སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞི་ཅིན་ཕིང་གིས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་བཞུགས་མོལ་ཚོགས་འདུའི་ཐོག
སྤེལ་དུས། 2017-06-26   ཡོང་ཁུངས། མི་དམངས་ཉིན་ཚགས།   རྩོམ་སྒྲིག་པ།  དབང་མོས་བསྒྱུར།
འདེགས་སྐྱོར་མ་ལག་སྟོབས་ཆེར་དང་། སྲིད་ཇུས་གཟིགས་སྐྱོང་བྱ་ཤུགས་ཆེར་གཏོང་། གནད་སྨིན་ཤུགས་འདོན་ལ་དམིགས་པ། དཀའ་གནད་ནང་གི་དཀའ་གནད་ཁྱད་གསོད་བཅས་བྱེད་དགོས་པའི་ནན་བཤད་གནང་བ།
ཟླ་6ཚེས་23ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲན་ཤིས་ཐའེ་ཡོན་གྲོང་ཁྱེར་དུ་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།
          ཚེས་23ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲན་ཤིས་ཐའེ་ཡོན་གྲོང་ཁྱེར་དུ་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་འཕེལ་རིམ་གནས་ཚུལ་གྱི་སྙན་སེང་གསན་པ་དང་དབུལ་པོ་ཚབས་ཆེན་སེལ་བའི་བྱ་ཐབས་གཅིག་སྡུད་ཐོག་ཞིབ་འཇུག་གནང་བ་རེད། ཁོང་གིས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་དུས་མཚམས་འདིར་སླེབས་སྐབས་ཤིན་ཏུ་དབུལ་བའི་གནད་དོན་གཙོ་གནད་ཐོག་ཞིབ་འཇུག་དང་ཐག་གཅོད་བྱེད་དགོས། རིམ་ཁག་ཏང་ཨུད་ཀྱིས་ཤིན་ཏུ་དབུལ་བའི་ས་ཁུལ་དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་ཐུབ་པའི་ལས་འགན་གྱི་དཀའ་ཚེགས་ཆེ་བའི་རང་བཞིན་དང་། གལ་ཆེའི་རང་བཞིན། དགོས་གཏུག་རང་བཞིན་བཅས་ངེས་པར་དུ་ངོས་འཛིན་གཏིང་ཟབ་ཐུབ་པ་བྱས་ཏེ་ཚོད་འཛིན་བཟོ་བའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུ་གཙོ་གནད་དུ་འཛིན་ནས་འདེགས་སྐྱོར་མ་ལག་སྟོབས་ཆེར་དང་། སྲིད་ཇུས་གཟིགས་སྐྱོང་བྱ་ཤུགས་ཆེར་གཏོང་། གནད་སྨིན་ཤུགས་འདོན་ལ་དམིགས་པ། དཀའ་གནད་ནང་གི་དཀའ་གནད་ཁྱད་གསོད་བཅས་ཀྱི་སྒོ་ནས་ཤིན་ཏུ་དབུལ་བའི་ས་ཁུལ་དང་མང་ཚོགས་དབུལ་པོ་རྣམས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྱོར་སྤྱི་ཚོགས་སུ་སླེབས་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་ཧྲན་ཤིས་སུ་རྟོག་ཞིབ་གནང་སྐབས་ད་ཐེངས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། བཞུགས་མོལ་ཚོགས་འདུའི་ཐོག་ཧྲན་ཤིས་ཞིང་ཨུད་ཀྱི་ཧྲུའུ་ཅི་ལུའོ་ཧུའེ་ཉིང་དང་། ཡུན་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཧའོ། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ། མཚོ་སྔོན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་གོ་ཧྲེང་། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་བཅས་ཕེབས་པ་མ་ཟད་ཡིག་ཐོག་གི་གཏམ་བཤད་ཀྱང་གནང་ཞིང་། ཧྲན་ཤིས་ལུའེ་ལེའང་གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཀྲེང་དབྱིན་དང་། ཅང་ཤིས་ཀན་ཀྲོའུ་གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་པིང་ཅུན། ཧུའུ་པེ་ཨེན་ཧྲེ་ཀྲོའུ་ཨུད་ཀྱི་ཧྲུའུ་ཅི་ལི་ཅན་མིང་། ཧུའུ་ནན་ཤང་ཤིས་ཀྲོའུ་ཨུད་ཀྱི་ཧྲུའུ་ཅི་ཡེ་ཧུང་ཀྲོན། སི་ཁྲོན་ལེའང་ཧྲན་ཀྲོའུ་ཨུད་ཀྱི་ཧྲུའུ་ཅི་ལིན་ཧྲུའུ་ཁྲེང་། ཀན་སུའུ་ཏིང་ཤིས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཐང་ཞའོ་མིང་། ཧོ་པེ་ཁང་པའོ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཏུའུ་ཕིང་། ནང་སོག་ཁོར་ཆིན་གཡས་ཤོག་ཀྲུང་ཆི་ཆི་ཨུད་ཀྱི་ཧྲུའུ་ཅི་པའེ་ཡུན་ཧའེ། ཀོང་ཤིས་ཏུའུ་ཨན་རྫོང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཅིས་ཡུང་། ཧྲའན་ཤིས་ཧྲན་ཡང་རྫོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་གོ་ཡུས། ཉིང་ཞ་ཐུང་ཤིན་རྫོང་ཨུད་ཀྱི་ཧྲུའུ་ཅི་མཱ་ཧུང་ཧའེ་སོགས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གྲོང་ཁྱེར་དང་། ཀྲོའུ། རྫོང་། ཆི་བཅས་ཏང་ཨུད་ཀྱི་ཧྲུའུ་ཅིའི་འཐུས་མི་11གིས་གཏམ་བཤད་སྤེལ་བ་རེད། ཁོང་ཚོས་ཟུར་ཚད་མི་འདྲ་བའི་ཐོག་ནས་ཤིན་ཏུ་དབུལ་བའི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། དབུལ་སྒྲོལ་འགག་སྒྲོལ་ལས་ཀའི་མྱོང་ཚོར་སྤེལ་རེས་བྱས་པ། དཀའ་གནད་ནང་གི་དཀའ་གནད་ཁྱད་གསོད་ཀྱི་བསམ་འཆར་དང་གྲོས་འགོ་བཏོན་པ་དང་། ཞི་ཅིན་ཕིང་གིས་གསན་གྱིན་ཟིན་བྲིས་སྐྱོན་གནང་བ་དང་ཁོང་ཚོ་དང་འབྲེལ་ཡོད་གནད་དོན་ཐད་གྲོས་བསྡུར་ཡང་སེ་གནང་བ་རེད།
