སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
“ཀྲུང་དབྱང་ཁེ་ལས་ཀྱིས་དམངས་ཕྱུག་བོད་དར་ལ་རོགས་སྐྱོར”གྱི་ཚོགས་འདུ་དང་འཐབ་ཇུས་མཉམ་ལས་ཀྱི་གན་འཇོག་མཛད་སྒོ་འཚོགས་པ།
སྤེལ་དུས། 2017-06-15   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  དཀོན་སྒྲོལ་གྱིས་བསྒྱུར།
ཝུའུ་དབྱིང་ཅེ་དང་ཤའོ་ཡ་ཆིང་གིས་གསུང་བཤད་གནང་བ་དང་། ཆེ་དགྲ་ལྷས་གཙོ་སྐྱོང་གནང་བ། ཏིང་ཡེ་ཤན་དང་། ཀྲོང་ཡན། ཧྲེན་ཡིང་བཅས་ཕེབས་པ།
          ཚེས་13ཉིན་གྱི་སྔ་དྲོ“ཀྲུང་དབྱང་ཁེ་ལས་ཀྱིས་དམངས་ཕྱུག་བོད་དར་ལ་རོགས་སྐྱོར”གྱི་ཚོགས་འདུ་དང་འཐབ་ཇུས་མཉམ་ལས་ཀྱི་གན་འཇོག་མཛད་སྒོ་ལྷ་སར་འཚོགས་པ་རེད།
          རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་གྱི་ཀྲུའུ་རེན་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཤའོ་ཡ་ཆིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཚོགས་འདུ་གཙོ་སྐྱོང་གནང་བ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་བཅས་ཡིན་པའི་ཏིང་ཡེ་ཤན་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲོང་ཡན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་ཏང་ཨུད་ཀྱི་ཨུ་ཡོན་སྤྱི་ཁྱབ་རྩིས་དཔོན་ཧྲེན་ཡིང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བསྟན་ཁོ་དང་། ཝང་གཡུང་ཅུན། ཙེང་དབན་མིང་། ཅང་ཅེ། པད་མ་དབང་འདུས། ཧྥང་ལིང་མིན་བཅས་ཚོགས་འདུར་ཕེབས་པ་རེད།
          ཝུའུ་དབྱིང་ཅེས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་བྱེད་སྒོར་ཕེབས་པའི་འགོ་ཁྲིད་དང་སྐུ་མགྲོན་རྣམ་པ་ཚོར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་སོགས་ཀྲུང་དབྱང་རྒྱལ་ཁབ་པུའུ་ཨུད་དང་ཀྲུང་དབྱང་ཁེ་ལས་ཁག་གིས་དུས་ཡུན་རིང་པོའི་ནང་བོད་ལ་རྒྱབ་སྐྱོར་ཤུགས་ཆེན་དང་སྒེར་སེམས་མེད་པར་རོགས་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
          ཝུའུ་དབྱིང་ཅེས་ཏང་ཀྲུང་དབྱང་གིས་ད་བར་དུ་བོད་ཀྱི་ལས་དོན་ལ་མཐོང་ཆེན་གནང་བ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཆེན་པོ་གནང་བ། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གི་བོད་སྐྱོང་མཛད་ཇུས་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་གནང་བས་བོད་ཀྱི་ལས་དོན་སྔར་བྱུང་མྱོང་མེད་པའི་མཐོ་ཚད་གསར་པ་ཞིག་ཏུ་མཐོར་འདེགས་བྱུང་བ་དང་། ཏང་གི་བོད་ཀྱི་ལས་དོན་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གསར་པ་ཞིག་འཛུགས་ཐུབ་པ་བྱུང་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་། རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ། ལྷག་པར་དུ་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་བཅས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་ཀྱི་དོན་ཆེན་