སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
༢༠༡༧ལོའི་བོད་བརྒྱུད་ནང་བསྟན་སློབ་གླིང་ཁག་གི་བཞུགས་མོལ་ཚོགས་འདུ་ཀན་སུའུ་ནས་འཚོགས།
སྤེལ་དུས། 2017-07-06   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  པདྨ་ཚེ་རིང་གིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འགྱུར། ༢༠༡༧ལོའི་ཟླ་༧པའི་ཚེས་༤ཉིན། ༢༠༡༧ལོའི་བོད་བརྒྱུད་ནང་བསྟན་སློབ་གླིང་ཁག་གི་བཞུགས་མོལ་ཚོགས་འདུ་ཀན་ལྷོ་བླ་བྲང་གི་ཀུན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་ནས་རྒྱས་ཚོགས་གནང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས། ཀྲུང་གོའི་བོད་བརྒྱུད་ནང་བསྟན་སློབ་གླིང་། བོད་ལྗོངས་ནང་བསྟན་སློབ་གླིང་། སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་། ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་། ཡུན་ནན་བདེ་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་། མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་། ནང་སོག་ནང་བསྟན་སློབ་གྲྭ་སོགས་འབྲེལ་ཡོད་སྡེ་ཁག་གི་མི་སྣ་༧༠དབུ་འབྱེད་ཚོགས་འདུར་ཞུགས།
པར་རིས་ནི་དབུ་འབྱེད་ཚོགས་འདུའི་ཡུལ་དངོས་ཡིན།
          ཚོགས་འདུར་ཀན་སུའུ་ཞིང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྒྱུན་ལས་པུའུ་ཀྲང་སྐུ་གཞོན་ལུའུ་ཧུང་ཀྲི་དང་། ཀན་ལྷོ་ཀྲུའུ་ཨུའི་རྒྱུན་ལས་སམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཡང་སྒྲོལ་མ། བོད་བརྒྱུད་ནང་བསྟན་སློབ་གླིང་གི་བསླབ་གནས་བྱ་བའི་མཛུབ་སྟོན་ཨུ་ལྷན་གྱི་ཀྲུའུ་རེན་ནམ་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་གི་གླིང་གཙོ་ཀུན་མཁྱེན་འཇམ་དབྱངས་བཞད་པ་མཆོག བོད་བརྒྱུད་ནང་བསྟན་སློབ་གླིང་གི་བསླབ་གནས་བྱ་བའི་མཛུབ་སྟོན་ཨུ་ལྷན་གྱི་ཀྲུའུ་རེན་སྐུ་གཞོན་ནམ་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་གི་བསླབ་གནས་དཔྱད་འདེམས་ཨུ་ལྷན་གྱི་ཀྲུའུ་རེན། བོད་ལྗོངས་ནང་བསྟན་སློབ་གླིང་གི་གླིང་གཙོ་ཁམས་སྤྲུལ་ཐུབ་བསྟན་མཁས་གྲུབ་མཆོག རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ལས་ཁུངས་བཞི་པའི་ཁྲུའུ་ཀྲང་ཝེ་ཡན་ཅུན་བཅས་ཀྱིས་གསུང་བཤད་གནང་།
          ལུའུ་ཧུང་ཀྲི་ལགས་ཀྱིས་གསུང་དོན། བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་རྣམས་ནི་སྤྱི་ཚོགས་རིང་ལུགས་བྱ་གཞག་འཛུགས་སྐྲུན་བྱེད་མཁན་ཡིན་ལ་མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་ཞི་མཐུན་སོགས་ཀྱི་ཐད་ལས་ནུས་པ་མི་དམན་པ་ཐོན་ཡོད། དེ་བས་ཞིང་ཆེན་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་རྗེས་འཇུག་པ་རྣམས་ཀྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་གཟི་བརྗིད་ལྡན་པ་འདི་མུ་མཐུད་ནས་རྒྱུན་སྐྱོང་ལེགས་པོ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གཙོ་བོས་ཆོས་ལུགས་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་མཐའ་གཅིག་ཏུ་བྱེད་པ། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཆམ་པོར་གནས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། རི་ཆུར་སྲུང་སྐྱོབ་བྱེད་པ། མི་རིགས་མཐུན་སྒྲིལ་ཡོང་བ། སྤྱི་ཚོགས་ཞི་མཐུན་གནས་པ། འཚོ་བ་བདེ་ཞིང་སྐྱིད་པའི་ཀན་སུའུ་གསར་པའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་ལ་རང་ཉིད་ཀྱི་སྟོབས་ཤུགས་གང་ཡོད་འབུལ་དགོས་ཞེས་གསུངས།
 
པར་རིས་ནི་ལུའུ་ཧུང་ཀྲི་ལགས་ཀྱིས་ཚོགས་འདུར་གསུང་བཤད་གནང་བའི་ཚུལ་ཡིན།
          གཡང་སྒྲོལ་མ་ལགས་ཀྱིས་གསུང་བཤད་སྐབས་སུ་གསུང་དོན། ཀན་ལྷོ་ཁུལ་ནི་བོད་བརྒྱུད་ནང་བསྟན་གཙོ་བོ་ཡིན་ཞིང་ཆོས་ལུགས་གཞན་པ་མཉམ་གནས་བྱེད་པའི་ཁུལ་ཞིག་ཡིན། ཁུལ་ཡོངས་སུ་བོད་བརྒྱུད་ནང་བསྟན་གྱི་དགོན་པ་༡༢༣དང་གྲྭ་བཙུན་༡༠༣༣༡ཡོད་ལ། དད་ལྡན་པ་ཁྲི་༣༨ཙམ་ཡོད་པ་དེས་ཁུལ་ཡོངས་ཀྱི་མི་འབོར་ཁྲི་༧༤ཡི་ཁྲོད་ནས་༥༢%ཟིན། གྲྭ་བཙུན་དགོན་པ་བཅས་ཀྱིས་མི་རིགས་མཐུན་སྒྲིལ་དང་། ཆོས་ལུགས་ཞི་མཐུན། སྤྱི་ཚོགས་གཏན་བདེ་ལ་ནུས་པ་གལ་ཆེན་ཐོན་གྱི་ཡོད། ཉེ་བའི་ལོ་ཤས་རིང་ཀན་ལྷོ་ཁུལ་གྱིས་དགོན་པའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ནུས་པ་ཆེན་པོ་བཏོན་ཞིང་ལོ་གསུམ་ནང་སྒོར་ཁྲི་༦༠༠༠ལྷག་གི་མ་རྩ་བཏང་སྟེ་བོད་བརྒྱུད་ནང་བསྟན་དགོན་སྡེའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་རྣམ་གྲངས་༡༢ལེགས་བསྟར་བྱས། དེས་གོམ་གང་མདུན་སྤོས་ཀྱིས་ཀན་ལྷོ་ས་ཁུལ་གྱི་དགོན་སྡེ་ཡི་རྨང་གཞིའི་སྒྲིག་ཆས་ཆ་རྐྱེན་ཇེ་ལེགས་སུ་བསྒྱུར་བ་དང་། དགོན་སྡེ་ཁྲིམས་ལྟར་དོ་དམ་བྱེད་པ། དམངས་གཙོས་དོ་དམ་བྱེད་པ། སྤྱི་ཚོགས་དོ་དམ་བཅས་ཀྱི་ནུས་པ་མཐོར་འདེགས་བྱུང་།
པར་རིས་ནི་གཡང་སྒྲོལ་མ་ལགས་ཀྱིས་ཚོགས་འདུར་གསུང་བཤད་གནང་བའི་ཚུལ་ཡིན།
