སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞིས་ཅིན་ཕིང་གིས་བྱེད་ཐབས་གསུམ་བཏོན་ནས་འཛམ་གླིང་གི་དཔལ་འབྱོར་དཀའ་གནད་སེལ་བ།
སྤེལ་དུས། 2017-05-12   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  རླུང་གཞོན་གྱིས་བསྒྱུར།
          “ རྒྱུད་གཅིག་ལམ་གཅིག” ནི་ཀྲུང་གོའི་ཡིན་ལ་དེ་ལས་ཀྱང་འཛམ་གླིང་གི་ཡིན།
          2013 ལོར། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས“ དར་གོས་ལམ་བུའི་དཔལ་འབྱོར་རྒྱུད” དང“དུས་རབས21པའི་མཚོ་ཐོག་གི་དར་གོས་ལམ་བུ”མཉམ་དུ་བསྐྲུན་རྒྱུའི་གྲོས་འགོ་གལ་ཆེན་བཏོན་པ་དེས། དེང་གི་འཛམ་གླིང་གིས་ལོ་ངོ་སྟོང་ཕྲག་རིང་གི་གནའ་བོའི་དར་གོས་ལམ་བུའི་འོད་སྟོང་འབར་བའི་ལོ་རྒྱུས་ལ་དྲན་རྟོགས་བྱུང་ཞིང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་ཁུར་ཆེན་པོ་གནང་པ་མ་ཟད་དེ་ལ་མོས་མཐུན་ཡོད་ཚུལ་བསྟན།
          ལོ་གསུམ་ལྷག་ཙམ་གྱི་རིང་ལ་མཉམ་མོལ་དང་། མཉམ་སྐྲུན། མཉམ་སྤྱོད་བྱེད་པ་རྩ་དོན་དུ་བཟུང་ནས་ཞི་བདེ་མཉམ་ལས་དང་། སྒོ་འབྱེད་བསྟུན་མཁས། ཕན་ཚུན་སློབ་སྦྱོང་། གཉིས་ཁེ་གཉིས་ཕན་གྱི་དར་གོས་ལམ་བུའི་དགོངས་དོན་མཛུབ་སྟོན་དུ་བྱས་ཏེ་ལས་དབང་གཅིག་མཐུན་དང་ཁེ་ཕན་གཅིག་མཐུན་ཡོང་རྒྱུའི་མཉམ་ལས་དམིགས་ཡུལ་དུ་བཟུང་ནས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ཁྱབ་པར་གྱུར་ནས་སྔོན་དཔག་ལས་བརྒལ་བའི་འཕེལ་རིམ་དང་གྲུབ་འབྲས་ཐོབ་ཡོད།
          ཐུན་མོང་མཉམ་སྤྱོད་ཐོག་མིའི་རིགས་ཀྱི་ལས་དབང་གི་ཐུན་མོང་སྒྲིག་གཞི་བསྐྲུན་པ།
          2013ལོའི་ཟླ་3པར། ཞིས་ཅིན་ཕིང་གིས་མོ་སི་ཁོ་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་དུ་གཏམ་བཤད་གནང་སྐབས། ་ཁ་གསལ་ཞིང་གནད་ཐོན་པའི་སྒོ་ནས་འཛམ་གླིང་ལ“འཇིག་རྟེན་འདིར། རྒྱལ་ཁབ་ཁག་ཕན་ཚུན་འབྲེལ་འདྲིས་དང་ཕན་ཚུན་གཅིག་ལ་གཅིག་རྟེན་གྱི་ཚད་ཇེ་ཟབ་ཏུ་འགྲོ་བཞིན་པ་དང་། མིའི་རིགས་ནི་སའི་གོ་ལའི་གྲོང་ཚོ་གཅིག་ཏུ་འཚོལ་བ་རོལ་གྱིན་པ་དང་། ལོ་རྒྱུས་དང་དངོས་ཡོད་བསྣོལ་བའི་ཡུལ་དུས་གཅིག་ཏུ་འཚོ་བ་རོལ་གྱིན་ཡོད་པས། སྔར་བས་ཁྱོད་ཀྱི་ཁྲོད་དུ་ང་ཡོད་པ་དང་། ངའི་ཁྲོད་དུ་ཁྱེད་ཡོད་པའི་ལས་དབང་གཅིག་མཐུན་གྲུབ་ཡོད”ཅེས་པའི་བསམ་ཕྱོགས་བརྒྱུད་སྒྲོག་གནང་བྱུང་།
