐུབ།
  སློབ་སྦྱོང་ནི་དཔེ་དེབ་ལས་མ་ཟད་ལག་ལེན་དུ་འདེབས་དགོས་པ་ཞིག་རེད་དེ། བསླབ་པ་མེད་ན་ཡོན་ཏན་ག་ནས་འབྱུང་། བརྩོན་པ་མེད་ན་མཁས་པར་ག་ནས་འགྱུར་ཞེས་པའི་དཔེ་བཞིན་དུ། གཞོན་ནུ་རྣམས་ཀྱིས་སློབ་སྦྱོང་གི་ཁྲོད་དུ་མི་ཚེའི་ཉམས་མྱོང་དང་སྤྱི་ཚོགས་ཤེས་བྱ་ལ་མཐོང་ཆེན་པོ་བྱེད་དགོས་པ་མ་ཟད། ལག་ལེན་གྱི་ཁྲོད་དུ་ཉམས་སད་དེ་རང་རྒྱུད་ལ་རིག་པའི་ཤེས་བྱའི་ཐིགས་པ་བསགས་དགོས།  རང་རྒྱལ་གྱི་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་རླབས་ཆེན་ཉམས་ལེན་ནི་བློ་གྲོས་དང་སྟོབས་ཤུགས་ལ་བརྟེན་པ་ཡིན་ཡང་མཐར་གཏུག་ན་བརྩོན་འགྲུས་ལ་རག་ལས་ཤིང་། བརྩོན་འགྲུས་ཀྱིས་ཤེས་བྱ་གསར་བ་སྦྱོང་རྒྱུ་གོ་རྟོགས་བསྐྱེད་དེ་སྐོམ་པའི་ཆུ་བཞིན་དུ་ཡོན་ཏན་སྦྱངས་ཤིང་སྤུས་ཚད་དང་ནུས་པ་ཇེ་མཐོར་བཏང་བ་རེད། སྐབས་དེའི་གཞོན་ནུ་རྣམས་སློབ་གཉེར་ལ་བརྩོན་ཞིང་། འགན་འཁྲི་འཁུར་འཁྱེར། རང་སྲོག་བློས་གཏོང་གི་ཆོད་སེམས་ཏེ་དུས་རབས་ཀྱིས་བསྩལ་བའི་ལོ་རྒྱུས་ཀྱི་འགན་འཁྲི་ཁུར་དུ་འཁྱེར་བའི་གདུང་འདེགས་ཀྱི་ཀ་བ་ལྟ་བུ་གྱུར་བས་ཁོང་ཅག་གི་བློ་སྤོབས་དང་རྣམ་དཔྱོད་དེ་རྒྱབ་ཁབ་དང་མི་དམངས་ཀྱི་མཁའ་དབྱིངས་སུ་ལྡིང་།
  གསར་གཏོད་ནི་གོ་སྐབས་ཏེ། དེ་ལ་གདོང་ལེན་བྱེད་ཕོད་ན་དུས་རབས་ཀྱི་མདུན་དུ་བསྐྱོད་ཐུབ། 
  གལ་སྲིད་ན་གཞོན་ནི་མི་རིགས་ཀྱི་རེ་བ་ཡིན་ན་གསར་གཏོད་ནི་མི་རིགས་ཡར་རྒྱས་ཀྱི་རྣམ་ཤེས་ལྟ་བུ་སྟེ། རྒྱལ་ཁབ་དར་རྒྱས་ཀྱི་འབྱུང་རྩ་དང་ཀྲུང་ཧྭ་མི་རིགས་ཀྱི་ལས་བསྐོས་ཡིན།    
  གསར་གཏོད་ནི་དེང་གི་དུས་འདིའི་འཕེལ་སྟངས་གཙོ་བོ་ཞིག་ཡིན་པས།  ནམ་ཡང་གོ་སྐབས་ནི་གསར་གཏོད་ལ་དགའ་བའི་མི་དེ་དབང་བ་ལས་རྙིང་བ་མཁྲེགས་འཛིན་དང་རྩོལ་མེད་ལོངས་སྤྱོད་སྙེག་མཁན་ལ་མི་དབང་། གསར་གཏོད་ལ་དུས་རབས་ཀྱིས་རེ་འབོད་དང་ན་གཞོན་གྱིས་རེ་བས་བརྟས་ཡོད་པ་བཞིན་དུ་སྤྱི་ཚོགས་ཡོངས་སུའང་གསར་གཏོད་ལ་མོས་མཁན་ཧ་ཅང་མང་བ་སྟེ། ཆོས་ཉིད་དང་ལས་བསྐོས་གང་རུང་ནས་བལྟས་ན་ཡང་གསར་གཏོད་ནི་མདུན་བསྐྱོད་ཀྱི་སྒུལ་ཤུགས་རེད་ལ།  གསར་གཏོད་གྱི་བློ་རྩ་དང་བློ་ཕུགས་ནི་དུས་རབས་ཀྱི་གདོང་ལེན་པའི་ཁྱད་ཆོས་རང་རེད། དེ་བས་རྒྱ་ཆེའི་གཞོན་ནུ་རྣམས་ལ་སྔོན་བསྐྱོད་ཀྱི་བློ་རིག་ཡོད་དགོས་ཤིང་།  