          ཚང་མའི་གཏམ་བཤད་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་མི་འབོར་དབུལ་པོ་དབུལ་སྒྲོལ་བྱ་རྒྱུ་དེ་ཉིད་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་མཐའ་ཚད་ལས་འགན་དང་མཚོན་བྱེད་རང་བཞིན་གྱི་དམིགས་ཚད་ལ་བརྩིས་ནས་རྒྱལ་ཡོངས་སུ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཕྱོགས་ཡོངས་ནས་རྒྱག་འགོ་བཙུགས་ཡོད། དབུལ་སྒྲོལ་འགག་སྒྲོལ་བྱ་ཤུགས་ཆེ་བ་དང་། ཁྱབ་རྒྱ་ཆེ་བ། ཤུགས་རྐྱེན་ཟབ་པ་བཅས་སྔར་ན་བྱུང་མྱོང་མེད་པ་ཞིག་རེད། ད་ལྟ་ཕྱོགས་ཁག་ཚང་མས་བྱ་སྤྱོད་སྤེལ་བས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་ཅུང་ཡག་པོ་བྱུང་བ་དང་། མང་ཚོགས་དབུལ་པོའི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། ས་ཁུལ་དབུལ་པོའི་རྣམ་པ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་ཅེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས་རང་རྒྱལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་འགན་སྔར་བཞིན་ལྕི་པོ་ཡོད། ད་ལྟའི་དབུལ་པོ་མང་ཆེ་བ་ཤིན་ཏུ་དབུལ་བའི་ས་ཁུལ་དུ་འདུས་ཡོད། ས་ཁུལ་འདི་དག་མང་ཆེ་བ་གསར་བརྗེའི་ཁུལ་རྙིང་དང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ་བཅས་ཡིན་པས་རྨང་གཞིའི་སྒྲིག་བཀོད་དང་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་རྗེས་ལུས་ཐེབས་པ་དང་། སྤྱི་ཚོགས་ཤེས་དཔལ་གྱི་ཚད་གཞི་ཅུང་དམའ་བ། སྣོད་བཅུད་ཁོར་ཡུག་ཉམས་ཞན་ཡིན་པ། རང་བྱུང་གནོད་འཚེ་ཡང་སེ་ཐོན་པ། མི་འབོར་དབུལ་པོའི་བསྡུར་ཚད་དང་དབུལ་པོ་ཐོན་ཚད་ཅུང་མཐོ་བ། མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དམའ་བ། མཉམ་སྡེབ་དཔལ་འབྱོར་ཞན་པ། དབུལ་སྒྲོལ་ལས་འགན་ལྕི་བ་སོགས་ཀྱི་རྐྱེན་པས་ཇི་ཙམ་གྱིས་རྗེས་སུ་ལུས་ན་དབུལ་སྒྲོལ་མ་གནས་དེ་ཙམ་གྱིས་མཐོ་བ་དང་དཀའ་ངལ་དེ་ཙམ་གྱིས་ཆེ་བ་ཡོད། དབུལ་སྒྲོལ་འགག་སྒྲོལ་ནི་མ་གཞི་ནས་དམག་འཐབ་དྲག་པོ་ཞིག་ཡིན་པ་དང་།
          ཤིན་ཏུ་དབུལ་བའི་ས་ཁུལ་དབུལ་སྒྲོལ་འགག་སྒྲོལ་བྱ་རྒྱུ་ནི་དམག་འཐབ་དྲག་པོའི་ཁྲོད་ཀྱི་ཡང་དྲག་དེ་བས་ཀྱང་རེད་། དེར་བརྟེན་ངེས་པར་དུ་དེ་བས་གཅིག་སྡུད་ཀྱི་རྒྱབ་སྐྱོར་བྱེད་པ་དང་། དེ་བས་ནུས་ལྡན་གྱི་བྱ་ཐབས་སྤྱོད་པ། དེ་བས་གོ་ཆོད་པའི་ལས་དོན་སྒྲུབ་པ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་ཤིན་ཏུ་དབུལ་བའི་ས་ཁུལ་དབུལ་སྒྲོལ་འགག་སྒྲོལ་བྱ་རྒྱུར་སྐུལ་འདེད་མྱུར་པོ་གཏོང་བར་ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་གཞི་རྩའི་མཛད་ཇུས་མཐའ་འཁྱོངས་དང་། ཀྲུང་དབྱང་གིས་སྤྱི་འདོམས་དང་། ཞིང་ཆེན་ནས་འགན་གཙོ་བོ་ཁུར་བ། གྲོང་ཁྱེར་དང་རྫོང་གིས་དོན་འཁྱོལ་ལ་དམ་འཛིན་བཅས་བྱེད་པའི་དོ་དམ་སྒྲིག་སྲོལ་མཐའ་འཁྱོངས། ཏང་སྲིད་འགོ་ཁྲིད་གཙོ་བོས་འགན་གཙོ་བོ་ཁུར་བའི་ལས་ཀའི་འགན་འཁྲིའི་ལམ་ལུགས་མཐའ་འཁྱོངས། ཆེད་དོན་དབུལ་སྐྱོར་དང་། ལས་རིགས་དབུལ་སྐྱོར། སྤྱི་ཚོགས་དབུལ་སྐྱོར་སོགས་ཕྱོགས་མང་སྟོབས་ཤུགས་དང་བྱ་ཐབས་སྣ་མང་ཟུང་འབྲེལ་ནུས་ལྡན་དང་ཕན་ཚུན་འདེགས་སྐྱོར་བྱེད་པའི“གནས་གསུམ་གཞི་གཅིག”གི་དབུལ་སྐྱོར་བཀོད་པ་ཆེ་མོ་མཐའ་འཁྱོངས། ཚོད་འཛིན་བཟོ་བའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུ་གཙོ་བོར་འཛིན་པ། དབུལ་སྐྱོར་འདུ་འགོད་གལ་ཆེན་དང་གྲོང་ཚོ་དང་དུད་ཚང་ལ་རོགས་སྐྱོར་བྱེད་པའི་བྱ་ཐབས་དམ་འཛིན་བྱ་གཞིར་བྱེད་པ། ཞན་ཆ་གསབ་རྒྱུ་ཚད་བརྒལ་བྱ་གཞིར་བྱེད་པ་བཅས་བྱེད་དགོས། ཉེ་བའི་ལོ་ཤས་རིང་ང་ཚོས་ཤིན་ཏུ་དབུལ་བའི་གནད་དོན་ཐག་གཅོད་བྱེད་པའི་ཐད་ཉམས་མྱོང་བཟང་པོ་དང་དཔེ་མཚོན་མང་པོ་ཞིག་བྱུང་ཡོད། ཚད་མཐོའི་མཐོང་ཆེན་དང་། བསམ་ཕྱོགས་འགྲིག་པ། བྱ་ཐབས་ནུས་ལྡན། ལས་དོན་ཏན་ཏིག་བཅས་བྱུང་ཚེ་ཤིན་ཏུ་དབུལ་བ་ལས་རྦད་དེ་རྣམ་པར་རྒྱལ་ཐུབ་པ་ཞིག་ཡིན་པ་ལག་ལེན་ལས་ར་འཕྲོད་ཡོད་ཅེས་གསུངས་པ་རེད།
          དེའི་ཐད་ཞི་ཅིན་ཕིང་གིས་བླང་བྱ་8བཏོན་གནང་བ་སྟེ། གཅིག ལུགས་མཐུན་ངང་དབུལ་སྒྲོལ་དམིགས་ཚད་གཏན་འཁེལ་བྱེད་དགོས། ཏང་ཀྲུང་དབྱང་གིས་2020ལོར་སླེབས་སྐབས་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་གཏན་འབེབས་ཁ་གསལ་བྱས་ཡོད་པ་སྟེ། 2020ལོར་སླེབས་སྐབས་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་རྣམས་ཟས་གོས་ལ་སེམས་ཁྲལ་བྱེད་མི་དགོས་པ་དང་། འོས་འགན་སློབ་གསོ་དང་། གཞི་རྩའི་སྨན་བཅོས། སྡོད་ཁང་གི་བདེ་འཇགས་བཅས་ལ་འགན་ལེན་ཡོད་པ་དང་། ས་ཁུལ་དབུལ་པོའི་ཞིང་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་སླེབས་པ་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་གཙོ་བོའི་དམིགས་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་འདྲ་མཚུངས་སུ་སླེབས་པ། རང་རྒྱལ་གྱི་ད་ཡོད་ཚད་གཞིའི་འོག་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་རྣམས་དབུལ་སྒྲོལ་ཐུབ་པ་དང་རྫོང་དབུལ་པོ་ཆ་ཚང་དབུལ་ཞྭ་ཕུད་ཐུབ་པ་དང་ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་ཀྱི་དབུལ་ཕོངས་ཐག་གཅོད་ཐུབ་པའི་འགན་ལེན་བྱེད་པ་བཅས་རེད། ཤིན་ཏུ་དབུལ་བའི་ས་ཁུལ་དུའང་དམིགས་ཚད་དེ་མངོན་འགྱུར་ཡོང་བ་བྱེད་དགོས་པ་དང་ཆབས་ཅིག དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་བྱས་ཏེ་མཐོ་འདོད་ཆེན་པོ་མི་བྱེད་པ་དང་ཕྱོགས་ཁག་ལ་རེ་བ་ཤིན་ཏུ་ཆེན་པོ་འཆང་དུ་འཇུག་རྒྱུ་མེད།
          གཉིས། མ་དངུལ་གཏོང་ཤུགས་དང་རྒྱབ་སྐྱོར་བྱ་ཤུགས་ཆེ་རུ་གཏོང་དགོས། སྲིད་གཞུང་གིས་མ་འཇོག་བྱེད་པའི་བྱེད་པོ་དང་གཙོ་ཁྲིད་ནུས་པ་འདོན་པ་དང་དངུལ་རྩའི་མ་དངུལ་གྱི་ཁྲིད་སྟོན་དང་གཞོགས་འདེགས་ཀྱི་ནུས་པ་འདོན་དགོས། གསར་དུ་བསྣན་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་མ་དངུལ་རྣམས་གཙོ་བོ་ཤིན་ཏུ་དབུལ་བའི་ས་ཁུལ་དུ་གཏོང་བ་དང་། གསར་དུ་བསྣན་པའི་དབུལ་སྒྲོལ་འགག་སྒྲོལ་རྣམ་གྲངས་མང་ཆེ་བ་ཤིན་ཏུ་དབུལ་བའི་ས་ཁུལ་དུ་ཁྱབ་པ་བྱེད་པ། གསར་དུ་བསྣན་པའི་དབུལ་སྒྲོལ་འགག་སྒྲོལ་བྱ་ཐབས་གཙོ་བོ་ཤིན་ཏུ་དབུལ་བའི་ས་ཁུལ་དུ་གཅིག་སྡུད་བྱེད་པ་བཅས་བྱེད་དགོས། སྡེ་ཚན་ཁག་གིས་དམངས་ཕན་རྣམ་གྲངས་རྣམས་ཤིན་ཏུ་དབུལ་བའི་ས་ཁུལ་དུ་ཕྱོགས་རྒྱུ་བཀོད་སྒྲིག་བྱེད་པ་དང་ཤིན་ཏུ་དབུལ་བའི་ས་ཁུལ་དུ་གསར་དུ་བསྣན་པའི་ཞིང་འབྲེལ་མ་དངུལ་རྣམས་གཅིག་སྡུད་བསྡུ་སྒྲིལ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་རྣམ་གྲངས་ལ་གཏོང་དགོས། རིམ་ཁག་ནོར་སྲིད་ཀྱིས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་སྤོ་སྒྱུར་གཏོང་སྤྲོད་ཀྱི་གཞི་ཁྱོན་ཆེ་རུ་གཏོང་དགོས། བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་ཤིན་ཏུ་དབུལ་བའི་ས་ཁུལ་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱབ་སྐྱོར་བྱེད་པའི་མ་འཇོག་གི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས།
