སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཧྥ་རེན་སིའི་མིའི་རིགས་རིག་པའི་ཆེད་མཁས་པ་ཀྲུང་དབྱང་མི་རིཊ་སློབ་ཆེན་དུ་ཕེབས་ནས་བོད་ཀྱི་གནས་མཇལ་རིག་གནས་སྐོར་གྱི་འཆད་ཁྲིད་སྤེལ་བ།
སྤེལ་དུས། 2017-06-14   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བློ་ཕུན་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་6ཚེས་5ཉིན་ནས་ཚེས་9ཉིན་བར། ཧྥ་རེན་སིའི་མིའི་རིགས་རིག་པ་སྨྲ་བ་དང་བོད་རིག་པའི་མཁས་པ་སྟེ། མཁྱེན་ལྡན་མ་ཁཱ་ཐེ་ཨ་བྷུ་ཕེ་ཐཱ་ལི(Katia Buffetrille)མཆོག་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་ཕེབས་ནས“མི་རིགས་སློབ་ཆེན་གྱི་ཕྱི་རྒྱལ་གྱི་གྲགས་ཅན་ཤེས་ལྡན་པའི་འཆད་སྟེགས”སུ་ཞུགས་ཤིང་། རང་ཉིད་ཀྱི་ཞིབ་འཇུག་གི་ཁྱབ་ཁོངས་དང་འབྲེལ་བའི་གལ་ཆེའི་ལས་གཞི་དག་གི་སྐོར་ནས་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་སློབ་དག་དང་ལྷན་དུ་བགྲོ་གླེང་གནང་བ་རེད།
པར་རིས་ནི་མཁྱེན་ལྡན་མ་ཁཱ་ཐེ་ཨ་བྷུ་ཕེ་ཐཱ་ལི(Katia Buffetrille)མཆོག་ནས་འཆད་ཁྲིད་གནང་བཞིན་པའི་རྣམ་པ་ཡིན།
          མཁྱེན་ལྡན་མ་ཁཱ་ཐེ་ཨ་བྷུ་ཕེ་ཐཱ་ལི་མཆོག་ཕ་རི་སིའི་མཐོ་རིམ་ལག་ལེན་ཞིབ་འཇུག་སློབ་གླིང་གི་མཐོ་རིམ་ཞིབ་འཇུག་པ་དང་། རྒྱལ་སྤྱིའི་བོད་རིག་པའི་ལྷན་ཚོགས(IATS)ཀྱི་ལས་འཛིན་བཅས་ཡིན་ཞིང་། ལོ་མང་རིང་རང་ཉིད་ཀྱི་རྣམ་དཔྱོད་དང་ཧུར་བརྩོན་གྱི་རྩལ་ལག་ཁོལ་དུ་ཕྱུང་སྟེ། བོད་བརྒྱུད་ནང་བསྟན་ལས་གནས་མཇལ་གྱི་བརྗོད་གཞིའི་སྐོར་ལ་ཞིབ་འཇུག་ནན་ཏུར་སྒོས། རྒྱུན་མཐུད་དང་དམིགས་གཏད་ཡོད་པའི་ཐོག་ནས་མིའི་རིགས་རིག་པའི་ཞིབ་འཇུག་གི་བྱ་བ་དང་དུ་བླངས་ཏེ། 《གནས་མཇལ་བ་དང་བླ་མ། སྐྱེས་ཆེན》《བོད་ཀྱི་བླ་རི》《བོད་ལྗོངས་ཀྱི་གནས་མཇལ་འགྲུལ་བཞུད》སོགས་ཀྱིས་མཚོན་པའི་བརྩམས་ཆོས་མང་པོ་སྐྱེ་རྒུའི་སྤྱན་སྔར་བསྟར་ཡོད། 