གསུམ་ལ་དམ་པོར་དམིགས་པ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་འགན་ལེན་དུ་བྱེད་པ། རྒྱུན་མི་ཆད་པར་ཤུགས་རྒྱག་པ། སྙིང་རུས་གཏན་འཁྱོངས་བྱེད་པ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་དམ་པོར་བརྟེན་པ་བཅས་བྱས་པས་བོད་ཀྱི་ལས་དོན་གོམ་སྟབས་གསར་པ་སྤོ་ཐུབ་པ་བྱུང་ལ་གྲུབ་འབྲས་གསར་པའང་ཐོབ་ཡོད། མིག་སྔར་བོད་ཀྱི་དུས་བབ་སྤྱིར་ན་ལེགས་པ་དང་། ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་ལ་དམ་འཛིན་ལྷོད་མེད་བྱེད་པ། སྤྱི་ཚོགས་དུས་བབ་རྒྱུན་མཐུད་དང་། འཆམ་མཐུན། བརྟན་པོ་བཅས་ཡོད། དཔལ་འབྱོར་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་བ་དང་། སྣོད་བཅུད་ཁོར་ཡུག་མུ་མཐུད་ལེགས་སུ་འགྲོ་བ། མི་རིགས་ཁག་གི་དངོས་པོ་དང་རིག་གནས་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བ། གཞི་རིམ་གྱི་རྨང་གཞིའི་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་ཐེབས་པ། འཕེལ་རྒྱས་དང་བརྟན་ལྷིང་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་ཀྱི་གྲས་སུ་སླེབས་ཡོད་ཅེས་གསུངས་པ་རེད།
          ཝུའུ་དབྱིང་ཅེས་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་སྒོ་དབྱེ་བཅས་ཀྱི་ལོ་རྒྱུས་དུས་སྐབས་ཁག་ཏུ་ཀྲུང་དབྱང་ཁེ་ལས་ཀྱིས་ཀྲུང་དབྱང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ་དང་། ཆབ་སྲིད་ལ་སྣང་ཆེན་གྱིས་སྤྱི་ཡོངས་ལ་ལྟ་རྟོག་བྱས་པ། ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་གྱིས་འགན་ཁུར་ཕོད་པ་བྱས་ཡོད། རྣམ་གྲངས་དང་། མ་དངུལ། ཐོན་ལས། ཤེས་ལྡན་པ། ལག་རྩལ། ལས་ཞུགས་སོགས་ཐད་ནས་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བ་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ལྷག་པར་དུ་ཆབ་སྲིད་ཀྱི་འགན་འཁྲི་དང་སྤྱི་ཚོགས་ཀྱི་འགན་འཁྲི་དོན་འཁྱོལ་གྱིས་གནད་སྨིན་དབུལ་སྐྱོར་དང་། སློབ་ཐོན་སློབ་མའི་ལས་ཞུགས། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དཀའ་ངལ་སེལ་གཅོད་སོགས་ཀྱི་ལས་དོན་ནང་ཧུར་ཐག་ཞུགས་ནས་ལས་དོན་འབོར་ཆེན་བསྒྲུབས་པ་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་དང་། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་། མཐའ་མཚམས་སྲ་བརྟན་དུ་གཏོང་རྒྱུ་སོགས་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད། དེ་ཐོག་ནས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གང་ལེགས་མངོན་པ་དང་ཀྲུང་དབྱང་ཁེ་ལས་ཀྱིས་རང་འགན་གཙང་སྒྲུབ་བྱས་པ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བརྩེ་བ་ཟབ་མོ་འཆང་བ་མཚོན་གྱི་ཡོད། བོད་མི་དམངས་ཀྱིས་དེ་དག་ནམ་ཡང་བརྗེད་རྒྱུ་མེད་ཅེས་བསྟན་གནང་བ་རེད།