          གསུམ། ལེགས་ཆའི་སྟོབས་ཤུགས་གཅིག་སྡུད་བྱས་ནས་འགག་སྒྲོལ་དམག་འཐབ་རྒྱག་དགོས། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་དོན་ཆེན་སྒྲུབ་པའི་ལམ་ལུགས་ཀྱི་ལེགས་ཆ་བཏོན་ཏེ་གཙོ་གནད་ཐོག་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་སྤྱི་པའི་ཞབས་ཞུ་དང་། རྨང་གཞིའི་སྒྲིག་བཀོད། གཞི་རྩའི་སྨན་བཅོས་བཅས་འགན་ལེན་བྱེད་དགོས་པའི་གནད་དོན་ཐག་གཅོད་བྱེད་དགོས། རང་བྱུང་ཆ་རྐྱེན་ཤིན་ཏུ་ཞན་པའི་ས་ཁུལ་དུ་སྡོད་པའི་མང་ཚོགས་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱ་ཤུགས་ཆེ་རུ་གཏོང་བ་དང་། སྣོད་བཅུད་ཁོར་ཡུག་ཉམས་ཞན་དབང་གིས་གསར་སྤེལ་བྱེད་མི་ཆོག་པའི་ཁུལ་དང་གསར་སྤེལ་ལ་ཚད་བཀག་བཟོས་པའི་ཁུལ་གྱི་མང་ཚོགས་ལ་ནགས་སྲུང་བ་སོགས་ཀྱི་སྤྱི་ཕན་ལས་གནས་མང་དུ་གཏོང་བ། ནད་གཞིས་རྐྱེན་པས་དབུལ་པོར་གྱུར་པའི་མང་ཚོགས་ལ་སྨན་བཅོས་རོགས་སྐྱོབ་དང་། སྐབས་འཕྲལ་རོགས་སྐྱོབ། དགེ་སྒྲུབ་རོགས་སྐྱོབ་སོགས་ཀྱི་རོགས་སྐྱོར་བྱ་ཤུགས་ཆེ་རུ་གཏོང་བ། ཐོན་ལས་རོགས་སྐྱོར་དང་ལས་ཞུགས་རོགས་རམ་ལ་བརྟེན་ནས་དབུལ་སྒྲོལ་བྱེད་ཐབས་བྲལ་བའི་ཁྱིམ་ཚང་ལ་སྲིད་ཇུས་རང་བཞིན་གྱི་འགན་ལེན་མཐའ་སྐྱོང་བྱེད་དགོས།
          བཞི། ས་ཁོངས་འཕེལ་རྒྱས་ངེས་པར་དུ་གནད་སྨིན་དབུལ་སྐྱོར་ལ་དམིགས་ནས་ཤུགས་རྒྱག་དགོས། ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ས་ཁོངས་འཕེལ་རྒྱས་ནི་གནད་སྨིན་དབུལ་སྐྱོར་གྱི་རྨང་གཞི་ཡིན་ལ། གནད་སྨིན་དབུལ་སྐྱོར་གྱི་གྲུབ་ཆ་གལ་ཆེན་ཡང་ཡིན་པས། ངེས་པར་དུ་དབུལ་པོ་ཉུང་དུ་གཏོང་རྒྱུར་དམིགས་ནས་སྤེལ་དགོས། མི་འབོར་དབུལ་པོར་ཕན་པ་ཡོད་པའི་ཐོན་ལས་གཙོ་གནད་ཐོག་འཕེལ་རྒྱས་བཏང་སྟེ་འགྲིམ་འགྲུལ་འཛུགས་སྐྲུན་རྣམ་གྲངས་གྲོང་ཚོ་དང་དུད་ཚང་ལ་ཕྱོགས་གང་ཐུབ་བྱེད་པ་དང་། ཆུ་བེད་ལས་གྲྭའི་རྣམ་གྲངས་གྲོང་ཚོ་དབུལ་པོ་དང་ཞིང་ལས་ཐོན་སྐྱེད་ཆུང་གྲས་ལ་ཕྱོགས་པ། སྣོད་བཅུད་སྲུང་སྐྱོང་རྣམ་གྲངས་ནང་མི་འབོར་དབུལ་པོ་ཞུགས་ཚད་མང་དུ་དང་ཕན་པ་ཐོབ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས།
