སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
“བདེ་ཐང་ཅན་གྱི་བོད་ལྗོངས”འཛུགས་སྐྲུན་བྱས་ཏེ་མང་ཚོགས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པར་གཏོང་བ།
སྤེལ་དུས། 2017-07-26   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  རྣམ་རྒྱལ་གྱིས་བསྒྱུར།
          “བདེ་ཐང་ཅན་གྱི་བོད་ལྗོངས”ནི་“བདེ་སྐྱིད་ལྡན་པའི་བོད་ལྗོངས”དང་“མཛེས་སྡུག་ལྡན་པའི་བོད་ལྗོངས”འཛུགས་སྐྲུན་བྱེད་པའི་གནད་འགག་གི་ཆ་རྐྱེན་ཡིན་པར་མ་ཟད། ཀྲུང་གོའི་རེ་འདུན་ཁྲོད་ཀྱི་བོད་ལྗོངས་ཀྱི་ལེའུ་མངོན་འགྱུར་བྱ་རྒྱུའི་ནང་དོན་གཙོ་བོའང་ཡིན། གྲང་ངར་ཆེ་ཞིང་དབྱང་དབུགས་སྲབ་ལ་ཉི་འོད་ཚ་བའི་མཐོ་སྒང་གི་ཁོར་ཡུག་དང་། འབྲོག་དམངས་འཚོ་སྡོད་བྱེད་ས་ཐར་ཐོར་ཡིན་པ་སོགས་ཀྱི་རྐྱེན་གྱིས་བོད་ལྗོངས་སུ་ད་དུང་སྨན་དང་སྨན་བཅོས་མི་འདང་པའི་གནས་ཚུལ་ལེགས་བཅོས་བྱུང་མེད་པས། ད་དུང“བདེ་ཐང་གི་ན་འདམ”དུ་ལུས་ཡོད་པ་རེད། 
          ཉེ་བའི་ལོ་ཤས་རིང་། ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་རྒྱབ་སྐྱོར་འོག་དང་།  བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཡང་དག་པའི་དབུ་ཁྲིད་འོག བོད་ལྗོངས་སུ་ཤུགས་ཆེན་པོས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བདེ་ཐང་ཞབས་ཞུའི་མ་ལག་འཛུགས་སྐྲུན་གནང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ཁྱོན་ཡོངས་ལ་ཁྱབ་པ་མངོན་དུ་གྱུར་ཏེ། ཤང་དང་གྲོང་རྡལ་དུ་རྒན་གསོ་ཁང་དང་། རྒན་རྒོན་བྱ་འགུལ་སྤེལ་གནས། ལུས་ཕུང་སྦྱོང་བརྡར་ར་བ་བཅས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱས་པ་མ་ཟད། སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུའི་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་བཅོས་བྱས། མང་ཚོགས་ཀྱི་དགོས་མཁོ་ལྟར་བོད་སྨན་དང་སྨན་བཅོས་ཀྱི་ཞབས་ཞུའི་ལས་ཀར་ཤུགས་སྣོན་བརྒྱབ་སྟེ། རྩ་བའི་ཐོག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕྲོད་བསྟེན་ཞབས་ཞུའི་མ་ལག་བཙུགས་ཡོད། རྒྱུས་ལོན་བྱས་པ་ལྟར་ན། མིག་སྔར་བོད་རང་སྐྱོང་ལྗོངས་སུ་རིགས་གསར་པའི་གྲོང་གསེབ་མཉམ་ལས་སྨན་བཅོས་སུ་ཞུགས་ཚད་100%ཉེ་བ་དང་། ཆ་སྙོམས་མི་རེའི་ཚེ་ཚད་དགུང་ལོ་68.2ལ་སླེབས་ཡོད་པས། ལོ་ངོ་ལྔ་བཅུའི་སྔོན་གྱི་མིའི་ཚེ་ཚད་དང་བསྡུར་ན་ལྡབ་གཅིག་ལ་ཉེ་བས་རིང་དུ་ཕྱིན་ཡོད།
