སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་པ།
སྤེལ་དུས། 2017-07-13   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  བསོད་དབང་གིས་བསྒྱུར།
ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ།
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོཌ་འདུའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་སོ་དྲུག་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།
          ཚེས་11ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ནས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་སོ་དྲུག་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཧྲུའུ་ཅི་ཝང་ཆི་ཧྲན་གྱིས་དབུལ་སྐྱོར་ཁྱབ་ཁོངས་སུ་སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་ལ་ལྟ་སྐུལ་བྱེད་པའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་འབྲེལ་རང་ལྗོངས་ཀྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས་པ་རེད། ཚོགས་འདུའི་ཐོག་ད་དུང་བདེ་ཐང་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་དང་བདེ་ཐང་བོད་ལྗོངས་ཀྱི་2030ལོའི་འཆར་འགོད་རྩ་གནད་ལ་གྲོས་ཞིབ་བྱས་པ་དང་འབྲེལ་རྩ་བའི་ཐོག་ནས་གྲོས་འཆམ་བྱུང་བ་རེད།
          རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
          ཚོགས་འདུའི་ཐོག་མཛུབ་སྟོན་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྐོར་གཟིགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་སྐོར་གཟིགས་ཀྱི་ལག་ལེན་དང་། རིགས་པའི་གཞུང་ལུགས། ལམ་ལུགས་བཅས་གསར་གཏོད་ལ་སྐུལ་འདེད་བཏང་སྟེ་སྐོར་གཟིགས་ལས་དོན་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག《ཀྲུང་དབྱང་གིས་དོ་དམ་བྱེད་པའི་མཐོ་སློབ་ཏང་ཨུད་31ལ་སྐོར་གཟིགས་བྱས་ཚུལ་གྱི་ཆེད་དོན་སྙན་ཞུར》གྲོས་ཞིབ་བྱས་པ་དང་འབྲེལ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགྱུར་མེད་ཆོད་སེམས་མངོན་པ་བྱས་ཡོད། ང་ཚོས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་བོད་ལྗོངས་ས་བབ་མཐོ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་སློབ་སྦྱོང་བྱེད་པའི་ཚད་གཞི་དེ་བས་མཐོ་བ་དང་། བོད་ཀྱི་ཕྱི་རོལ་ཡུལ་གྱི་ཆ་རྐྱེན་དམིགས་བསལ་ཡིན་ཡང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་རུལ་རྒོལ་གཙང་སྤེལ་བྱེད་པའི་ཐད་དམིགས་བསལ་རང་བཞིན་གང་ཡང་མེད་པ། བོད་ལ་གསོ་རླུང་དཀོན་པ་དང་རླུང་གནོན་དམའ་ཡང《དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག》དང《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག》གི་ཚད་གཞི་ལག་ལེན་བསྟར་ཤུགས་ཆུང་དུ་མི་གཏོང་བའི་བསམ་བློ་ཡོད་པ་བྱས་ནས་སྐོར་གཟིགས་ལས་དོན་གྱི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་གྱིས་རྩ་འཛུགས་ཀྱི་ལམ་ལུགས་བྱ་ཐབས་དང་ཐབས་ཤེས་སྔར་བས་གསར་གཏོད་བྱས་ཏེ་སྐོར་གཟིགས་ལས་དོན་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། སྐབས་དགུ་པའི་ལྗོངས་ཏང་ཨུད་ཀྱི་སྐོར་གཟིགས་ལས་དོན་གྱི་ཆུ་ཚད་མཐོ་རུ་གཏོང་བ། སྐོར་གཟིགས་ཀྱི་རལ་གྲི་རྣོ་པོའི་ཟིལ་གནོན་གྱི་ནུས་པ་འདོན་སྤེལ་བྱེད་པ་བཅས་བྱས་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་སྔར་བས་གཏོད་དགོས། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་ལྗོངས་ཡོངས་ཀྱི་མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་ལས་དོན་ཚོགས་འདུའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ཏང་གིས་མཐོ་སློབ་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་དང་།
          ཏང་གི་སློབ་གསོའི་མཛད་ཕྱོགས་སྲིད་ཇུས་ལག་བསྟར། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མཐོ་རིམ་སློབ་གསོ་ཡག་པོ་གཉེར་དགོས། བསམ་བློ་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་བཞག་ནས“འདུ་ཤེས་བཞི”ཟབ་ཏུ་བཏང་སྟེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་ཡག་པོ་བྱས་ཏེ་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་རྒྱུ་རྩ་བའི་ལས་འགན་དུ་བརྩི་བ་དང་། ཕུགས་བསམ་དད་སེམས་ཀྱི་སློབ་གསོ་དང་མར་ཁེ་སི་རིང་ལུགས་ཀྱི“ལྟ་བ་བཞི”“སྨྲ་བ་གཉིས”ཀྱི་སློབ་གསོ་གཏིང་ཟབ་སྤེལ་ནས་རྒྱ་ཆེའི་དགེ་སློབ་ཚོའི“མོས་སེམས་ལྔ”སྔར་བས་ཆེ་རུ་གཏོང་དགོས། མཐོ་སློབ་སློབ་མས་དད་སེམས་བརྟན་པའི་དཔེ་བཟང་བ་དང་། ལས་སྒྲུབ་ལས་གཏོད་ཀྱི་དཔེ་བཟང་བ། མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་བ། གོམས་སྲོལ་བསྒྱུར་བའི་དཔེ་བཟང་བ་བཅས་བརྩོན་ལེན་ལ་སློབ་གསོ་ཁྲིད་སྟོན་བྱེད་པ་དང་། ལྷག་དོན་དུ་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས་རང་གི་ནང་མི་དང་ཉེ་འགྲམ་གྱི་མིར་ཆོས་ལུགས་ཀྱི་ཤུགས་རྐྱེན་ངན་པ་ཆུང་དུ་གཏོང་རྒྱུར་ཤུགས་རྐྱེན་ཐེབས་པ་བྱེད་པ་དང་། བདེ་ཐང་ཤེས་དཔལ་གྱི་འཚོ་བ་སྐྱེལ་སྟངས་དོན་གཉེར་བྱས་ཏེ་ཚེ་འདིའི་བདེ་སྐྱིད་འཚོ་བ་ཡག་པོ་སྐྱེལ་དགོས། མཐོ་སློབ་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་གྱིས་མཐོ་སློབ་ཏང་འཛུགས་སྐྱོང་ལས་དོན་འདི་ཉིད་གནས་བབ་མངོན་གསལ་དོད་སར་བཞག་ནས་ཀྲི་པུའི་ཧྲུའུ་ཅི་ལེགས་འདེམས་བྱེད་པ་དང་། ཏང་ཡོན་འཕེལ་རྒྱས་ཀྱི་འགག་སྒོ་ནན་པོ་སྲུང་བ། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་བ། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ་བཅས་བྱེད་དགོས་པ་དང་། ལྷག་དོན་དུ་མཐོ་སློབ་ཀྱི་སློབ་གླིང་དང་ཚན་ཁག་གི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་དང་ཏང་ཀྲི་པུའི་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་མཐོ་སློབ་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། མཐོ་སློབ་ཀྱི་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་གྱིས་མཐོ་སློབ་དཀྱུས་མའི་ཏང་ཨུད་འགོ་ཁྲིད་འོག་གི་སློབ་སྤྱིའི་འགན་འཁྲིའི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་མཐོ་སློབ་ཀྱི་འགོ་ཁྲིད་ཚན་ཁག་དང་ལྷག་དོན་དུ་ཏང་ཨུད་ཀྱི་ཧྲུའུ་ཅི་དང་སློབ་སྤྱི(ཡོན་ཀྲང)ལེགས་འདེམས་བྱས་ཏེ་མཐོ་སློབ་ཀྱི་ཏང་གིས་ཏང་ལ་དོ་དམ་དང་སློབ་གཉེར་སློབ་སྐྱོང་གི་ལས་དོན་ཁག་ལ་སྐུལ་འདེད་གཏོང་དགོས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུས་ནས་མཐོ་སློབ་ཀྱིས་ཁྲོམ་རའི་དགོས་མཁོ་སྟོན་ཕྱོགས་སུ་བཟུང་ནས་རིག་ཚན་ཆེད་ལས་ལེགས་སྒྲིག་བྱེད་ཟབ་ཏུ་གཏོང་བ་དང་། སློབ་མས་ལས་ཞུགས་ཀྱི་ལྟ་བ་བསྒྱུར་རྒྱུར་ཁྲིད་སྟོན་བྱེད་པའི་འགན་འཁྲི་རང་རྟོགས་ངང་འཁུར་བ། རང་སྐྱོང་ལྗོངས་ཀྱིས་བཏོན་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བའི་གཟིགས་སྐྱོང་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། སྒོར་དུང་ཕྱུར་20ཡི་ལས་ཞུགས་ལས་གཏོད་ཐེབས་རྩའི་ནུས་པ་འདོན་སྤེལ་བྱེད་པ། དམངས་ཀྱིས་བྱ་གཞག་གཏོད་པ་དང་ཀུན་གྱིས་གསར་གཏོད་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
          ཚོགས་འདུའི་ཐོག་མཛུབ་སྟོན་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་སོ་དྲུག་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་སྒྱུར་བཅོས་མཐུན་སྦྱོར་ལ་དམ་འཛིན་བྱེད་པའི་དོན་སྙིང་གལ་ཆེན་རྒྱས་བཤད་གཏིང་ཟབ་གནང་བ་དང་། སྒྱུར་བཅོས་ཇུས་གཞི་མཐུན་སྦྱོར་དང་། དོན་འཁྱོལ་མཐུན་སྦྱོར། ཕན་འབྲས་མཐུན་སྦྱོར་བཅས་ལ་དམ་འཛིན་བྱེད་པའི་ཞིབ་ཕྲའི་བླང་བྱ་གསལ་སྟོན་གནང་ཡོད། ང་ཚོས་བློ་རྩེ་གཅིག་ཏུ་བསྒྲིམས་ནས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ་སྒྱུར་བཅོས་ཀྱི་བྱ་ཐབས་ཁག་གིས་སྲིད་ཇུས་ཀྱི་ཁ་ཕྱོགས་ལ་ཕན་ཚུན་གཞོགས་འདེགས་དང་། ལག་བསྟར་བརྒྱུད་རིམ་ནང་ཕན་ཚུན་སྐུལ་འདེད། སྒྱུར་བཅོས་ཕན་འབྲས་ལ་ཕན་ཚུན་རམ་འདེགས་བཅས་བྱས་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་སྤྱིའི་དམིགས་ཚད་ཀྱི་ཕྱོགས་སུ་ནུས་ཤུགས་འདོན་སྤེལ་བྱས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་ཕུལ་བྱུང་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས། སྔར་ལས་ལྷག་པའི་སྒོ་ནས་གནས་ཚུལ་མཐིལ་རྟོགས་དང་བསམ་ཕྱོགས་གསལ་བཟོ་བྱས་ནས་དམིགས་ས་ཡོད་པའི་སྒོ་ནས་སྒྱུར་བཅོས་སྦྲེལ་མཐུད་ཁྲོད་གནས་པའི་ཞིབ་ཕྲའི་དཀའ་གནད་དང་གནད་དོན་ཐག་གཅོད་བྱས་ཏེ་བཏོན་ཟིན་པའི་སྒྱུར་བཅོས་ཀྱི་ཇུས་གཞི་ལག་ལེན་བསྟར་བ་དང་ཀྲུང་དབྱང་གི་དགོངས་དོན་དོན་འཁྱོལ་ཡག་པོ་དང་བོད་ཀྱི་དོན་དངོས་དང་མཐུན་པའི་འགན་ལེན་བྱེད་དགོས། ཀྲུང་དབྱང་གི་སྒྱུར་བཅོས་ཇུས་གཞི་འབྲེལ་མཐུད་དོན་འཁྱོལ་བྱས་ནས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་ས་གནས་ཀྱི་འབྲེལ་མཐུད་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་འབྲེལ་མཐུད་དོན་འཁྱོལ་ཏན་ཏིག་ཐུབ་པ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས། སྒྱུར་བཅོས་མཉམ་སྒྲུབ་ལས་དོན་ལ་སྐུལ་འདེད་བཏང་ནས་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་གྱིས་སྒྱུར་བཅོས་ཁག་དབར་ཕན་ཚུན་སྐུལ་འདེད་དང་ཕན་ཚུན་རམ་འདེགས་ཐུབ་པའི་འགན་ལེན་བྱས་ཏེ་སྒྱུར་བཅོས་ཀྱི་གྲུབ་འབྲས་དེ་བས་མང་བས་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་ཐོབ་པ་བྱེད་དགོས། སྒྱུར་བཅོས་ལས་དོན་གཏིང་ཟབ་ཕྱོགས་སུ་སྤེལ་བར་སྐུལ་འདེད་བཏང་ནས“ཕྱིར་མིག་ལྟ་བའི”ལས་དོན་རྟག་ཏུ་སྤེལ་ཏེ་གཏན་འཁེལ་ཟིན་པའི་བྱ་ཐབས་དོན་འཁྱོལ་ཐུབ་པར་སྐུལ་འདེད་གཏོང་དགོས། ལྷག་དོན་དུ《ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གཅིག་གྱུར་ཞིབ་རྩིས་ཀྱི་སྒྱུར་བཅོས་ཇུས་གཞི》ལ་ནན་པོར་གཞིགས་ནས། GDPཡི་ཞིབ་རྩིས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་དང་། དངོས་ཐོག་བདེན་འཚོལ། དངོས་འབྲེལ་གནད་འཁེལ། ཚད་ལྡན་གཅིག་གྱུར། ཡོངས་བསྒྲགས་ཕྱིར་གསལ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ཞིབ་རྩིས་ཀྱི་བྱེད་སྒོར་སྒྱུར་བཅོས་དང་། ཞིབ་རྩིས་བྱ་ཐབས་ལ་སྒྱུར་བཅོས། ལས་ཀའི་ལམ་སྲོལ་ལ་སྒྱུར་བཅོས་བཅས་ཀྱིས་བསྡོམས་རྩིས་ལས་དོན་ཁྲོད་ཚད་གཞི་མི་འདྲ་བའི་སྒོ་ནས་གནས་པའི་རྫུན་ཞུ་དང་བསྡོམས་རྩིས་ཆད་ལྷག་སོགས་ཀྱི་གནད་དོན་ཁྱད་བསད་ཏན་ཏིག་བྱས་ཏེ་ཞིབ་རྩིས་གྲངས་གཞིའི་སྤུས་ཚད་མཐོ་རུ་གཏོང་བ་དང་། ས་ཁུལ་གྱི་དཔལ་འབྱོར་འཕར་བའི་གཞི་ཁྱོན་དང་། གྲུབ་ཆ། མྱུར་ཚད་བཅས་གནད་ལ་འཁེལ་བ་མངོན་པར་བྱས་ཏེ་སྤྱི་ཁོག་དཔལ་འབྱོར་གྱི་ཐབས་ཇུས་ཆུ་ཚད་མཐོ་རུ་གཏོང་དགོས། ཏང་གིས་གཞུང་ཁོངས་ཁེ་ལས་ལ་འགོ་ཁྲིད་བྱེད་རྒྱུར་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་གཞུང་ཁོངས་ཁེ་ལས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་བརྟན་པོ་བཏང་ནས་ཁེ་ལས་ཀྱི་ཐོན་འཕར་དང་ཕན་འབྲས་ཆེར་གཏོང་དང་ཁེ་ལས་ཀྱི་ལས་བཟོའི་ཕན་བདེའི་ཐོབ་ཆ་ལེགས་སུ་གཏོང་བའི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། ཏང་སྲིད་ལས་བྱེད་པ་དང་ཁེ་ལས་ལས་བྱེད་པའི་སྤེལ་རེས་ལ་སྐུལ་འདེད་གཏོང་བ། ལས་བཟོའི་ཐོབ་ཐང་ལེགས་སུ་བརྟན་པོ་གཏོང་བ་བཅས་བྱས་ཏེ་རྒྱ་ཆེའི་ལས་བྱེད་པ་ཚོས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་དགོས།
          ཚོགས་འདུའི་ཐོག་མཛུབ་སྟོན་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་ཁོངས་སྒྲོལ་བའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཚོགས་འདུ་ཐེངས་བཞི་འཚོགས་ནས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་བཀོད་སྒྲིག་གནང་བ། དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དབུལ་སྐྱོར་གསར་སྤེལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་དང་། ས་ཁུལ་དབུལ་པོ་དང་མང་ཚོགས་དབུལ་པོར་ཐུགས་ཁུར་དང་གཅེས་སྐྱོང་གནང་ལུགས་གང་ལེགས་མངོན་ཡོད། ཧྲུའུ་ཅི་ཝང་ཆི་ཧྲན་གྱིས་དབུལ་སྐྱོར་ཁྱབ་ཁོངས་སུ་སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་ལ་ལྟ་སྐུལ་བྱེད་པའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནི་དབུལ་སྐྱོར་གསར་སྤེལ་ལས་དོན་དང་། ལྷག་དོན་དུ་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྐོར་གྱི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་དང་ལག་ལེན་ནུས་ལྡན་ཞིག་རེད། ང་ཚོས་ངེས་པར་དུ་བློ་རྩེ་གཅིག་ཏུ་བསྒྲིམས་ནས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། ས་ཁུལ་དང་གྲོང་ཁྱེར་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ལྗོངས་ཏང་ཨུད་ཀྱི“ཤུགས་རྒྱག་དགོས་པ་དགུའི”བཀོད་སྒྲིག་བླང་བྱ་གཞིར་བཟུང་། ངས་བྱས་རྗེས་ལ་ཐོབ་རྩོད་མི་བྱེད་པའི་བསམ་བློ་བརྟན་པོ་བཅངས་ནས་གནད་སྨིན་ལ་ཤུགས་རྒྱག་པ་དང་། རྒྱུན་མཐུད་ནུས་ཤུགས་འདོན་པ། སྙིང་རུས་གཏན་འཁྱོངས་བཅས་བྱས་ཏེ་བསམ་བློ་སྔར་བས་བཅིངས་འགྲོལ་དང་ངོས་འཛིན་མཐོ་རུ་བཏང་སྟེ་ཕར་ཆིན་རྒྱག་པའི་སྙིང་རུས་ལ་བརྟེན་ནས་རང་ལྗོངས་ཀྱི་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལེགས་པར་སྒྲུབ་པ་དང་མང་ཚོགས་ལ་དངོས་ཕན་དེ་བས་མང་བ་ཐོབ་པ་བྱས་ནས། 2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འགན་ལེན་བྱེད་དགོས། རིམ་ཁག་སྒྲིག་བཤེར་ཨུ་ལྷན་གྱིས་འགན་འཁྲིའི་ངེས་གནས་ལ་གཞིགས་ནས་དབུལ་སྒྲོལ་འགག་སྒྲོལ་སྐོར་གྱི་ཏང་ཀྲུང་དབྱང་གི་བླང་བྱ་ཚད་གཞིར་བཟུང་ནས་མིག་གསལ་པོ་དང་རྣ་བ་གསང་པོ་བྱས་ཏེ་དབུལ་སྐྱོར་སྲིད་ཇུས་དང་མ་དངུལ་དོན་འཁྱོལ་བྱེད་ཚུལ་དང་དེའི་ཐད་ཐོབ་པའི་གྲུབ་འབྲས་ལ་གཙོ་གནད་ཐོག་ལྟ་ཞིབ་བྱེད་པ་དང་། ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་དབུལ་སྒྲོལ་ལས་དོན་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཏན་ཏིག་མི་བྱེད་པ་དང་། མི་བདེན་རྫུན་སྒྲིག་བྱེད་པ། ངོ་ལྐོག་གཡོ་ལྷད་བྱེད་པ་བཅས་ཀྱི་བྱེད་སྤྱོད་ལ་གཙོ་གནད་ཐོག་ཞིབ་བཤེར་ཐག་གཅོད་བྱས་ཏེ་བཀོད་པ་ལུང་དུ་འགྲོ་བའི་འགན་ལེན་བྱེད་དགོས་པ་དང་། དབུལ་སྐྱོར་ལས་དོན་ལ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱིས་ལྟ་སྟངས་འཛིན་པ་དང་བཟོ་ལྟ་ཙམ་གྱི་ལས་དོན་སྒྲུབ་པའི་གནད་དོན་མཐའ་གཅིག་ཏུ་ཡོ་བསྲང་བྱས་ཏེ་ལྐོག་ཟ་གཞན་སྤྱོད་དང་། བཀག་ཉར་ལྐོག་བགོས། དགའ་ཉེ་སྤུན་མཆེད་ལ་ཕྱོགས་པ། རྫུན་ཞུ་གཡོ་ལེན། མི་གཞན་གྱི་ཁེ་བཟང་རག་ཐབས་བྱེད་པ། བཙན་བཟུང་བཙན་འཕྲོག་བྱེད་པ་སོགས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་རྒྱུགས་ར་ལྟ་བུར་བརྩིས་ཏེ་སྒྲིག་བཤེར་ལས་བྱེད་པའི་བསམ་བློ་ཆབ་སྲིད་ཀྱི་ཆུ་ཚད་ལ་ཞིབ་དཔྱད་བྱས་ནས་གནད་དོན་ཤེས་རྟོགས་དང་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་བཏང་སྟེ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་དངོས་འབྲེལ་སྒྲུབ་པ་དང་། བརྒྱུད་རིམ་བརྟན་པོ་ཡོང་བ། གྲུབ་འབྲས་ངོ་མ་ཡིན་པ་བཅས་ཀྱི་འགན་ལེན་བྱེད་དགོས།
          ཚོགས་འདུའི་ཐོག་རྒྱལ་ཡོངས་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་གྱི་དགོངས་དོན་དང་། ལྷག་དོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱས་ཏེ་བདེ་ཐང་བོད་ལྗོངས་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་དང་བདེ་ཐང་བོད་ལྗོངས་ཀྱི་2030ལོའི་འཆར་འགོད་ཀྱི་རྩ་གནད་ལག་བསྟར་བྱེད་རྒྱུར་དམ་འཛིན་བྱེད་དགོས། སྒྲིག་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་བདེ་ཐང་བོད་ལྗོངས་ཀྱི་དམིགས་ཚད་མ་ལག་ཁག་ལུགས་མཐུན་གྱི་སྒོ་ནས་གཏན་འཁེལ་བྱེད་པ་དང་། དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་ཤུགས་ཆེན་སྤེལ་བ། “སྨན་པ་དཀོན་པའི”གནད་དོན་ཐག་གཅོད་བྱ་རྒྱུ་བདེ་ཐང་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་ལས་དོན་གལ་ཆེན་ཞིག་ལ་བརྩིས་ནས་ས་བབ་མཐོ་ཚད་སྨི་4500དང་དེ་ཡན་གྱི་ཤང་གྲོང་འཕྲོད་བསྟེན་ཁང་གི་ཆེད་ལས་ལག་རྩལ་མི་སྣའི་དམིགས་བསལ་ལས་གནས་ཀྱི་བྱ་དགའ་ཁ་གསབ་བྱ་ཐབས་སོགས་ཀྱི་གཟིགས་སྐྱོང་བྱ་ཐབས་དོན་འཁྱོལ་ཡག་པོ་བྱས་ཏེ་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གཏིང་ཟབ་སྤེལ་བ་དང་། མང་ཚོགས་ལ་འཕྲོད་བསྟེན་བདེ་ཐང་དང་དྲིལ་བསྒྲགས་སློབ་གསོ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་བདེ་ཐང་བོད་ལྗོངས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
          ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་གནང་ཡོད་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716