          ཝུའུ་དབྱིང་ཅེས་བོད་ཀྱི་འཕེལ་རྒྱས་ལ་སྔར་བྱུང་མྱོང་མེད་པའི་ལོ་རྒྱུས་ཀྱི་གོ་སྐབས་ཤིག་འཕྲད་ཡོད་ལ། བོད་དུ་སྒོ་འབྱེད་ཀྱི་གཡུལ་ས་མདུན་མ་དམ་བཟུང་དང་། ཁྲོམ་ར་རྒྱ་སྐྱེད། བཀོད་པ་ལེགས་སྒྲིག་བཅས་བྱ་རྒྱུའི་ཐད་ཀྲུང་དབྱང་ཁེ་ལས་ལའང་ཐོབ་པར་དཀའ་བའི་གོ་སྐབས་ཤིག་ཐོབ་ཡོད། སླད་ཕྱིན་ཀྲུང་དབྱང་ཁེ་ལས་དང་བོད་རང་སྐྱོང་ལྗོངས་གཉིས་ཀྱིས་མཉམ་ལས་གཏིང་ཟབ་བྱས་ནས་ཁྱད་ལྡན་ལེགས་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། ཚན་རྩལ་གསར་གཏོད་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། བྷང་ག་ལ་དང་། ཀྲུང་གོ། རྒྱ་གར། འབར་མ་བཅས་ཀྱི་དཔལ་འབྱོར་བར་འཁྱམས་འཛུགས་སྐྲུན་ནང་ཞུགས་པ་བཅས་བྱ་རྒྱུའི་རེ་བ་ཡོད་ལ། ཀྲུང་དབྱང་ཁེ་ལས་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་དང་སྤྱི་ཚོགས་ཀྱི་འགན་འཁྲི་མུ་མཐུད་ཕྲག་ཐོག་ཏུ་ཁུར་ནས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་ལས་དོན་ཁྲོད་ནུས་པ་སྔར་བས་འདོན་སྤེལ་བྱས་ཏེ་བོད་དུ་ཐོན་ཁུངས་གསར་སྤེལ་སོགས་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་བྱ་ཡུལ་གྱི་མི་འབོར་དབུལ་པོ་10%ལ་ཆ་སྒྲིག་རོགས་སྐྱོར་བྱས་ནས་ངལ་རྩོལ་ནུས་ཤུགས་ཡོད་པའི་ཁྱིམ་ཚང་དབུལ་པོའི་ཁྲོད་ནས་ཉུང་མཐར་ཡང་མི་1ཀྲུང་དབྱང་ཁེ་ལས་ནང་བསྡུས་ནས་ལས་ཞུགས་བརྟན་པོ་ཡོང་བའི་འགན་ལེན་བྱ་རྒྱུའི་རེ་བའང་ཡོད། ཁྱད་ལྡན་ཐོན་ལས་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་ནས་མང་ཚོགས་དབུལ་པོ་རྣམས་ཐོན་ལས་མཉམ་འདྲེས་བརྒྱུད་དབུལ་སྒྲོལ་ཐུབ་པ་བྱེད་དགོས། ཆོས་ལུགས་ཀྱི་ཤུགས་རྐྱེན་ངན་པ་རིམ་བཞིན་ཆུང་དུ་གཏོང་བའི་ཁྲོད་ནུས་པ་འདོན་སྤེལ་བྱས་ཏེ་རྣམ་གྲངས་ཁུལ་གྱི་མང་ཚོགས་ཚོར་བདེ་ཐང་དང་ཤེས་དཔལ་ལྡན་པའི་འཚོ་བ་སྐྱེལ་སྟངས་ཤིག་བརྩོན་ལེན་བྱས་ནས་ཚེ་འདིའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་རྒྱུའི་སློབ་གསོ་གཏོང་དགོས་ལ་ཁྲིད་སྟོན་ཡང་བྱེད་དགོས་ཞེས་གསུངས་པ་རེད།
          ཝུའུ་དབྱིང་ཅེས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་ལ་གཞོགས་འདེགས་ཧུར་ཐག་དང་ཞབས་ཞུ་སྔོན་སྒྲུབ་ཀྱིས“ཀྲུང་དབྱང་ཁེ་ལས་ཀྱིས་དམངས་ཕྱུག་བོད་དར་ལ་རོགས་སྐྱོར”གྱི་བྱེད་སྒོ་བདེ་བླག་ངང་ལེགས་གྲུབ་དང་ཕན་འབྲས་དངོས་ཐོན་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་སྟེ། གཅིག་ནས་བསམ་བློའི་ངོས་འཛིན་གོང་མཐོར་གཏོང་དགོས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ། ལྷག་པར་དུ་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་གལ་ཆེན་གྱི་མཐོ་ཚད་ཐོག་རང་འགུལ་ངང་ལངས་པ་དང་།“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པར་སྤྱི་འདོམས་ཀྱིས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་པར་མཐུན་སྦྱོར་གྱིས་སྐུལ་འདེད་གཏོང་བའི་མཐོ་ཚད་ཐོག་ལངས་པ། བོད་འཕེལ་རྒྱས་མྱུར་པོ་དང་། ཡུན་རིང་བདེ་འཁོད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བཅས་ཀྱི་མཐོ་ཚད་ཐོག་ལངས་པ། ཀྲུང་དབྱང་ཁེ་ལས་བོད་དུ་ཡོང་བའི་དོན་སྙིང་གལ་ཆེན་ངོས་འཛིན་གཏིང་ཟབ་བྱས་ནས་ལས་ཀ་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་དགོས་པ་དང་། གཉིས་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ཀྲུང་དབྱང་ཁེ་ལས་བོད་དུ་ཡོང་བའི་ལས་དོན་མངོན་གསལ་དོད་སར་འཇོག་པ་དང་། ཉིན་རེའི་ལས་རིམ་གལ་ཆེན་ནང་འཇུག་པ། ཏང་སྲིད་ཀྱི་གཙོ་འགན་འཁུར་མཁན་གྱིས་འགན་གཙོ་བོ་ཁུར་བ་དང་རང་ཉིད་ངོ་མས་དམ་འཛིན་བཅས་བྱེད་དགོས་ལ། འགན་ནུས་སྡེ་ཚན་གྱིས་ལས་བགོས་ཁ་གསལ་དང་འགན་འཁྲི་ཏན་ཏིག་ཀྱང་འཁུར་དགོས་པ། གསུམ་ནས་སྦྲེལ་མཐུད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། འབྲེལ་གཏུག་སྤེལ་རེས་ཀྱི་ལས་སྟེགས་ཧུར་ཐག་བསྐྲུན་པ་དང་ཕན་ཚུན་འཚམས་འདྲི་རྒྱུན་རྣམ་ཅན་དང་། སྡེ་ཚན་སྤེལ་རེས་དྲ་རྒྱ་ཅན། ཁེ་ལས་སྦྲེལ་མཐུད་སྲུབས་ཁ་མེད་པ་བཅས་ཡོང་རྒྱུར་སྐུལ་སྤེལ་བཏང་ནས་གན་རྒྱ་འཇོག་པའི་རྣམ་གྲངས་དོན་ཐོག་ཏུ་འཁྱོལ་རྒྱུར་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱེད་དགོས་པ། བཞི་ནས་ཞབས་ཞུ་རྗེས་སྙེགས་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ལེ་ལག་ཚང་བའི་སྲིད་ཇུས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ས་ཆ་དང་། འཆར་འགོད། ནོར་སྲིད་སོགས་ཀྱི་འབྲེལ་ཡོད་རྒྱབ་སྐྱོར་སྲིད་ཇུས་ཞིབ་ཚགས་སུ་གཏོང་བ། སྲིད་གཞུང་གིས་སྐུལ་འདེད་དང་། སྡེ་ཚན་གྱིས་མཉམ་འགུལ། ཁེ་ལས་ཀྱིས་མཉམ་སྒྲུབ་བཅས་ཀྱི་ལས་ཀའི་ལམ་སྲོལ་འཛུགས་པ་བཅས་བྱས་ཏེ་མཉམ་ལས་རྒྱུན་སྲིང་དང་། བརྟན་པོ། གཏིང་ཟབ་བཅས་ཀྱི་སྒོ་ནས་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ། སྦྲེལ་མཐུད་མཉམ་ལས་ཀྱི་ཁ་ཆད་དོན་ཚན་དང་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་སོགས་ཀྱི་གནས་ཚུལ་དུས་བཀག་ལྟར་ལེགས་སྒྲིག་བྱེད་པ་དང་ས་ཆ་བསྡུ་ལེན་དང་བཤིག་སྤོ་སོགས་ཐད་ཀྱི་བོད་སྐྱོད་ཀྲུང་དབྱང་ཁེ་ལས་ཀྱི་དཀའ་གནད་དུས་ཐོག་ཏུ་སེལ་རོགས་བྱས་ནས་རྗེས་བསྙེགས་ཞབས་ཞུ་དང་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས་པ། ལྔ་ནས་ཁོར་ཡུག་ལེགས་པོ་ཞིག་གཏོད་དགོས་ཤིང་། དྲང་གཞག་འགྲན་རྩོད་ཀྱི་ཁྲོམ་རའི་ཁོར་ཡུག་ཧུར་ཐག་གཏོད་པ་དང“ཉེ་པོ”དང“གཙང་མའི”སྲིད་གཞུང་དང་ཁེ་ལས་དབར་གྱི་འབྲེལ་བ་གསར་པ་ཧུར་ཐག་བཙུགས་ནས་ཀྲུང་དབྱང་ཁེ་ལས་ལ་བོད་དུ་འཕེལ་རྒྱས་གཏོང་རིང་དེ་བས་སྒོ་དབྱེའི་མ་འཇོག་ཁོར་ཡུག་དང་། དེ་བས་དྲང་གཞག་གི་ཁྲིམས་སྐྱོང་ཁོར་ཡུག དེ་བས་ལེགས་པའི་སྤྱི་ཚོགས་ཁོར་ཡུག་བཅས་གཏོད་དགོས་པ་བཅས་རེད།
          ཤའོ་ཡ་ཆིང་གིས་གསུང་བཤད་གནང་སྐབས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་བོད་ཀྱིས་གནས་བབ་ཧ་ཅང་གལ་ཆེན་བཟུང་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྔར་ནས་ད་བར་བོད་ཀྱི་ལས་དོན་ལ་མཐོང་ཆེན་པོ་གནང་བ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དོན་དངོས་ལ་གཞི་ཚུགས་པ་དང་ཕུགས་ལ་དམིགས་ཏེ་ཐབས་ཇུས་གལ་ཆེན་རབ་དང་རིམ་པ་བཀོད་སྒྲིག་གིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་ཆེད་འདེགས་སྐྱོར་ནུས་ལྡན་གནང་ཡོད། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་དེ་སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་བསྒྱུར་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ཡོང་འབབ་བརྟན་འཕར་དང་། གྲུབ་ཆ་ལེགས་སྒྲིག སྒྱུར་བཅོས་ལ་སྐུལ་འདེད།དམངས་འཚོར་ཕན་འདོགས་པ་སོགས་ཀྱི་ལས་དོན་ཁག་ཏན་ཏིག་ཡག་པོ་བསྒྲུབས་ཡོད། ད་ཕན་ལོ་ཤས་རིང་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་། སྤྱི་ཚོགས་ཀྱི་བྱ་གཞག་ཕྱོགས་ཡོངས་ནས་ཡར་རྒྱས་ཕྱིན་པ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་བྱུང་ཡོད། གྲུབ་འབྲས་དེ་དག་ཚང་མ་ཀུན་གྱི་མཐོང་ཆོས་སུ་གྱུར་ཡོད། ང་ཚོས་རང་སྐྱོང་ལྗོངས་ཀྱི་གོང་འོག་ཕྱོགས་ཡོངས་ནས་མངོན་པའི་སྡུག་བསྲན་ཁྱད་པར་ཐེག་པ་དང་། དམག་འཐབ་ཁྱད་པར་འཇོན་པ། བཟོད་བསྲན་ཁྱད་པར་ཐུབ་པ། མཐུན་སྒྲིལ་ཁྱད་པར་ཐུབ་པ། ལེགས་སྐྱེས་ཁྱད་པར་འབུལ་བ་བཅས་ཀྱི“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ལ་སེམས་གཏིང་ནས་མོས་གུས་ཞུ་རྒྱུ་དང་བོད་ཀྱི་མི་དམངས་ལ་ཐོབ་པའི་གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད། ཤའོ་ཡ་ཆིང་གིས་དུས་ཡུན་རིང་པོའི་ནང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་གྱིས་བོད་དང་སྤེལ་རེས་མཉམ་ལས་བྱ་རྒྱུར་མཐོང་ཆེན་པོ་གནང་སྟེ་ཀྲུང་དབྱང་གི་ཁེ་ལས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྱོང་ནང་གཏིང་ཟབ་ཞུགས་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་དང་། བོད་ཀྱི་སྤྱི་པའི་ཞབས་ཞུའི་འགན་ལེན་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ། ཁ་གཏད་བོད་སྐྱོར་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་བ། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་ནུས་ལྡན་བྱས་པ་བཅས་ཀྱི་ཐོག་ནས་བོད་ཀྱི་ལས་ཞུགས་རྒྱ་ཆེར་གཏོང་རྒྱུར་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད་ལ་ཕན་ཚུན་སྤེལ་རེས་དང་འགྲོ་འོང་གཏིང་ཟབ་ཀྱང་བྱས་ཡོད། ཀྲུང་དབྱང་ཁེ་ལས་འདི་ཉིད་ད་ཆ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཁྲོད་མེད་དུ་མི་རུང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་གསུངས་པ་རེད།