          ལྔ། ཕྱོགས་ཁག་གི་རོགས་སྐྱོར་བྱ་ཤུགས་ཆེ་རུ་གཏོང་དགོས། ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་དང་ཁ་གཏད་རོགས་སྐྱོར་དང་ཀྲུང་དབྱང་ཚན་པའི་གནས་གཏན་འཁེལ་གྱི་རོགས་སྐྱོར་བྱ་ཡུལ་ཤིན་ཏུ་དབུལ་བའི་ས་ཁུལ་དུ་གནས་པ་རྣམས་ལ་མ་དངུལ་དང་། རྣམ་གྲངས། མི་སྣ་བཅས་ཀྱི་ཐད་ནས་རོགས་སྐྱོར་བྱ་ཤུགས་ཆེ་རུ་གཏོང་དགོས། ཤར་རྒྱུད་ཀྱི་དཔལ་འབྱོར་དར་རྒྱས་ཆེ་བའི་རྫོང་གིས་ནུབ་རྒྱུད་ཀྱི་རྫོང་དབུལ་པོར་ཆ་སྒྲིག་རོགས་སྐྱོར་བྱས་ནས“ལག་གདང་སྦྲེལ་ཏེ་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་བྱ་སྤྱོད”དང་དམངས་གཉེར་ཁེ་ལས་ཀྱི“ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་ལ་རོགས་སྐྱོར་བྱེད་པའི་བྱ་སྤྱོད”ཚང་མ་ཤིན་ཏུ་དབུལ་བའི་ས་ཁུལ་ལ་ཕྱོགས་དགོས། ཐབས་ལམ་སྣ་ཚོགས་ཀྱི་སྒོ་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ནང་རྒྱ་ཁྱབ་ངང་ཞུགས་པར་ཁྲིད་སྟོན་ཧུར་ཐག་བྱེད་དགོས།
          དྲུག ནང་གནས་ཀྱི་སྒུལ་ཤུགས་སྐྱེད་སྲིང་བྱ་ཤུགས་ཆེ་རུ་གཏོང་དགོས། དབུལ་སྐྱོར་བྱ་རྒྱུ་དེ་རིག་སྟོབས་དང་བློ་སྟོབས་ལ་རོགས་སྐྱོར་བྱ་རྒྱུ་དང་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ་དང་། ས་ཁུལ་དབུལ་པོ་དང་མང་ཚོགས་དབུལ་པོ་དབུལ་སྒྲོལ་ཕྱུག་འགྱུར་བྱེད་པའི་ནང་གནས་ཀྱི་སྒུལ་ཤུགས་འཕེལ་བར་སྣང་ཆེན་བྱེད་པ། ས་ཁུལ་དབུལ་པོ་དང་མང་ཚོགས་དབུལ་པོའི་རང་བརྟེན་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུར་སྣང་ཆེན་བྱེད་དགོས། ལས་ཀའི་བྱ་ཐབས་བསྒྱུར་ནས་ཐོན་སྐྱེད་ཀྱི་བྱ་དགའ་དང་ཁ་གསབ་སྤྲོད་པ་དང་། ངལ་རྩོལ་ཁ་གསབ་སྤྲོད་པ། འཚོ་རྟེན་ལས་སྤྲོད་སོགས་ཀྱི་ལམ་སྲོལ་མང་ཙམ་སྤྱད་དེ་མང་ཚོགས་དབུལ་པོ་རྣམས་ལ་རང་ཉིད་ཀྱི་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི་སློབ་གསོ་ཁྲིད་སྟོན་བྱེད་དགོས།
          བདུན། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས། ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ཏང་ཨུད་དང་སྲིད་གཞུང་གིས་དབུལ་སྒྲོལ་འགག་སྒྲོལ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དོན་ཆེན་དང་དམངས་འཚོའི་འདུ་འགོད་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་མི་སྣ་དམིགས་སར་འབྱོར་བ་དང་འགན་འཁྲི་དང་། ལས་དོན། ཕན་འབྲས་བཅས་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། རྫོང་ཨུད་ཧྲུའུ་ཅིས་དབུལ་སྒྲོལ་འགག་སྒྲོལ་ལ་གཅིག་འདོམས་བྱས་ནས་ལས་ཆོད་ཀྱི་བཀོད་སྒྲིག་དང་། རྣམ་གྲངས་དོན་འཁྱོལ། མ་དངུལ་བཀོལ་སྤྱོད། མི་ཤུགས་བཀོད་གཏོང་། ལག་བསྟར་ལ་སྐུལ་འདེད་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་སྤྱི་འདོམས་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་བྱེད་རིང་། རྫོང་དབུལ་པོའི་རྫོང་རིམ་པའི་ཏང་སྲིད་ཀྱི་ལས་འགན་གཙོ་བོ་ཁུར་མཁན་གྱིས་བརྟན་ལྷིང་རྒྱུན་འཁྱོངས་བྱེད་དགོས། གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་བརྟན་དུ་བཏང་ནས་ཧྲུའུ་ཅི་ཡག་པོ་འདེམས་པ་དང་འགོ་ཁྲིད་ཚན་ཁག་བཀོད་སྒྲིག་ཡག་པོ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་ནང་གི་གྲོང་ཚོའི་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཤིན་ཏུ་དབུལ་བའི་ས་ཁུལ་དེ་ལས་བྱེད་པ་སྦྱོང་བརྡར་དང་ལས་བྱེད་པ་འོས་འདེམས་ཀྱི་ལས་སྟེགས་གལ་ཆེན་དུ་བརྩི་དགོས།
          བརྒྱད། ཞིབ་བཤེར་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་དགོས། ལོ་འཁོར་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྙན་ཞུ་དང་ལྟ་ཞིབ་ལམ་ལུགས་མཐའ་འཁྱོངས་དང་དཔྱད་ཞིབ་ཚོད་སྐོར་ནན་ཤོས་ལག་བསྟར་བྱས་ཏེ་ནན་མིན་དྲང་མིན་དང་མི་བདེན་རྫུན་སྒྲིག་གི་འགན་འཁྲི་བདའ་འདེད་གཏོང་བ་དང་དབུལ་སྐྱོར་མ་དངུལ་སྒེར་སྤྱོད་དང་ལྐོག་ཟ་བྱེད་མཁན་ལ་ཐག་གཅོད་ནན་པོ་བྱེད་དགོས། དབུལ་སྐྱོར་ལས་དོན་ངེས་པར་དུ་དམ་པ་དོན་གཉེར་དང་། དབུལ་སྒྲོལ་བརྒྱུད་རིམ་ངེས་པར་དུ་ཏན་ཏིག་སྒྲུབ་པ། དབུལ་སྒྲོལ་གྲུབ་འབྲས་ངེས་པར་དུ་མངོན་སུམ་ཡིན་པ། དབུལ་སྒྲོལ་འཆར་གཞི་དངོས་ཡོད་ལས་བྲལ་ནས་སྔོན་ཚུད་དུ་ལག་བསྟར་བྱེད་མི་རུང་། དབུལ་སྐྱོར་ཚད་གཞི་རང་དགར་དམའ་རུ་གཏོང་མི་ཆོག གྲངས་ཀ་ཙམ་གྱི་དབུལ་སྒྲོལ་དང་མིང་ཙམ་གྱི་དབུལ་སྒྲོལ་བྱེད་མི་རུང་བཅས་སོ།
          ཝང་ཧུའུ་ཉིང་དང་། དབང་དབྱང་། ལི་ཀྲན་ཧྲུའུ། ཀྲོའུ་ཞའོ་ཁྲོན་བཅས་ཚོགས་འདུར་ཕེབས་པ་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་། འབྲེལ་ཡོད་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་འགན་འཁུར་བློ་མཐུན། འབྲེལ་ཡོད་གྲོང་ཁྱེར་དང་ཀྲོའུ་ཏང་ཨུད་ཀྱི་ཧྲུའུ་ཅི། འབྲེལ་ཡོད་རྫོང་དང་ཆིའི་ཏང་ཨུད་ཀྱི་ཧྲུའུ་ཅི་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716