          དེའི་རྗེས་ཀྱི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་གཙོའི་ཚོགས་འདུ་དང་། ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས། པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས70པ། རྒྱལ་ཁབ་ཉི་ཤུ་ཚོགས་པའི་དབུ་ཚོགས། ཨེ་ཤ་ཡའི་རོགས་རེས་ཡིད་རྟོན་གྲོས་ཚོགས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུ་ཐེངས་ལྔ་པ་ནས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི2017ལོའི་ལོ་ཚོགས་བར་དུ། རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་ལས་དབང་གི་ཐུན་མོང་སྒྲིག་གཞི་ནས་ས་ཁོངས་ནང་ཁུལ་གྱི་ལས་དབང་གི་ཐུན་མོང་སྒྲིག་གཞི། དེ་ནས་མིའི་རིགས་ཀྱི་ལས་དབང་ཐུན་མོང་བཅས་ཐད། ཞིས་ཅིན་ཕིང་གིས་ཐེངས་རེ་རེ་བཞིན་དུ་བསམ་ཕྱོགས་དེ་ཉིད་ཞིབ་བརྗོད་ཟབ་མོ་གནང་ཡོད་པ་རེད།
          གཉིས་ཕན་མཉམ་ཁེའི་སྒོ་འབྱེད་འཐབ་ཇུས་ལག་བསྟར་བྱས་པ་དེས། སྔར་བས་ཁྱོན་ཡོངས་དང་སྔར་བས་གཏིང་ཟབ་པ། སྔར་བས་རྐྱེན་མང་པའི་ཕྱི་ཕྱོགས་ལ་སྒོ་འབྱེད་ཀྱི་གནས་སྟངས་གསར་གཏོད་བྱ་རྒྱུ་ནི་ཀྲུང་གོའི་འཐབ་ཇུས་ཀྱི་གདམ་ག་ཞིག་རེད། 2016ལོར། རྒྱལ་ཁབ་ཉི་ཤུ་ཚོགས་པའི་བཟོ་ཚོང་དབུ་ཚོགས(B20 དབུ་ཚོགས)ཧང་ཀྲོའུ་རུ་འགོ་ཚུགས་པ་དང་། ཞིས་ཅིན་ཕིང་གིས་གཏམ་བཤད་གནང་སྐབས། ཀྲུང་གོས་དར་སྤེལ་གཏོང་བའི་ལམ་སྲོལ་གསར་པའི་གྲོས་འགོ་གསར་པ་ནི་ཇུས་གཞི་གཞན་ཞིག་འདོད་ཆེན་མིན་ལ། དེ་ལས་ཀྱང་གཞན་གང་ཞིག་ལ་དམིགས་པའང་མིན་པར། དེ་ནི་ད་ཡོད་ཀྱི་རྒྱལ་སྤྱིའི་ལམ་སྲོལ་ལ་ཕན་པའི་ཁ་གསབ་དང་འཐུས་ཚང་དུ་གཏོང་རྒྱུ་དེ་ཡིན་ལ། དམིགས་ཡུལ་ནི་མཉམ་ལས་གཉིས་ཕན་དང་མཉམ་འཕེལ་མཉམ་རྒྱས མངོན་འགྱུར་བྱ་རྒྱུ་དེ་ཡིན། ཀྲུང་གོའི་ཕྱི་ཕྱོགས་སྒོ་འབྱེད་ནི་ཀྲུང་གོ་གཅིག་པུའི་ལས་དོན་ཙམ་མིན་པར་ཕྱོགས་སོ་སོ་མཉམ་ཞུགས་གནང་རྒྱུར་དགའ་བསུ་ཞུ་གི་ཡིན། རང་ཉིད་ཀྱི་སྟོབས་ཤུགས་ཁྱབ་ཁོངས་འཚོལ་སྙེགས་བྱེད་པ་མིན་པར་རྒྱལ་ཁབ་ཁག་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་། རང་ཉིད་གཅིག་པུར་དབང་བའི་དག་ཞིང་ཞིག་གསར་སྐྲུན་བྱེད་རྒྱུ་མིན་པར་རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་བེད་སྤྱོད་ཐུབ་པའི་དགའ་ཚལ་ཞིག་འཛུགས་བསྐྲུན་བྱ་རྒྱུ་དེ་ཡིན་ཞེས་དམིགས་སུ་བཀར་ནས་ནན་བཤད་གནང་པ་རེད།.
          "མེ་ཏོག་སྣ་གཅིག་བཞད་ན་དཔྱིད་ཀ་མིན་པར་མེ་ཏོག་སྣ་བརྒྱ་བཞད་ན་ད་གཟོད་དཔྱིད་དཔལ་རེད” དེ་བཞིན་ཞིས་ཅིན་ཕིང་གིས་ནུས་ཤུགས་ཡོད་རྒུས“རྒྱུད་གཅིག་ལམ་གཅིག”དར་སྤེལ་སྐུལ་འདེད་བྱེད་དོན་ནི་སྔར་བས་ལྷག་པའི་ཁེ་ཕན་གྱི་སྣོལ་གནས་འཚོལ་སྙེགས་བྱེད་རྒྱུ་དང་། “གྲོགས་ཚོམས” རྒྱ་ཆེ་རུ་གཏོང་བ། “རང་རྒྱལ་གྱི་འཕེལ་རྒྱས་དང་ལམ་རྒྱུད་རྒྱལ་ཁབ་ཀྱི་འཕེལ་རྒྱས་གཏོང་རྒྱུ་ཟུང་འབྲེལ་བཅས་བྱས་ཏེ་ཀྲུང་གོའི་ཕུགས་འདུན་དང་ལམ་རྒྱུད་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཕུགས་འདུན་ཟུང་འབྲེལ་བྱེད་རྒྱུ་དེ་རེད།”ཞིས་ཅིན་