སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞིས་ཅིན་ཕིང་གིས་ཧྥ་རན་སིའི་འདེམས་ཐོན་བྱུང་བའི་ཙུང་ཐུང་མཱ་ཁི་ལུང་ལ་གློག་འཕྲིན་བཏང་།
སྤེལ་དུས། 2017-05-11   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  རླུང་གཞོན་གྱིས་བསྒྱུར།
          ཞིས་ཅིན་ཕིང་གིས་ཧྥ་རན་སིའི་འདེམས་ཐོན་བྱུང་བའི་ཙུང་ཐུང་མཱ་ཁི་ལུང་ལ་རྟེན་འབྲེལ་གློག་འཕྲིན་བཏང་། ཞིས་ཅིན་ཕིང་གིས་བསྟན་དོན། ཀྲུང་ཧྥའི་འབྲེལ་བ་ལ་གཏིང་ཟབ་པའི་ལོ་རྒྱུས་ནང་དོན་ལྡན་ལ། ཀྲུང་གོའི་ཕྱི་འབྲེལ་ཐོག་གོ་གནས་གལ་ཆེན་ཟིན་ཡོད། ཕྱི་འབྲེལ་བཙུགས་པའི་ལོ་ངོ་53རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལ་འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་དུས་གནས་ཀྱིས་གཡོ་སྒུལ་མ་ཐེབས་པར། འཐབ་ཇུས་རང་བཞིན་མུ་མཐུད་དུ་སྲ་བརྟན་འཕེལ་རྒྱས་ཕྱིན་ཡོད་པ་རེད། ཀྲུང་ཧྥའི་འབྲེལ་བ་འགོ་ཚུགས་ས་གསར་བ་ནས་གར་སྟེགས་གསར་བ་ཞིག་ཏུ་སྤོ་བར་སྐུལ་འདེད་གཏོང་རྒྱུ་ནི་རྒྱལ་ཁབ་གཉིས་ཀའི་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཐུན་མོང་གི་རེ་སྒུག་རེད་ཅེས་གསུངས།  
          ཞིས་ཅིན་ཕིང་གིས་ནན་གྱིས་གསུངས་དོན། 
          ཀྲུང་གོ་ཕྱོགས་ནས་ཧྥ་རན་སི་དང་ཀྲུང་ཧྥའི་འབྲེལ་བ་ལ་ཤིན་ཏུ་མཐོང་ཆེན་བྱེད་བཞིན་ཡོད། དུས་ནམ་ཡང་ཧྥ་རན་སི་ནི་མཉམ་འབྲེལ་གཙོ་བོ་བྱེད་སའི་རོགས་པ་འགངས་ཆེན་ཞིག་ཏུ་བརྩི་བཞིན་ཡོད་ལ། དུས་ནམ་ཡང་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་རིང་བའི་ཟུར་ངོས་ནས་ཀྲུང་ཧྥའི་འབྲེལ་བའི་འཕེལ་རྒྱས་ལ་བལྟ་བར་མ་ཟད། ཧྥ་རན་སི་དང་རྒྱུན་སྲོལ་ཡག་པོའི་མཛའ་འབྲེལ་རྒྱུན་འཁྱོངས་བྱས་ཏེ། ཕན་ཚུན་འཐབ་ཇུས་ཤུགས་རྒྱག་པ་དང་ཡིད་ཆེས་བྱེད་པ། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་ཆེན་པོ་བྱེད་པ་ལ་རྒྱུས་མངའ་དང་རྒྱབ་སྐྱོར་བྱེད་པ། གལ་ཆེ་བའི་གནད་དོན་ཐོག་ཕན་ཚུན་ལ་རྒྱབ་སྐྱོར་བྱས་ཏེ་ཕྱོགས་སོ་སོའི་མཉམ་འབྲེལ་གཏིང་ཇེ་ཟབ་ཏུ་གཏོང་བ། ཀྲུང་གོས་ཧྥ་རན་སི་“བརྒྱུད་གཅིག་ལམ་གཅིག་”འཛུགས་སྐྲུན་ལ་ཞུགས་པར་དགའ་བསུ་བྱེད་བཞིན་ཡོད་པ་དང་། ཕྱོགས་གཉིས་ནས་རྒྱལ་སྤྱི་དང་ས་ཁུལ་གནད་དོན་ཐོག་གྲོས་མཐུན་ཡོང་བར་རྒྱུན་འཁྱོངས་བྱས་ཏེ་མུ་མཐུད་དུ་འཛམ་གླིང་ཡོངས་ཀྱི་བདག་སྐྱོང་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་། གནམ་གཤིས་འགྱུར་ལྡོག་སྟེ《པཱ་ལིའི་གྲོས་འཆམ》ཚུད་པའི་འཛམ་གླིང་ཡོངས་ཀྱི་བདག་སྐྱོང་གྲུབ་འབྲས་ལ་སྲུང་སྐྱོང་བྱེད་པ་དང་། རྒྱལ་ཁབ་ཉི་ཤུའི་ཚོགས་ཁག་གི་སྒྲིག་གཞི་ནང་གི་མཉམ་འབྲེལ་ལ་ཤུགས་རྒྱག་བྱས་ཏེ་འཛམ་གླིང་ཞི་མཐུན་དང་གཏན་འཇགས། དར་རྒྱས་ཡོང་བའི་ཐད་ལ་ལྷན་དུ་སྐྱེས་འབུལ་བྱེད་རྒྱུ། ཀྲུང་གོ་ཕྱོགས་ནས་མུ་མཐུད་དུ་ཨོ་གླིང་གཅིག་འགྱུར་ཅན་གྱི་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་ངེས་ཡིན་ཞེས་གསུངས།
          མཱ་ཁི་ལུང་གིས་གསུངས་དོན། ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ང་རང་ཧྥ་རན་སིའི་ཙུང་ཐུང་ལ་འདེམས་ཐོན་བྱུང་བ་ལ་རྟེན་འབྲེལ་ཞུ་པར་ཐུགས་རྗེ་ཆེ་ཞུ། ཀྲུང་ཧྥ་རྒྱལ་ཁབ་གཉིས་གནའ་ནས་མཛའ་མཐུན་ཡོད་པར་མ་ཟད། མིག་སྔར་ཡང་ཁྱབ་ཁོངས་སོ་སོ་ནས་མཉམ་འབྲེལ་ལེགས་པོ་ཡོད་པ་རེད། ངས་ནི་ཀྲུང་ཧྥའི་འབྲེལ་བ་ལ་ཤིན་ཏུ་གཙིགས་མཐོང་ཆེན་པོ་བྱེད་ཀྱི་ཡོད་ལ། ཧྥ་རན་སིའི་སྲིད་གཞུང་གསར་པ་ནས་མུ་མཐུད་དུ་ཀྲུང་གོ་བར་གྱི་མཛའ་མཐུན་བྱེད་ཕྱོགས་རྒྱུན་འཁྱོངས་ལག་བསྟར་བྱས་ཐོག ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་དང་དཔལ་འབྱོར་དང་བཟོ་ལས་བཅས་སོགས་ཀྱི་ཁྱབ་ཁོངས་དང་“བརྒྱུད་གཅིག་ལམ་གཅིག་”འཛུགས་སྐྲུན་སྒྲིག་གཞི་ནང་མཉམ་འབྲེལ་གང་ལེགས་བྱས་པ་བརྒྱུད་དེ། གནམ་གཤིས་འགྱུར་ལྡོག་དང་རྒྱལ་ཁབ་ཉི་ཤུའི་ཚོགས་ཁག་མཉམ་འབྲེལ་དང་བཅས་གལ་ཆེ་བའི་རྒྱལ་སྤྱིའི་ལས་དོན་ལ་འབྲེལ་མཐུད་མཐུན་འགྲིག་བྱེད་ངེས་ཡིན་ཟེར། 
          ཞིས་ཅིན་ཕིང་དང་མཱ་ཁི་ལུང་གཉིས་ཀྱིས་འབྲེལ་བ་རྒྱུན་འཁྱོངས་བྱས་ཏེ་སྔ་མོ་ནས་ཐུགས་མཇལ་གནང་སྟེ། ཀྲུང་ཧྥའི་འབྲེལ་བའི་འཕེལ་རྒྱས་དང་ཕྱོགས་གཉིས་ཀྱི་ཐུན་མོང་གིས་ཐུགས་ཁུར་གནང་བའི་གནད་དོན་ལ་དུས་ཐོག་ཏུ་ལྟ་ཚུལ་བརྗེ་རེས་བྱེད་པར་ཡིད་འཐད་བྱུང་།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716