          ཤའོ་ཡ་ཆིང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་དང་ཀྲུང་དབྱང་ཁེ་ལས་གཉིས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་ཁྱོན་ཡོངས་ནས་འགོ་བཙུགས་ཏེ་ཏང་གི་བོད་སྐྱོང་མཛད་ཇུས་དང་དེ་བཞིན་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱི་མཛུབ་སྟོན་དང་ཞིབ་མཆན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། གོ་སྐབས་དམ་འཛིན་གྱིས་རང་འགུལ་ངང་ལས་ཀ་ཧུར་ཐག་བྱེད་པ། རིམ་པ་དེ་བས་མཐོ་བ་དང་ཁྱབ་ཁོངས་དེ་བས་ཆེ་བའི་ནང་བོད་དང་འཐབ་ཇུས་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་པ། རང་ངོས་འཕེལ་རྒྱས་གཏོང་བ་དང་ཆབས་ཅིག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གསར་པ་ཡོང་བ་དང་ཆུ་ཚད་གསར་པར་སླེབས་རྒྱུར་རོགས་འདེད་ཧུར་ཐག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
          ཆེ་དགྲ་ལྷས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་དང་དེ་བཞིན་གན་རྒྱ་འཇོག་མཁན་ཕྱོགས་གཉིས་པོས་བོད་སྐྱོར་ལས་དོན་གྱི་མཉམ་ལས་ལམ་སྲོལ་གཏིང་ཟབ་ཏུ་གཏོང་རྒྱུ་དང་། བོད་སྐྱོར་ལས་དོན་གྱི་ལས་འགན་གསར་གཏོད་དང་དོན་འཁྱོལ་བྱ་རྒྱུ། ཀྲུང་དབྱང་ཁེ་ལས་བོད་དུ་བྱ་གཞག་དར་སྤེལ་གཏོང་བར་བསྐྱོད་རྒྱུར་སྐུལ་འདེད་གཏོང་རྒྱུ་སོགས་ཐད་ཀྱི་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཐོན་ལས་ལ་བརྟེན་ནས་བོད་སྐྱོར་དང་། ལས་ཞུགས་ལ་བརྟེན་ནས་བོད་སྐྱོར། ཤེས་ལྡན་མི་སྣར་བརྟེན་ནས་བོད་སྐྱོར་སོགས་ཁྱབ་ཁོངས་ཁྲོད་ཀྱི་ཀྲུང་དབྱང་ཁེ་ལས་དང་བོད་ཀྱི་མཉམ་ལས་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་ནས་ལེགས་ཆ་གསབ་རེས་དང་། གཉིས་ཁེ་གཉིས་ཕན། ཐུན་མོང་འཕེལ་རྒྱས་བཅས་ཡོང་བ་བྱེད་དགོས། ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་དང་སྡེ་ཚན་ཁག་གིས་གོ་སྐབས་དམ་འཛིན་དང་། བབ་བསྟུན་མདུན་སྐྱོད། སྦྲེལ་མཐུད་དམ་ཟབ། རྗེས་སྙེག་དོན་འཁྱོལ་བཅས་བྱེད་པ་དང་ཆབས་ཅིག་རྣམ་གྲངས་སྔ་ཙམ་དོན་འཁྱོལ་དང་། སྔ་ཙམ་གཉེར་བ། སྔ་ཙམ་ཕན་འབྲས་ཐོན་པ་བཅས་ལ་སྐུལ་འདེད་བཏང་ནས་རང་ལྗོངས་ཀྱི་དཔལ་འབྱོར་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། བོད་སྐྱོད་ཀྲུང་དབྱང་ཁེ་ལས་ཀྱི་ལས་སྒོ་ཁག་སྤེལ་རྒྱུར་སྲིད་ཇུས་བཟང་ཤོས་བཟོ་བ་དང་། ཁོར་ཡུག་ཡག་ཤོས་གཏོད་པ། ཞབས་འདེགས་ལེགས་ཤོས་ཞུ་བ་བཅས་གང་ཐུབ་ཅི་ཐུབ་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་བོད་དུ་ཡོད་པའི་ཀྲུང་དབྱང་ཁེ་ལས་ཀྱི་ལས་སྒོ་འཕེལ་རྒྱས་ཡག་པོ་དང་། མྱུར་པོ། ཆེན་པོ་བཅས་ཡོང་རྒྱུར་རོགས་འདེད་བྱེད་དགོས་ཞེས་གསུངས་པ་རེད།
          རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་དང་། ཀྲུང་དབྱང་ཁེ་ལས། ཀྲུང་དབྱང་དངུལ་རྩ་ཁེ་ལས་བཅས་སོ་སོ་དང་འཐབ་ཇུས་མཉམ་ལས་གྲོས་མཐུན་ཡི་གེ་བཞག་པ་རེད། འབྲེལ་ཡོད་ཀྲུང་དབྱང་ཁེ་ལས་ཀྱིས་ཁ་གཏད་རོགས་སྐྱོར་བྱ་ཡུལ་ས་ཁུལ(གྲོང་ཁྱེར)དང་བོད་སྐྱོར་མཉམ་ལས་ཀྱི་གྲོས་མཐུན་ཡི་གེ་བཞག་པ་དང་། ལྷ་ས་གྲོང་ཁྱེར་དང་ཉིང་ཁྲི་གྲོང་ཁྱེར་དང་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ཡི་གེ་བཞག་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716