བསམ་བློ་བཅིངས་འགྲོལ་དང་། དུས་བསྟུན་མདུན་སྐྱོད་ཀྱི་སྙིང་སྟོབས་ཡོད་དགོས། ཕྱོགས་ཀུན་ཏུ་འཚོལ་ཞིབ་དང་གསར་གཏོད་ལ་བརྩོན་ལེན་ཕོད་པའི་བློ་རྩ་ཡོད་དགོས་པས། མེས་པོའི་ཤུལ་ནོར་གྱི་རྨང་རྡོའི་སྟེང་ཁོང་ཚོ་ལས་འཕགས་པའི་བློ་གདེང་ཆེན་པོ་སྟེ། བདག་གིས་རང་གི་གཞོན་ཤར་དར་ལ་བབས་ཤིང་བློ་སྟོབས་དང་ངར་སེམས་ཀྱི་རྩལ་འདི་ལ་བརྟེན་ནས་ང་དང་ང་འདྲ་བའི་རྒྱལ་ཁབ་དང་མི་རིགས་ཤིག་སྐྱོང་འདོད་ཅེས་པའི་བསམ་པ་རྒྱ་ཆེན་པོ་ཡོད་དགོས་ལ། རི་ལ་འཕྲད་ན་རི་ལམ་དང་ཆུ་ལ་འཕྲད་ན་ཟམ་པ་བཟོ་ཐུབ་པའི་སྤོབས་པ་སྟེ་གསར་གཏོད་ཀྱི་ཆེད་དུ་དཔའ་ཞིང་རྟུལ་ཕོད་ལ་འཇོན་ཞིང་དཀའ་བ་ཅི་འཕྲད་ལ་གཟི་བོར་གནས་པའི་སྙིང་སྟོབས་ཡོད་དགོས། ལྷག་པར་མངོན་སུམ་བདེན་འཚོལ་དང་དངོས་དོན་འཁུར་ལེན་གྱི་རྣམ་འགྱུར་དེ་དུས་དང་རྣམ་པ་ཀུན་ཏུ་ཡིད་འཆང་ནས་རང་གནས་ཀྱི་ལས་འགན་ཁྲོད་གསར་གཏོད་ཀྱི་ཉམས་མྱོང་བསགས་ཤིང་གྲུབ་འབྲས་ལོན་ཐུབ་པ་ཞིག་བྱེད་དགོས། 
  དད་འདུན་ལ་འགྱུར་བ་མེད་ཅིང་ཕུགས་སེམས་ཀྱི་ལམ་ཕྱོགས་དེད་ན་ད་གཟོད་རང་འགན་ཁུར་ཏུ་འཁྱེར་ཐུབ། 
  ཕུགས་འདུན་ཆེན་པོ། སྤྱོད་ཡོན་གཉིས་ལྡན།  སེམས་རྒྱ་ཤེས་རྒྱ་ཆེ་བ། གསར་གཏོད་ལ་དགའ་ཞིང་ལས་ཕོད་པ་བཅས་ནི་ཞིས་ཅིན་ཕིང་གིས་གཞོན་ནུ་རྣམས་ལ་བཏོན་པའི་ཐུགས་རེ་གསར་བ་རེད། ཐེངས་འདིར་ཁོང་གིས་ཕུགས་འདུན་ཆེན་པོ་དང་པོར་བཞག་ཏེ། ཕུགས་སེམས་ཀྱིས་ལམ་སྣར་འདྲེན་ཐུབ་ཅིང་དད་འདུན་གྱིས་བྱ་གཞག་གི་རྒྱལ་ཕམ་ཐག་གཅོད་ཡིན་པས་ན་གཞོན་རྣམས་ལ་ཕུགས་སེམས་དང་དད་འདུན་ཡོད་ཚེ་དུས་རབས་ཀྱིས་བསྐོས་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཅིས་ཀྱང་འཁུར་ཐུབ།   
  ཕུགས་འདུན་ཆེན་པོ་ཅན་ཞིག་ཡིན་ན་ཞིམ་པ་མེད་པའི་སྙིང་སྟོབས་དང་བློ་མིག་འབྱེད་པའི་རྣམ་དཔྱོད་ནི་མེད་དུ་མི་རུང་ལ། རྒྱབ་ཀྱི་ཁུར་བོ་ནི་གཞན་ལས་ལྕི་ལ་ལམ་ཐག་ཀྱང་དེ་བས་རིང་ངེས། ལོ་རྒྱུས་དང་དངོས་ཡོད་ཀྱིས་བརྗོད་ལུགས་ལ།  ང་ཚོ་གཞོན་ནུའི་རབས་འདི་ནི་ཕུགས་སེམས་ཅན་དང་འགན་འཁྲི་དང་ལེན་ཐུབ་མཁན་ཞིག་ཡིན་ན་རྒྱལ་ཁབ་ལ་མདུན་ལམ་དང་མི་རིགས་ལ་རེ་བ་ཡོད་ཅིང་། རང་ཅག་གི་འབད་བྱའི་མཐར་ཐུག་གི་དམིགས་ཡུལ་འགྲུབ་པ་ལ་ཡང་རི་བོ་བཞིན་བརྟན་པོའི་སྟོབས་ཤུགས་ཆེན་པོ་ཞིག་ལྡན་པ་ཡིན་ཟེར། 