          ཀུན་མཁྱེན་འཇམ་དབྱངས་བཞད་པ་མཆོག་གིས་གསུང་དོན། ཀན་སུའུ་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱིས་ཐེངས་འདིའི་བོད་བརྒྱུད་ནང་བསྟན་སློབ་གླིང་ཁག་གི་བཞུགས་མོལ་ཚོགས་འདུའི་གོ་སྐབས་བཟང་པོ་འདི་ལ་བསྟུན་ནས་ནང་བསྟན་རྗེས་འཇུག་པ་རང་ཉིད་ཀྱི་གསོ་སྦྱོང་དང་ཤེས་ལྡན་མི་སྣ་སྐྱེད་སྲིང་ཕྱོགས་ལ་སྔར་བས་གཙིགས་ཆེན་བཟུང་སྟེ་གོང་གང་མདུན་སྤོས་ཀྱིས་བོད་བརྒྱུད་ནང་བསྟན་དང་རྒྱ་བརྒྱུད་ནང་བསྟན་ཁྲོད་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་མི་སྣ་གསོ་སྐྱོང་བྱེད་པ་མཐོར་འདེགས་གཏོང་རྒྱུ་ཡིན་ལ། བདེ་ཞིང་སྐྱིད་པའི་ཀན་སུའུ་གསར་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཆེན་མོའི་ཀྲུང་གོའི་ཕུགས་འདུན་མངོན་དུ་འགྱུར་བར་ཧུར་ཐག་བྱེད་རྒྱུ་ཡིན་ཞེས་གསུངས། 
          ཀུན་མཁྱེན་འཇམ་དབྱངས་བཞད་པ་མཆོག་གིས་ད་དུང་བསྟན་དོན། ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་གིས་རྗེས་ཕྱོགས་དཔེ་ཁྲིད་སྤུས་ཀ་དང་བསམ་བློ་ཆབ་སྲིད་ཀྱི་ལས་ཀ་གཙུགས་ཆེན་འཛིན་པའི་བྱེད་ཕྱོགས་འདོན་སྤེལ་གང་ལེགས་སྒོས་བསླབ་གནས་འཛིན་གྲྭ་ཡག་པོ་བསྒྲུབ་སྟེ་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འཆམ་ཞིང་ཆབ་སྲིད་ཀྱི་ངོས་ནས་རློམ་ཆོག་པ་དང་། ཆོས་ལུགས་ཀྱི་ངོས་ནས་མཁྱེན་རྒྱ་ཡངས་པ། ཀུན་སྤྱོད་ཀྱི་ངོས་ནས་ཁས་ལེན་པ། གནད་འགག་གི་སྐབས་སུ་ནུས་པ་འདོན་ཐུབ་པའི་མི་སྣ་གསོ་སྐྱོང་བྱེད་རྒྱུ་ཡིན། བོད་བརྒྱུད་ནང་བསྟན་སློབ་གླིང་བཙུགས་པ་དང་བོད་བརྒྱུད་ནང་བསྟན་གྱི་བསླབ་གནས་རིམ་པ་གསར་པ་བཙུགས་པ་དེས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་མངོན་ཐུབ་ལ། དེར་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་དང་དད་ལྡན་མང་ཚོགས་རྣམས་ཀྱིས་དགའ་བསུ་ཐོབ་བཞིན་ཡོད།
པར་རིས་ནི་ཀུན་མཁྱེན་འཇམ་དབྱངས་བཞད་པ་མཆོག་གིས་ཚོགས་འདུར་གསུང་བཤད་གནང་བའི་ཚུལ་ཡིན།
          ཁམས་སྤྲུལ་ཐུབ་བསྟན་མཁས་གྲུབ་མཆོག་གིས་གསུང་དོན། ༢༠༠༤ལོར་བོད་བརྒྱུད་ནང་བསྟན་གྱི་བསླབ་གནས་གསར་པ་ལག་བསྟར་བྱེད་འགོ་ཚུགས་ཤིང་དེས་བོད་བརྒྱུད་ནང་བསྟན་གྱི་སློབ་གསོ་དེ་བསླབ་གནས་སློབ་གསོའི་ལོ་རྒྱུས་དུས་སྐབས་གསར་པ་ཞིག་ལ་བསྐྱོད་པ་མཚོན་ཡོད། བསླབ་གནས་གསར་པའི་ལམ་ལུགས་ནི་ཏང་གི་དབུ་ཁྲིད་འོག་