ཕིང་གིས“མཉམ་ལས་མཉམ་རྒྱལ་ལྟེ་བར་འཛིན་པའི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་སྤྱིའི་སྒྲིག་ལམ་དང་རྒྱལ་སྤྱིའི་མ་ལག་སྔར་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་སུ་གཏོང་པར་སྐུལ་འདེད་དང་། མིའི་རིགས་ཀྱི་ལས་དབང་གི་ཐུན་མོང་སྒྲིག་གཞི་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས”ཞེས་ནན་གྱིས་བསྟན་བྱུང་།
          “རྒྱུད་གཅིག་ལམ་གཅིག”གི་ཀྲུང་གོའི་ཕྱི་ཕྱོགས་སུ་སྒོ་འབྱེད་རྒྱ་ཆེར་གཏོང་པའི་གྲོས་འགོ་གལ་ཆེན་འདོན་ཐབས་ཤིག་ཡིན་ལ།  དུས་མཚུངས་སུ་ཀྲུང་གོའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་ལ་སྐུལ་འདེད་བྱེད་པའི་བྱ་སྤྱོད་རང་རྟོགས་ཅན་ཞིག་ཀྱང་རེད། 2016ལོའི་ཟླ11པའི་ཚེས17ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག   རྒྱལ་ཁབ་ཁག་གིས“རྒྱུད་གཅིག་ལམ་གཅིག”གྲོས་འགོར་སྐུལ་འདེད་གཏོང་པའི་གྲོས་ཆོད་ལ་ཚོགས་མི་རྒྱལ་ཁབ193གྱིས་མོས་མཐུན་བྱས་ཏེ་གྲོས་འཆམ་བྱུང་པ་དེས་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས“རྒྱུད་གཅིག་ལམ་གཅིག” གི་གྲོས་འགོར་ཡོངས་ཁྱབ་ཏུ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མཚོན་ཐུབ།
          གཉིས་ཕན་མཉམ་ལས་ཀྱི་ཀྲུང་གོའི་ཇུས་གཞིས་ལམ་རྒྱུད་རྒྱལ་ཁབ་ཁག་ལ་ཕན་ཁེ་སྐྲུན་པ།
          “རྒྱུད་གཅིག་ལམ་གཅིག”ནི་ཀྲུང་གོ་གཅིག་པུའི་ལས་ཀ་ཙམ་མིན་པར་ལམ་རྒྱུད་རྒྱལ་ཁབ་ཚང་མའི་སྤྱི་དོན་ཞིག་རེད་།
          ཞིས་ཅིན་ཕིང་གིས“ལྷན་རྒྱས་ཡོངས་ཀྲུང་གོའི་འཕེལ་རྒྱས་ཀྱི་མྱུར་བགྲོད་མེ་འཁོར་ནང་ཞུགས་རྒྱུ་དང་། མགྱོགས་འཁོར་ལ་བསྡད་ནས་ཡིན་ནའང་འདྲ་། རླངས་འཁོར་བསྡད་ནས་ཡིན་ནའང་འདྲ་། ང་ཚོས་ཡོད་ཚད་དགའ་བསུ་ཞུ་གི་ཡིན”ཞེས་གསུངས་པ་ནང་བཞིན།  
    ད་བར་དུ་འཛམ་གླིང་ཐོག་མི་འབོར་ཆེས་མང་ཤོས་ཀྱི་གཉིས་ཁེ་གཉིས་ཕན་གྱི་ལས་དབང་གཅིག་མཐུན་གྲུབ་པའི་སྡེ་ཞིག་ཡིན་པའི་ཆ་ནས།  “རྒྱུད་གཅིག་ལམ་གཅིག” གིས་ཤར་དུ་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་གྱི་དཔལ་འབྱོར་ཁུལ་ལ་སྣེ་ཁྲིད་བྱེད་ཀྱིན་པ་དང་། ནུབ་ཏུ་ཡོ་རོབ་དཔལ་འབྱོར་ཁུལ་དང་འབྲེལ་ནས་གླིང་ཆེན་ཨ་ཧྥེ་རི་ཁ་བརྒལ་ནས་ཨེ་ཤེ་ཡ་དང་ཡོ་རོབ་སྦྲེལ་ཏེ་རྒྱལ་ཁབ་60ལྷག་ཙམ་དང་མི་འབོར་དུང་ཕྱུར་40 ལྷག་ལ་ཁྱབ་ཡོད་པས།  དེ་ནི་འཛམ་གླིང་ཐོག་བར་ཐག་རིང་ཤོས་དང་གཏིང་ཤུགས་ཆེན་པོ་ལྡན་པའི་མཉམ་ལས་ཁུལ་ཞིག་ཡིན་ལ། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། 2020 ལོར་སླེབས་ཚེ། “རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་རྒྱལ་ཁབ་དང་ས་ཁུལ་གྱི་ཚོང་ཟོག་ཉོ་ཚོང་སྤྱི་འབོར་ཨ་སྒོར་དུང་ཕྱུར19.6ལ་ཟིན་རྒྱུ་དང་། དེས་འཛམ་གླིང་གི་དངོས་ཟོག་ཚོང་དོན་གྱི་བསྡོམས་འབོར་གྱི་38.9%ཟིན་ཡོད།
          ད་ལོའི་ཟླ་དང་པོར། ཞིས་ཅིན་ཕིང་གིས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི2017ལོའི་ལོ་ཚོགས་ཐོག་འཛམ་གླིང་ཡོངས་ལ“རྒྱུད་གཅིག་ལམ་གཅིག”གི་ལོ་གསུམ་ལྷག་ཙམ་རིང་གི་གྲུབ་འབྲས་ངོམས་པར།  རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས100ལྷག་ཙམ་གྱིས་ཧུར་ཐག་སྒོས་མོས་མཐུན་མཉམ་ཞུགས་གནང་པ་དང་། རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས40ལྷག་ཙམ་གྱིས་ཀྲུང་གོ་དང་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་ཡོད་པ། “རྒྱུད་གཅིག་ལམ་གཅིག” གི“ གྲོགས་ཚོམས”རིམ་བཞིན་རྒྱ་སྐྱེད་བཞིན་ཡོད་དེ། ཀྲུང་གོའི་ཁེ་ལས་ཀྱིས་ལམ་རྒྱུད་རྒྱལ་ཁབ་ཏུ་མ་འཇོག་ཨ་སྒོར་དུང་ཕྱུར་500ལྷག་ཙམ་ཟིན་ཡོད་པ་དང་། རྣམ་གྲངས་གལ་ཆེན་རབ་དང་རིམ་པ་ལག་བསྟར་བྱས་ནས་དང་རྒྱལ་ཁབ་ཁག་གི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་དང་། ལས་ཞུགས་གོ་སྐབས་འབོར་ཆེན་སྤྲད་ཡོད་པ་རེད། དེ་ཡང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ཀྲུང་གོས་བཏོན་ཡང་གྲུབ་འབྲས་དེ་འཛམ་གླིང་ཡོངས་ལ་ཕན་ཡོད་ཅེས་བརྗོད་ཀྱང་ཆོག་གོ
          2017ལོའི་ཟླ2པར་ཁྱབ་བསྒྲགས་བྱས་པའི་ཕྱི་ཕྱོགས་ཉོ་ཚོང་གི་གཞི་གྲངས་ལས་མངོན་པར་གཞིགས་ན། ཟླ1པོར་རང་རྒྱལ་གྱིས་རྒྱ་གར་དང་ཨུ་རུ་སུ། སོ་ཏི་ཨ་རབ་སོགས“རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་རྒྱལ་ཁབ་གཙོ་གྲས་དག་གི་ཉོ་ཚོང་རིམ་བཞིན23.6%   44%  46.9% ལ་འཕར་ནས་རྒྱལ་སྤྱིའི་ཚོང་ལས་ཀྱི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ཡོད་དོ།
          དོན་དངོས་ཐོག  ན་ནིང་ལོ་ནས་བཟུང་འཕར་ཕྱོགས་འདི་རིམ་བཞིན་མངོན་གསལ་ཡིན་ལ། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ཧོང་སུང་ཕིང་གིས། ན་ནིང་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རང་རྒྱལ་གྱིས་ཡོ་རོབ་མནའ་འབྲེལ་དང་། ཨ་མེ་རི་ཁ། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་སོགས་ཚོང་གཉེར་རོགས་ཟླ་གཙོ་བོ་དག་ལ་ཕྱིར་གཏོང་འཕར་ཚད2%ལ་སླེབས་མེད་མོད། ་“རྒྱུད་གཅིག་ལམ་གཅིག་” རྒྱུད་ཀྱི་རྒྱལ་ཁབ་དག་ལ་ཕྱིར་གཏོང་ཚད་ནི་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་བྱེད་ཐུབ་ཡོད་པ་རེད།
          དངོས་ཟོག་ཚོང་དོན་མ་ཟད་རང་རྒྱལ་དང“རྒྱུད་གཅིག་ལམ་གཅིག་”རྒྱུད་ཀྱི་རྒྱལ་ཁབ་ཀྱི་མ་འཇོག་མཉམ་ལས་ཐད་ཀྱང་གྲུབ་འབྲས་ལེགས་པོ་བྱུང་ཡོད། 2016ལོར་རང་རྒྱལ་གྱིས“རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་རྒྱལ་ཁབ53 ལ་ཐད་ཀར་མ་དངུལ་ཨ་སྒོར་དུང་ཕྱུར145.3བཏང་ཡོད་པ་དང་། དུས་མཚུངས་ཀྱི་སྤྱི་འབོར་གྱི8.5%ཟིན་ཡོད་། རང་རྒྱལ་གྱི་ཁེ་ལས་ཀྱིས་འབྲེལ་ཡོད་རྒྱལ་ཁབ61ལ་གསར་དུ་གན་རྒྱ་བཞག་པའི་དངུལ་འབོར་ཨ་སྒོར་དུང་ཕྱུར1260.3སླེབས་ཡོད་ཅིང་།  དེས་དུས་མཚུངས་ཀྱི་ཕྱི་ཕྱོགས་ལ་ལས་གཞི་འགན་གཙང་ལེན་བྱེད་པའི་གན་རྒྱའི་གྲངས་ཚད་ཀྱི51.6%ཟིན་ཡོད། ཚོང་གཉེར་གྱི་ཡོང་འབབ་ཨ་སྒོར་དུང་ཕྱུར759. ཡོངས་འགྲུབ་བྱས་ཡོད་ཅིང་།  དུས་མཚུངས་ཀྱི་དངུལ་འབོར་གྱི47.7% ཟིན་ཡོད།
          ཤེས་རྟོགས་བྱུང་བར་གཞིགས་ན། ཕ་ཁི་སི་ཐན་གྱི་ཁ་ལ་ཁུ་ནུའི་གཞུང་ལམ་གྱི་ལས་རིམ་གཉིས་པ་དང་། ཁ་ལ་ཆིའི་མྱུར་བགྲོད་གཞུང་ལམ། ཀྲུང་ལོར་ལྕགས་ལམ་སོགས་རྣམ་གྲངས་འཛུགས་སྐྲུན་འགོ་ཚུགས་པ་མ་ཟད་། ཐུར་ཁེའི་ཤར་ནུབ་མྱུར་བགྲོད་ལྕགས་ལམ་དང་། ཧང་སི་ལྕགས་ལམ་སོགས་རྣམ་གྲངས་དག་ཀྱང་བདེ་བླག་ངང་སྐུལ་འདེད་གཏོང་བཞིན་ཡོད། གོང་གསལ་གྱི་གཙོ་གནད་རྣམ་གྲངས་ལ་སྐུལ་འདེད་བཏང་པ་དེས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཀྱི་ནུས་པ་ཐོན་ཐུབ།
          ཟླ3པའི་ཚེས8ཉིན། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱིས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་ལྔ་པའི་གསར་འགྱུར་ལྟེ་གནས་སུ་འཚོགས་པའི་གསར་འགོད་པའི་ཚོགས་འདུར་ཞུགས་ནས་གསར་འགོད་པའི་དྲི་བར་ལན་སྐྱོན་སྐབས། “རྒྱུད་གཅིག་ལམ་གཅིག”ལེགས་འགྲུབ་བྱུང་བའི་རྩ་བ་ནི་ལམ་རྒྱུད་ཀྱི་རྒྱལ་ཁབ་ཁག་དང་གཉིས་ཕན་མཉམ་ལས་ཀྱི་ཁ་ཚ་དགོས་གཏུག་གི་རེ་འདུན་དང་མཐུན་ཡོད་པ་དེ་ཡིན་ལ། ཐུན་མོང་ཐོག་གྲོས་བསྡུར་གནང་བ་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་སྒོ་དབྱེ་བསྟུན་མཁས་ཀྱི་བསམ་ཕྱོགས་བཏོན་ཡོད་ཅིང་། ལྷག་པར་དུ་མིག་སྔར་སྲུང་སྐྱོང་རིང་ལུགས་དང་མཐའ་རྐྱང་རིང་ལུགས་རིམ་བཞིན་ཐོན་ཀྱིན་པའི་གནས་བབ་འོག་ཏུ་། “རྒྱུད་གཅིག་ལམ་གཅིག”ནི་རྒྱལ་ཁབ་ཁག་གིས“ཕུ་ཐུང་བརྫེས་ནས་མཉམ་དུ་འབད་འབུངས་བྱེད་པའི”ཐུན་མོང་གི་བྱ་གཞག་ཅིག་ཡིན་པས། དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་དུ་འགྱུར་བར་སྔར་བས་ཀུན་ཕན་དང་ཁོད་ཡངས་ཅན་ནས“ཡང་བསྐྱར་དོ་མཉམ་པའི” ཕྱོགས་སུ་ཁ་ཕྱོགས་ཐུབ་པ་རེད་ཅེས་གསུང་བྱུང་།
          “ཤར་གཏོང་ལྔས“ ས་ཁོངས་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་པ།
          དར་གོས་ལམ་བུའི་དཔལ་འབྱོར་ཁུལ་དང་མཚོ་ཐོག་གི་དར་གོས་ལམ་བུ་བསྐྱར་དར་བྱེད་པའི་དམིགས་ཡུལ་ནི་བསྐྱར་འབྱེད་དང་འབྲེལ་མཐུད་ནུས་པ་ཇེ་དྲག་ཏུ་གཏོང་རྒྱུ་དང་། ས་ཁུལ་དབར་སྟབས་བདེའི་འབྲེལ་ཟམ་བསྐྲུན་པའི་ཆེད་རེད། ཞིས་ཅིན་ཕིང་གིས“དར་གོས་ལམ་བུའི་དཔལ་འབྱོར་ཁུལ”འཛུགས་པར་མཉམ་ལས་བྱེད་སྟངས་གསར་གཏོད་བྱེད་དགོས་ཤིང་། སྲིད་ཇུས་འབྲེལ་འདྲིས་དང་ལམ་བུ་འབྲེལ་མཐུད། ཚོང་དོན་ཤར་གཏོང་། དངུལ་ལོར་འཁོར་རྒྱུག  དམངས་སེམས་གཅིག་སྦྲེལ་བཅས“ཤར་གཏོང་ལྔ”ལ་ཤུགས་སྣོན་རྒྱག་རྒྱུ་དང་། ཚེག་ནས་ངོས་དང་། ཐིག་ནས་ཁྱབ་ཁོངས་བར་རིམ་བཞིན་ས་ཁོངས་ཀྱི་མཉམ་ལས་ཆེན་མོའི་སྒྲིག་གཞི་ཆགས་པར་བྱ་དགོས།
          2015ལོའི་ཟླ3པའི་ཚེས28ཉིན།  རྒྱལ་ཁབ་འཕེལ་བཅོས་ཨུ་ལྷན་དང་ཕྱི་འབྲེལ་པུའུ། ཚོང་དོན་པུའུ་ཡིས་མཉམ་འབྲེལ་ཐོག《དར་གོས་ལམ་བུའི་དཔལ་འབྱོར་ཁུལ་དང་དུས་རབས21 པའི་མཚོ་ཐོག་དར་གོས་ལམ་བུ་ཐུན་མོང་ཐོག་སྐྲུན་རྒྱུར་སྐུལ་འདེད་གཏོང་བའི་བསམ་ཕྱོགས་དང་བྱ་སྤྱོད》ཁྱབ་བསྒྲགས་བྱས་པ་དང་། ་ དེའི་ནང་སྲིད་ཇུས་མཐུན་སྦྱོར་དང་སྒྲིག་བཀོད་སྦྲེལ་མཐུད་འབྲེལ། ཚོང་དོན་ཤར་གཏོང་། མ་འཇོག་རྒྱུན་འཁོར་དང་། དམངས་སེམས་མཐུན་བཅས་ཀྱིས་མཉམ་ལས་ཀྱི་ནང་དོན་གཙོ་བོ་གྲུབ་ཡོད་པ་རེད།
ས་ཁོངས་ཕན་ལྡན་མཉམ་ལས་དང་ཐོན་ཁུངས་སྐོར་སྐྱོད་བཀོད་སྒྲིག་ལ་སྐུལ་འདེད་གཏོང་པར“ཤར་གཏོང་ལྔ་” ནི་གནད་འགག་རེད།
          སྲིད་ཇུས་འབྲེལ་འདྲིས་ནི་རྒྱལ་ཁབ་དབར་གྱི་དངོས་སྒྲུབ་མཉམ་ལས་ཀྱི་རྨང་གཞི་དང་འགན་ལེན་གལ་ཆེན་ཞིག་ཡིན་ཏེ།  ཞིས་ཅིན་ཕིང་གིས་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་གྱི“ཤར་གཏོང་ལྔའི”བྱེད་སྟངས་རྒྱས་བཤད་བྱེད་སྐབས། “སྲིད་ཇུས་དང་བཅའ་ཁྲིམས་ཀྱི་ངོས་ནས་ས་ཁོངས་དཔལ་འབྱོར་མཉམ་འདྲེས་ཡོང་རྒྱུར་བཀག་རྒྱ་བཟོ་མི་རུང་པའི”སྲིད་ཇུས་འབྲེལ་འདྲིས་གནད་དང་པོར་འཛིན་དགོས་ཞེས་བསྟན་བྱུང་། 2013 ལོའི་ཟླ9པར“དར་གོས་ལམ་བུའི་དཔལ་འབྱོར་ཁུལ”བཏོན་པ་ནས་ད་བར་དུ། ཀྲུང་གོས་ཨེ་ཤེ་ཡ་དབུས་མ་གཙོར་བྱས་པའི་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་ལམ་རྒྱུད་ཀྱི་རྒྱལ་ཁབ་ཁག་དང་རིམ་པ་མི་འདྲ་བའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞི་དང་ཡོ་རོབ་སྐམ་ས་ཆེན་མོའི་ཟམ་ཆེན་གྲོས་མོལ་སྒྲིག་གཞི། “ཨེ་ཤེ་ཡའི་དཔལ་འབྱོར་གླེང་སྟེགས”སོགས་ཀྱི་བགྲོ་གླེང་བྱེད་སྟངས་ལྟ་བུའི་སྲིད་ཇུས་འབྲེལ་འདྲིས་གནང་ཡོད་ཅིང་། ལམ་རྒྱུད་རྒྱལ་ཁབ་ཁག་དབར་ཐུན་མོང་གི་སྤྱི་གྲོས་བཞག་ནས“དར་གོས་ལམ་བུའི་དཔལ་འབྱོར་ཁུལ་” འཛུགས་སྐྲུན་བྱེད་པའི་རྨང་གཞི་གཙོ་བོ་གྲུབ་ཡོད་པ་རེད།