  གནས་ལུགས་ཆེན་པོ་རྟོགས་ན་ཆུང་བ་ཞོར་ནས་ཁྲོལ་ཐུབ། ད་སྔ་རང་རྒྱལ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རིམ་ཐོག་མར་གནས་ཤིང་མ་འོང་བར་ཡང་ཡུན་རིང་བོ་ཞིག་གནས་དགོས་པས། དེང་གི་གཞོན་ནུ་རྣམས་ཀྱིས་ངེས་པར་ཏུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་སེམས་ཡིད་ལ་བཟུང་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ལ་འབད་པ་ལྷོད་མེད་བྱེད་དགོས། ཞིས་ཅིན་ཕིང་གིས་ལས་རིགས་ཁག་གི་ཕུལ་བྱུང་གཞོན་ནུའི་འཐུས་ཚབ་རྣམས་དང་བཞུགས་མོལ་གནང་སྐབས་ཕུགས་སེམས་དང་དད་འདུན་དེ་ཚན་རིག་དང་གཞུང་ལུགས་ཀྱི་ཚུལ་མཐུན་ངོས་འཛིན་དང་། ལོ་རྒྱུས་ཆོས་ཉིད་ཀྱི་ངོས་འཛིན་ཡང་དག རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་ལ་ངེས་ཤེས་འཁྲུལ་མེད་ཡོད་པ་བཅས་ཀྱི་རྨང་གཞིའི་སྟེང་ནས་ཆགས་དགོས་ཞེས་བཀའ་བཅོལ་གནང་བ་དེ་བཞིན་དུ་ང་ཚོས་ཇི་བཞིན་བསྒྲུབ་དགོས། 
  མི་གང་ཞིག་ཡིན་རུང་ཕུགས་སེམས་ཀྱི་འདུན་མ་དེ་རྒྱལ་ཁབ་ཀྱི་མདུན་ལམ་དང་མི་རིགས་ཀྱི་ལས་དབང་ལ་འབྲེལ་ཡོད་ན་ད་གཟོད་རིན་ཐང་ལྡན་པ་དང་། བསམ་བློའི་འཚོལ་སྙེག་དེ་སྤྱི་ཚོགས་ཀྱི་དགོས་མཁོ་དང་མི་རིགས་ཀྱི་ཁེ་ཕན་དང་འཚམ་ན་ད་གཟོད་དོན་སྙིང་ཆེན་པོ་ལྡན། 
  ཞིས་ཅིན་ཕིང་གིས་སྔོན་ཆད་ཀྲུང་གོའི་ཕུགས་འདུན་ནི་ང་ཚོའི་ཕུགས་འདུན་ཡིན་ལ་གཞོན་ནུའི་རབས་ལ་མཚོན་ལ་དེ་བས་ཡིན། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དེ་མཐའ་མཇུག་རྒྱ་ཆེའི་གཞོན་ནུ་རྣམས་ཀྱི་སྟོབས་ཤུགས་ཁྲོད་མངོན་སུམ་དུ་འགྱུར་ཐུབ་ཅེས་གཞོན་ནུ་རྣམས་ལ་འདི་ལྟར་སྐུལ་མ་བཏང་མྱོང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འདི་མངོན་དུ་འགྱུར་ན་མི་རབས་ནས་མི་རབས་ཀྱི་གཞོན་ནུའི་བརྩོན་པ་ལ་བརྟེན་དགོས། དེང་གི་གཞོན་ནུ་རྣམས་ནི་ཕུགས་འདུན་མངོན་འགྱུར་གྱི་དུས་རབས་སུ་འཁེལ་ཡོད་པས་ཕུགས་སེམས་དང་དད་འདུན་ལ་འགྱུར་བ་འབྱུང་མི་རུང་བ་དང་། རྒྱལ་ཁབ་སྟོབས་འབྱོར་དང་མི་རིགས་བདེ་སྐྱིད་ཡོང་བའི་འགན་འཁྲི་དེ་རང་འགན་དུ་བླངས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལག་ལེན་ཁྲོད་ཞུགས་ནས་འབད་འབུངས་ལྷོད་མེད་བྱེད་དགོས།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716