སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དབྱིན་ཧྥན་ཏི་ནོ་དང་མཇལ་འཛོམས་གནང་བ།
སྤེལ་དུས། 2017-06-16   ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་སྒྲིག་པ།  ལྷ་དབང་གིས་བསྒྱུར།
          ཚེས་14ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དབྱིན་ཧྥན་ཏི་ནོ་དང་མཇལ་འཛོམས་གནང་བ་རེད།
          ཞི་ཅིན་ཕིང་གིས་ལུས་རྩལ་རྒྱལ་ཁབ་ཆེ་མོ་དང་ལུས་རྩལ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་ནི་ཀྲུང་གོའི་མི་དམངས་ཀྱིས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་གྲུབ་ཆའི་ཆ་ཤས་གལ་ཆེན་ཞིག་ཡིན། ཀྲུང་གོ་སྲིད་གཞུང་གིས་རྐང་རྩེད་སྤོ་ལོ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཏེ་ནུས་ལྡན་དང་རྒྱུན་མཐུད་རང་བཞིན་ངང་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུང་གོའི་དེང་རབས་རྐང་རྩེད་སྤོ་ལོ་ཁྱབ་ཚད་དང་རྩལ་འགྲན་ཆུ་ཚད་དེ་རྐང་རྩེད་སྤོ་ལོ་སྟོབས་ཆེའི་རྒྱལ་ཁབ་དང་བསྡུར་ན་སྔར་བཞིན་ཧེ་བག་ཆེན་པོ་ཡོད། རྐང་རྩེད་སྤོ་ལོའི་ལུས་རྩལ་གྱི་དོན་སྙིང་ནི་རྩལ་འགྲན་ཙམ་མ་ཡིན་པར་མི་དམངས་ཀྱི་གཟུགས་གཞི་ཐང་དུ་གཏོང་རྒྱུ་དང་མི་རྣམས་ཀྱི་རྒྱལ་གཅེས་རིང་ལུགས་དང་། མཉམ་སྡེབ་རིང་ལུགས། འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་བཅས་དར་སྤེལ་གཏོང་ཆེད་ཀྱང་ཡིན། ཉེ་བའི་ལོ་ཤས་རིང་ང་ཚོས་སྟོབས་ཤུགས་གཅིག་སྡུད་ཀྱིས་རྐང་རྩེད་སྤོ་ལོ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་སྤྱིའི་ཇུས་གཞི་བཟོས་ནས་སྒྱུར་བཅོས་ལ་སྐུལ་འདེད་མཐའ་གཅིག་ཏུ་བཏང་ཡོད། ང་ཚོས་སྤྱི་ཚོགས་ཡོངས་ཀྱི་རྐང་རྩེད་སྤོ་ལོའི་རིག་གནས་སྐྱེད་སྲིང་དང་རྐང་རྩེད་སྤོ་ལོ་དོ་དམ་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་བཏང་ནས་འཛམ་གླིང་རྐང་རྩེད་སྤོ་ལོའི་འཕེལ་རྒྱས་ཀྱི་ཆོས་ཉིད་དང་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པ་དང་ཆེད་ལས་ནུས་ཆེའི་རྩ་འཛུགས་དོ་དམ་མ་ལག་བཟོས་ཏེ་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། རྐང་རྩེད་སྤོ་ལོ་ཐང་སོགས་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་སྤྱིའི་དབར་སྤེལ་རེས་དང་དཔྱད་གཞིར་འཛིན་རེས་བྱ་རྒྱུར་ཤུགས་སྣོན་རྒྱག་པ། འབད་བརྩོན་ཧུར་ཐག་དང་རྒྱུན་འཁྱོངས་ལྷོད་མེད་བཅས་བྱས་ནས་ཀྲུང་གོའི་རྐང་རྩེད་སྤོ་ལོའི་ཆུ་ཚད་རིམ་བཞིན་མཐོ་རུ་བཏང་སྟེ་ཉིན་བཞིན་ཡར་རྒྱས་འགྲོ་བའི་རྐང་རྩེད་སྤོ་ལོའི་རིག་གནས་དེ་ཀྲུང་གོ་མི་དམངས་ཀྱིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་དྲང་ནུས་སུ་འགྱུར་བ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས་དབྱིན་ཧྥན་ཏི་ནོས་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་འགན་འཁུར་རྗེས་རྐང་རྩེད་སྤོ་ལོའི་བྱ་གཞག་འཕེལ་རྒྱས་ལ་གཞོལ་བ་དང་ཀྲུང་གོའི་རྐང་རྩེད་སྤོ་ལོའི་བྱ་གཞག་ལ་ཐུགས་ཁུར་གནང་བར་བསྔགས་བརྗོད་གནང་བ་རེད། ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་ལས་དོན་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ་འཛམ་གླིང་རྐང་རྩེད་སྤོ་ལོའི་ལུས་རྩལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འབུལ་དགོས་པའི་ལེགས་སྐྱེས་འབུལ་འདོད་ཡོད་ལ། ཀྲུང་གོ་དང་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་མཉམ་ལས་ལའང་མདུན་ལམ་ཆེན་པོ་ལྡན་ཡོད་ཅེས་ནན་བཤད་གནང་བ་རེད།
          དབྱིན་ཧྥན་ཏི་ནོས་ཀྲུང་གོའི་རྐང་རྩེད་སྤོ་ལོའི་འཕེལ་རྒྱས་དེ་འཛམ་གླིང་རྐང་རྩེད་སྤོ་ལོའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་གོའི་རྐང་རྩེད་སྤོ་ལོའི་སྒྱུར་བཅོས་འཕེལ་རྒྱས་སྐོར་གྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་འདུ་ཤེས་ལ་འཐབ་ཇུས་རང་བཞིན་གྱི་གཟིགས་རྒྱང་རིང་པོ་ལྡན་འདུག ཀྲུང་གོ་སྲིད་གཞུང་གིས་རྐང་རྩེད་སྤོ་ལོའི་བྱ་གཞག་ལ་མཐོང་ཆེན་བྱེད་པ་དང་། རྐང་རྩེད་སྤོ་ལོ་སྒྱུར་བཅོས་ལ་སྐུལ་འདེད་བཏང་བ། དམངས་ཡོངས་རྐང་རྩེད་སྤོ་ལོའི་ལུས་རྩལ་ཁྱབ་གདལ་ཧུར་ཐག་བཏང་བར་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཚད་མཐོའི་གདེང་འཇོག་བྱེད་ཀྱི་ཡོད། རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་རྐང་རྩེད་སྤོ་ལོའི་འཕེལ་རྒྱས་འཐབ་ཇུས་ནང་ཀྲུང་གོས་གལ་འགངས་ཆེ་བའི་གནས་བབ་བཟུང་ཡོད། རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་ཟབ་མོ་བྱས་ཏེ་ཀྲུང་གོའི་རྐང་རྩེད་སྤོ་ལོ་དང་འཛམ་གླིང་རྐང་རྩེད་སྤོ་ལོའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716