          ཕྱུག་པོར་ཆགས་འདོད་ན་སྔོན་ལ་ལམ་བཟོ་དགོས། རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད་ནི“རྒྱུད་གཅིག་ལམ་གཅིག་” འཛུགས་སྐྲུན་བྱེད་པའི་སྔོན་འགྲོའི་ཁྱབ་ཁོངས་ཤིག་ཡིན་ཏེ། 2016ལོའི་ཟླ6པའི་ཚེས30 ་ཉིན་བར། ཀྲུང་གོས་ཀྲུང་གོ་དང་་ཡོ་རོབ་བར་གནམ་གྲུ་ཐེངས་གྲངས39 ཤར་གཏོང་བྱས་ཡོད་ཅིང་།  ཀྲུང་གོའི་གཞུང་གཉེར་ཁེ་ལས་ཀྱིས་ཕྱི་རྒྱལ་དུ་གློག་ཁང་ལ་གློག་འདྲེན་དང་། སྣུམ་འདྲེན་རང་བྱུང་སོལ་རླངས་སོགས་གལ་ཆེའི་ནུས་རྒྱུའི་རྣམ་གྲངས40ལ་མིང་རྟགས་བཀོད་པ་དང་འཛུགས་སྐྲུན་བྱས་ཡོད་ཅིང་། དེ་ནི“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ19ལ་ཁྱབ་ཡོད་པ་དང་། ས་ཁམས་ཐོག་གི་བར་བགེགས་ཐམས་ཅད་བསྟུད་མར་སེལ་ནས་མྱུར་བགྲོད་མེ་འཁོར་དང་གྲུ་ཁའི་གྲུ་གཟིངས།ཕན་ཚུན་སྦྲེལ་མཐུད་བཅས་རིམ་བཞིན་མངོན་འགྱུར་བྱུང་ཡོད།
          མ་འཇོག་ཚོང་དོན་མཉམ་ལས་ནི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་གཙོ་གནད་ནང་དོན་ཡིན་ལ། ཕན་ཚུན་བར་གྱི་ཚོང་ར་གཏོད་པའི“ གསེར་གྱི་ལྡེ་མིག་” ལྟ་བུ་རེད། ཉེ་བའི་ལོ་ཤས་རིང་། “ རྒྱུད་གཅིག་དང་ལམ་གཅིག”གི་གྲོས་འགོ་བཏོན་པའི་འོག   མ་འཇོག་ཚོང་དོན་ཉིན་རེ་བཞིན་སྟབས་བདེ་ཅན་ཅན་གྱུར་ཡོད་ལ། ལམ་རྒྱུད་རྒྱལ་ཁབ་ཀྱི་ཕྱོགས་གཉིས་པོའི་རྩིས་གཞིའི་དངུལ་སྒོར་བརྗེ་བ་དང་རྩིས་རྒྱག་པའི་གཞི་ཁྱོན་ཉིན་རེ་བཞིན་ཇེ་ཆེར་འགྲོ་གི་ཡོད་དེ། 2016 ལོར་ཆ་མཚོན་ན། ཀྲུང་གོ་དང་“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་ཀྱི་ཕྱིར་གཏོང་ནང་འདྲེན་བྱས་པའི་བསྡོམས་འབོར་དམངས་སྒོར་དུང་ཕྱུར6.3ལ་སླེབས་ཡོད་ཅིང་0.6% འཕར་ཡོད། ལམ་རྒྱུད་རྒྱལ་ཁབ་ཀྱིས་ཕྱི་ཕྱོགས་སུ་ལས་གྲྭ་འགན་གཙང་ལེན་བྱེད་པའི་གན་རྒྱ་འཇོག་ཚད་ཨ་སྒོར་དུང་ཕྱུར1260ལ་སླེབས་པ་དང36%འཕར་ཡོད། ལམ་རྒྱུད་ཀྱི་རྒྱལ་ཁབ་ཁག་ལ་ཐད་ཀར་མ་འཇོག་ཨ་སྒོར་དུང་ཕྱུར145ལ་སླེབས་ཡོད་ཅིང་། དེས་རང་རྒྱལ་གྱི་ཕྱི་ཕྱོགས་མ་དངུལ་འཇོག་གྲངས་བསྡོམས་འབོར་གྱི8.5%ཟིན་ཡོད། དེ་ཕུད།  ཀྲུང་གོའི་ཁེ་ལས་ཀྱིས“ རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ20ལྷག་དང་དཔལ་འབྱོར་ཉོ་འཚོང་མཉམ་ལས་ཁུལ56འཛུགས་སྐྲུན་བྱས་ཡོད་ལ། ་ཁྱབ་ཁོངས་མང་པོར་འབྲེལ་ཡོད་པ་རེད། རིམ་རྩིས་བྱས་ན་། མ་དངུལ་འཇོག་གྲངས་ཨ་སྒོར་དུང་ཕྱུར185ལ་བརྒལ་ཡོད། བདག་དབང་རྒྱལ་ཁབ་དེ་གར་ཨ་སྒོར་དུང་ཕྱུར11གི་ཁྲལ་བསྡུ་དང་ལས་ཞུགས་ཀྱི་ལས་གནས་ཁྲི18བསྐྲུན་ཡོད་པ་རེད།