          ཉིན་ལྔའི་རིང་གི་འཆད་ཁྲིད་ཀྱི་གོ་རིམ་ཁྲོད་མཁྱེན་ལྡན་མ་ཁཱ་ཐེ་ཨ་བྷུ་ཕེ་ཐཱ་ལི་ཡིས་ཚིག་གི་སྤྲོས་པ་ཆེན་པོ་དག་སྤང་སྟེ་ཁ་གསལ་གོ་བདེའི་ལམ་ནས་སྔ་ཕྱིར《གནས་མཇལ་མིའི་རིགས་རིག་པ》དང་། 《བོད་རིགས་ཀྱི་གནས་མཇལ་དང་གནས་མཇལ་བ》《བླ་རིའི་མཇལ་སྐོར། ཡུལ་ལྷ་ནས་བླ་རི་བར》《གནས་མཇལ་ཡིག་ཆ》《དེང་དུས་བལ་པོའི་ཤར་ཕྱོགས་ཀྱི་ནང་པའི་ཕུག་པ》སོགས་ཀྱི་བརྗོད་གཞི་དག་རང་ཉིད་ཀྱི་ལོ་མང་རིང་གི་ཡུལ་དངོས་རྟོག་ཞིབ་ཀྱི་ཉམས་མྱོང་ཕྲ་རགས་དག་དང་ཟུང་འབྲེལ་བྱས་ཏེ་གསལ་བཤད་གནང་བ་དང་། རིག་གཞུང་གི་ཆེ་མཐོང་ནས་དོན་དངོས་ཀྱི་གནས་ཚུལ་བར་དུ་ལོ་རྒྱུས་ཀྱི་ཡིག་ཆར་ཞིབ་འཇུག་དང་། འཕེལ་རྒྱས་ཀྱི་གོ་རིམ་ལ་དོ་སྣང་། ཡུལ་དངོས་ཀྱི་གནས་ཚུལ་ལ་དབྱེ་ཞིབ་སོགས་བརྒྱུད་དུས་རིམ་རང་བཞིན་གྱི་མཇུག་སྡོམ་ཡང་འགོད་གནང་མཛད།
པར་རིས་ནི《བླ་རིའི་མཇལ་སྐོར། ཡུལ་ལྷ་ནས་བླ་རི་བར》ཞེས་པའི་འཆད་ཁྲིད་ཀྱི་ཡུལ་དངོས་རྣམ་པ་ཡིན།
ཁོང་ཉིད་ཀྱི་ཞིབ་འཇུག་གི་ཐབས་ལམ་དང་གྲུབ་འབྲས་ཐད་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་མི་རིགས་རིག་པ་དང་སྤྱི་ཚོགས་རིག་པའི་སློབ་གླིང་གི་གླིང་གཙོ་གཞོན་པའམ་དགེ་རྒན་ཆེན་མོ་སུའུ་ཧྥ་ཞང་མཆོག་ནས་གདེང་འཇོག་མཐོན་པོ་གནང་བ་དང་སྦྲགས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ལ་སྲུང་སྐྱོབ་གང་ལེགས་ཐོབ་པའང་སྲོལ་རྒྱུན་གྱི་གནས་མཇལ་རིག་གནས་དང་འབྲེལ་བ་དམ་ཟབ་ཡོད་ཅིང་། དེའི་ཐད་ནས་ཞིབ་འཇུག་གི་གནད་ཀའང་གང་མང་རྙེད་སོན་ཐུབ་པས། ཕྱོགས་གཉིས་པོས་རྗེས་ཕྱོགས་དེའི་ཐད་ནས་རིག་གཞུང་སྤེལ་རེས་ཀྱི་འབྲེལ་ལམ་མང་ཙམ་འཛུགས་རྒྱུའི་དགོངས་བཞེད་ཀྱང་བཏོན་པ་རེད།
ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་མི་རིགས་རིག་པ་དང་སྤྱི་ཚོགས་རིག་པའི་སློབ་གླིང་གི་གླིང་གཙོ་གཞོན་པ་སུའུ་ཧྥ་ཞང་མཆོག་ནས་དཔྱད་འཇོག་གནང་བཞིན་པ།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716