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཆམ་པོར་གནས་རྒྱུའི་འཕེལ་རིམ་ཁྲོད་ཀྱི་གནས་བབ་གསར་པ་ཞིག་གི་འོག་ནས་བྱུང་བའི་ལམ་ལུགས་གསར་པ་ཞིག་ཡིན། བསླབ་གནས་གསར་པའི་ལམ་ལུགས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་འཕེལ་རྒྱས་བཏང་ཡོད་དེ། བོད་བརྒྱུད་ནང་བསྟན་གྲུབ་མཐའ་ཁག་དང་དགོན་སྡེ་ཁག་གི་བསླབ་གནས་ཡིག་ཚད་གཏོང་བའི་ལོ་རྒྱུས་ཀྱི་བསླབ་བྱ་མིག་དཔེར་བལྟས་ཤིང་དེང་རབས་སློབ་གསོའི་ཐབས་ལམ་གསར་བ་སྡུད་ལེན་བྱས་ཏེ་བོད་བརྒྱུད་ནང་བསྟན་བསླབ་གནས་ལམ་ལུགས་ཀྱི་ལམ་ཁ་གསར་པ་གཏོད་པ་རེད།
 
པར་རིས་ནི་ཁམས་སྤྲུལ་ཐུབ་བསྟན་མཁས་གྲུབ་མཆོག་གིས་ཚོགས་འདུར་གསུང་བཤད་གནས་བའི་ཚུལ་ཡིན།
          ཝེ་ཡན་ཅུན་ལགས་ཀྱིས་གསུང་དོན། ༢༠༡༥ལོར་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱིས་བསྒྲགས་ཡིག་ཨང་༡༢པ་«བོད་བརྒྱུད་ནང་བསྟན་དཔེ་ཁྲིད་བསླབ་གནས་སྤྲོད་ཐབས(ཚོད་ལྟ)»(གཤམ་ནས་«སྤྲོད་ཐབས»ཞེས་བསྡུ་རྒྱུ)འགྲེམ་སྤེལ་བྱས། འདི་ནི་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཆམ་པོར་གནས་ཤིང་སྔར་བས་དུས་རབས་ལ་བསྟུན་པ་ཞིག་ཡིན། བོད་བརྒྱུད་ནང་བསྟན་དེ་དུས་རབས་ཀྱི་འཕེལ་ཁ་དང་། སྤྱི་ཚོགས་འཕེལ་རྒྱས། དད་ལྡན་མང་ཚོགས་ཀྱི་འདོད་བློ་བཅས་ལ་མཐུན་པར་བྱས་ནས་ངེས་པར་དུ་དུས་རབས་དང་སྤྱི་ཚོགས་ཀྱི་རྗེས་ཆོད་ཅིང་དེང་རབས་དང་སྲོལ་རྒྱུན་སྔར་བས་འཆམ་པར་བྱེད་པ་ཞིག་ཡིན་དགོས།  དེ་རིང་ཚང་མ་མཉམ་དུ་འཛོམས་པ་ནི་«སྤྲོད་ཐབས»ཀྱི་ཞིབ་ཕྲའི་ལག་བསྟར་བྱ་ཐབས་ལ་བགྲོ་གླེང་བྱས་ཏེ་བྱ་བ་སྒྲུབ་སྟངས་འདི་སྔར་བས་ཕུན་སུམ་ཚོགས་པ་དང་འཐུས་ཚང་ཅན་དུ་བསྒྱུར་རྒྱུ་དེ་ཡིན་ལ། བསླབ་གནས་སྤྲོད་པའི་ལམ་ལུགས་དང་འབྲེལ་ཡོད་ཀྱི་ལས་ཀ་རྣམས་ཇེ་ལེགས་སུ་གཏོང་རྒྱུ་དེ་ཡིན།
པར་རིས་ནི་ཝེ་ཡན་ཅུན་ལགས་ཀྱིས་ཚོགས་འདུར་གསུང་བཤད་གནང་བའི་ཚུལ་ཡིན།
          ཚོགས་འདུར་ཀྲུང་གོའི་བོད་བརྒྱུད་ནང་བསྟན་སློབ་གླིང་གི་གླིང་གཙོ་སྐུ་གཞོན་གནམ་ལྷ་བཀྲ་ཤིས་ལགས་ཀྱིས་«བོད་བརྒྱུད་ནང་བསྟན་བསླབ་གནས་སྤྲོད་ཐབས་ལག་བསྟར་བྱ་བའི་ཞིབ་ཕྲའི་ཡིག་ཆ(བསམ་འཆར་བསྡུ་ལེན་ཡི་གེ)»(གཤམ་ནས་«ཞིབ་ཕྲའི་ཡིག་ཆ»ཞེས་བསྡུ་རྒྱུ)འབྲི་བའི་སྐོར་གསལ་བཤད་བྱས། ཚོགས་འདུར་ཞུགས་པའི་ཀྲུང་གོའི་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་དང་བོད་ལྗོངས་དང་ཞིང་ཆེན་བཞི་ཡི་བོད་ཁུལ་གྱི་ནང་བསྟན་སློབ་གླིང་འཐུས་ཚབ་པ་རྣམས་ལ་«སྤྲོད་ཐབས»ལག་བསྟར་རྒྱུན་འཁྱོངས་བྱས་པའི་གྲུབ་འབྲས་དང་ཉམས་མྱོང་བརྗེ་རེས་བྱས་ཏེ་མ་འོངས་པའི་ལས་ཀ་འཆར་འགོད་དང་བསམ་འཆར་བཏོན་པ་མ་ཟད་«ཞིབ་ཕྲའི་ཡིག་ཆ»སྐོར་ནས་བགྲོ་གླེང་འཁྲུག་ཆ་དོད་པོ་གནང་། ཚོགས་ཞུགས་འཐུས་ཚབ་པ་རྣམས་ཀྱིས་ད་དུང་བསླབ་གནས་རིམ་པ་གསུམ་དེ་གོ་རིམ་ལྡན་པའི་སྒོ་ནས་སྤྲོད་ལུགས་ཐད་རང་མོས་གླེང་མོལ་གནང་ཞིང་«ཚོགས་འདུའི་གནད་ཟིན»ཞེས་པར་གྲོས་འཆམ་བྱུང་།
པར་རིས་ནི་གནམ་ལྷ་བཀྲ་ཤིས་ལགས་ཀྱིས་«ཞིབ་ཕྲའི་ཡིག་ཆ»འབྲི་བར་གསལ་བཤད་གནང་བའི་ཚུལ་ཡིན།
ཚོགས་འདུ་མ་འཚོག་སྔོན་ལ་ཚོགས་ཞུགས་དབུ་ཁྲིད་དང་མགྲོན་པོ་རྣམས་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་གི་སློབ་ཁུལ་གསར་པའི་ཚོགས་ཆེན་འདུ་ཁང་དང་། དཔེ་ཁང་། གྲྭ་ཤག ལུས་རྩལ་ཁང་སོགས་ལ་གཟིགས་སྐོར་མཛད། རྒྱུས་ལོན་བྱུང་བ་ལྟར་ན། ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་གི་སློབ་ཁུལ་གསར་པའི་འཛུགས་སྐྲུན་རྣམ་གྲངས་ལ་སྤྱིའི་མ་རྩ་སྒོར་དུང་ཕྱུར་༡.༣བཏང་བ་དང་། ས་ཁྱོན་སྨི་གྲུ་བཞི་ཁྲི་༦.༥། འཛུགས་སྐྲུན་སྤྱིའི་རྒྱ་ཁྱོན་སྨི་གྲུ་བཞི་ཁྲི་༢.༢བཅས་ཡོད་ལ། ༢༠༡༦ལོའི་ཟླ་༨པར་མ་དངུལ་བེད་སྤྱོད་གཏོང་འགོ་ཚུགས།
པར་རིས་ནི་ཚོགས་ཞུགས་འཐུས་ཚབ་རྣམས་ཀྱིས་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་གི་དཔེ་ཁང་དུ་གཟིགས་སྐོར་གནང་བའི་ཚུལ་ཡིན།
          བོད་བརྒྱུད་ནང་བསྟན་སློབ་གླིང་ཁག་གི་བཞུགས་མོལ་ཚོགས་འདུ་ནི་ཀྲུང་གོའི་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་༢༠༡༥ལོར་སྐུལ་སློང་བྱས་ཤིང་ས་ཁུལ་ཁག་གི་ནང་བསྟན་སློབ་གླིང་གིས་རེས་མོས་ཀྱིས་བསྒྲུབ་པ་ཞིག་ཡིན་ལ། ཐེངས་རེ་རེའི་ཚོགས་འདུ་རུ་བརྗོད་གཞི་གཅིག་ལ་དམིགས་ལ་བགྲོ་གླེང་གཏིང་ཟབ་པོ་བྱས་ཏེ་ས་ཁུལ་སོ་སོའི་ནང་བསྟན་སློབ་གླིང་ཚད་ལྡན་ཅན་དུ་བསྒྱུར་བ་དེ་ཡིན། ཐེངས་འདིའི་བཞུགས་མོལ་ཚོགས་འདུ་ནི་ཀྲུང་གོའི་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་གིས་གཙོ་སྒྲུབ་དང་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་གིས་ལག་བསྟར་གྱིས་བསྒྲུབས་པ་ཡིན། ༢༠༡༨ལོའི་བོད་བརྒྱུད་ནང་བསྟན་སློབ་གླིང་ཁག་གི་བཞུགས་མོལ་ཚོགས་འདུ་དེ་མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་ལག་བསྟར་གྱིས་བསྒྲུབ་འཆར་ཡོད་པ་བཅས་སོ། །
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716