          མ་དངུལ་རྒྱུན་འཁོར་ནི“རྒྱུད་གཅིག་ལམ་གཅིག”འཛུགས་བསྐྲུན་གྱི་གཞོགས་འདེགས་གལ་ཆེན་ཞིག་སྟེ། དངུལ་རྩའི་མཉམ་ལས་ལ“གསོན་ཤུགས”བསྣན་ཡོད། ཨེ་ཤེ་ཡའི་མ་འཇོག་དངུལ་ཁང་གིས2016ལོའི་ཟླ་6པའི་ཚེས25ཉིན་སྐོར་དང་པོའི་རྣམ་གྲངས་བཞིར་སྤྱི་འབོར་ཨ་སྒོར་དུང་ཕྱུར5.09ཡི་དངུལ་བུན་བསྐྱི་བར་ཆོག་མཆན་གནང་པ་དང་།དར་གོས་ལམ་བུའི་ཐེབས་རྩ2014ལོའི་ཟླ12པའི་ཚེས29ཉིན་པེ་ཅིང་དུ་དབུ་བརྙེས་པ་དང་2016ལོའི་ཟླ6པའི་ཚེས30ཉིན་རྣམ་གྲངས་རྐྱང་མ་གསུམ་ལ་མ་དངུལ་འཇོག་རྒྱུ་ཁྱབ་བསྒྲགས་བྱས་ཟིན། 2016ལོའི་ཟླ8པའི་ཚེས15ཉིན། མི་དམངས་དངུལ་ཁང་གིས་ཕྱི་རྒྱལ་གྱི་གཞུང་དང་ས་གནས་ཀྱི་ཀྲུང་དབྱང་དངུལ་ཁང35། ཡང་ན་དངུལ་ལོར་ཚན་པ་གཞན་དག་དང་ཕྱོགས་གཉིས་ཀའི་དངུལ་ལོར་བརྗེ་རེས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་། དེའི་ནང་གི་རྒྱལ་ཁབ་དང་ས་ཁུལ21ནི“རྒྱུད་གཅིག་ལམ་གཅིག” གི་ལམ་རྒྱུད་ཀྱི་རྒྱལ་ཁབ་དང་ས་ཁུལ་ཡིན་ལ་བསྡོམས་འབོར་ཨ་སྒོར་དུང་ཕྱུར3.12ལས་བརྒལ་ཡོད། མི་དམངས་ཤོག་སྒོར་གྱི་ལས་སྒོ་ཞིབ་རྩིས་དེ་དངུལ་ཁང20ལ་རྒྱ་ཆེར་ཕྱིན་ཡོད་ལ། དེའི་ནང་རྒྱལ་ཁབ་དང་ས་ཁུལ7ནི“རྒྱུད་གཅིག་ལམ་གཅིག” ལམ་རྒྱུད་ཀྱི་རྒྱལ་ཁབ་དང་ས་གནས་གྲས་སུ་ཡོད་པ་རེད།
"རྒྱལ་ཁབ་བར་གྱི་འབྲེལ་བ་ནི་མི་དམངས་བར་གྱི་མཛའ་མཐུན་ལ་ཐུག་ཡོད་དེ།" . དམངས་སེམས་གཅིག་མཐུན་ནི“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུའི་སྤྱི་ཚོགས་ཀྱི་རྩ་བ་རེད།. ལོ་ངོ་གསུམ་ལྷག་རིང་ལ་ཀྲུང་གོསདར་གོས་ལམ་བུའི་མཛའ་གྲོགས་མཉམ་ལས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་ནས“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་དང་ས་ཁུལ་བར་རིག་སློབ་མཉམ་ལས་དང་ཡུལ་སྐོར་མཉམ་ལས། སྨན་བཅོས་འཕྲོད་བསྟེན་མཉམ་ལས། ཚན་རྩལ་མཉམ་ལས། གཞོན་ནུའི་མཉམ་ལས། ཏང་སྲིད་མཉམ་ལས། དམངས་ཁྲོད་མཉམ་ལས་རྒྱ་ཁྱབ་ཏུ་སྤེལ་ནས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་རྨང་གཞི་བརྟན་པོ་བསྐྲུན་ཡོད་པ་རེད། ཡུལ་སྐོར་ཁོ་ནར་དཔེ་བཞག་ན། 2016ལོའི་ཟླ6པའི་ཚེས30ཉིན། ཀྲུང་གོའི་སྤྱིར་བཏང་ཡུལ་སྐོར་ལ་ ཐོངས་མཆན་འགོད་མི་དགོས་པའི་རྒྱལ་ཁབ་དང་ས་ཁུལ21ཡོད་པ་དང་། གནས་འབྱོར་ཐོངས་མཆན་འགོད་ཆོག་པ37ཡོད་པ་དེས་ནི་རྒྱལ་ཁབ་མི་འདྲ་བའི་དམངས་ཁྲོད་ཀྱི་འགྲོ་འོང་ལ་ཧ་ཅང་སྟབས་བདེ་བསྐྲུན་ཡོད་པ་རེད།
          ཁེ་ཕན་མཉམ་འདྲེས་དང་ལས་དབང་གཅིག་ཏུ་འབྲེལ་ཡོད་པ། “རྒྱུད་གཅིག་ལམ་གཅིག”གིས་འཕེལ་རྒྱས་ཀྱི་མདུན་ལྗོངས་མཛེས་སྡུག་ལྡན་པ་དང་དུས་ཚོད་ཀྱི་བར་སྟོང་ཆེན་པོ་མངོན་ཡོད་པས། ཀྲུང་གོའི་འཕེལ་རྒྱས་ཀྱི་མྱུར་འཁོར་ལ་སྡོད་མཁན་རྒྱལ་ཁབ་ཉིན་རེ་ལས་ཉིན་རེ་བཞིན་ཇེ་མང་དུ་འགྲོ་གི་ཡོད་ལ། “རྒྱུད་གཅིག་ལམ་གཅིག”གིས་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ་ཐོན་པའི་ནུས་པ་ཡང་ཇེ་ཆེར་འགྲོ་བཞིན་ཡོད་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716