ཟས་རིགས་དང་སྨན་རིགས་ཀྱི་བདེ་འཇགས་ལ་གཅིག་གྱུར་གྱིས་ལྟ་སྐུལ་དང་དོ་དམ་ཤུགས་ཆེར་བྱ་ཆེད། བོད་རང་སྐྱོང་ལྗོངས་ཀྱིས་ཟས་རིགས་དང་སྨན་རིགས་སྐོར་གྱི་བདེ་འཇགས་ཁག་ཐེག་མ་ལག་བཙུགས་ཏེ་《བོད་རང་སྐྱོང་ལྗོངས་ཟས་རིགས་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་བཏོན་པའི་ཟས་རིགས་བདེ་འཇགས་ཆ་འཕྲིན་དོ་དམ་བྱེད་ཐབས》ཞེས་པ་བཀྲམས་པ་མ་ཟད། “བོད་རང་སྐྱོང་ལྗོངས་2016ལོའི་ཟས་རིགས་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་བྱ་འགུལ”ཡང་སྤེལ། 
          ཁྱོན་ཡོངས་ནས་དམངས་ཡོངས་ཀྱི་ལུས་ཕུང་སྦྱོང་བརྡར་བྱེད་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་དོན་འཁྱོལ་བྱེད་པ་དང་། དམངས་ཡོངས་ཀྱི་ལུས་ཕུང་སྦྱོང་བརྡར་བྱེད་པའི་སྤྱི་བའི་ཞབས་ཞུ་ལ་སྐུལ་འདེད། དམངས་ཡོངས་ནས་ལུས་ཕུང་སྦྱོང་བརྡར་གྱིས་སྐུ་ལུས་གསལ་ཐང་ཡོང་བ་བཅས་ཀྱི་ཆེད། བོད་རང་སྐྱོང་ལྗོངས་ཀྱིས་《བོད་ལྗོངས་དམངས་ཡོངས་ཀྱི་ལུས་ཕུང་སྦྱོང་བརྡར་སྐོར་གྱི་འཆར་གཞི(2016——2020ལོར)》ཅེས་པ་བཀྲམས་ཏེ། མི་དམངས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པ་དང་། ལུས་ཕུང་གསལ་ཐང་། འཚོ་ཐབས་བདེ་ཐང་ཡིན་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད། 
          “ལོ་ལྔ་ཚན་བཅུ་གསུམ་པའི”བར་སྐབས་སུ། “བདེ་ཐང་ཅན་གྱི་བོད་ལྗོངས”འཛུགས་སྐྲུན་ལ་སྐུལ་འདེད་བྱ་ཆེད། བོད་རང་སྐྱོང་ལྗོངས་ཀྱིས་ཁྱོན་ཡོངས་ནས་སྤྱི་བའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དང་། ལྗོངས་ཡོངས་དང་ས་ཁུལ(གྲོང་ཁྱེར)། རྫོང་རིམ་པ་བཅས་སུ་རིམ་པ་གསུམ་པའི་ནད་རིགས་སྔོན་འགོག་ཚོད་འཛིན་དང་། མ་བུ་བདེ་སྲུང་ཞབས་ཞུ། ཁྲག་རིགས་བརྟག་དཔྱད་མཁོ་སྤྲོད་བཅས་མ་ལག་འཐུས་ཚང་ཅན་འཛུགས་སྐྲུན་བྱེད་རྒྱུ་ཡིན་པ་རེད། སྨན་བཅོས་ལྟེ་གནས་ཀྱི་ཁྱབ་རྒྱ་དང་ཁྱབ་ཡུལ་མགྱོགས་མྱུར་ངང་ལེགས་བཅོས་དང་། ལྗོངས་དང་ས་ཁུལ(གྲོང་ཁྱེར)རིམ་པའི་སྨན་བཅོས་ལས་ཁུངས་ཀྱི་ཞབས་ཞུའི་ནུས་པ་མཐོར་འདེགས་གཏོང་བ། རྫོང་རིམ་པའི་གཙོ་གནད་སྨན་ཁང་གིས་ས་གནས་སྨན་བཅོས་ལྟེ་གནས་འཛུགས་པར་རམ་འདེགས་བྱེད་པ། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ཚད་ལྡན་ཅན་འཛུགས་སྐྲུན་བྱེད་པར་སྐུལ་འདེད། སྨན་བཅོས་ཞབས་ཞུ་ཁྱོན་ཡོངས་ལ་ཁྱབ་པར་མཐོར་འདེགས་སུ་གཏོང་བ་བཅས་བྱེད་དགོས་པ་རེད། བོད་སྨན་སྨན་བཅོས་ཞབས་ཞུའི་ཐོན་ཁུངས་བཀོད་སྒྲིག་འཐུས་ཚང་དུ་བཏང་སྟེ། གཞི་རིམ་གྱི་བོད་སྨན་སྨན་བཅོས་ཞབས་ཞུའི་མ་ལག་འཐུས་ཚང་ཅན་དང་ཞབས་ཞུའི་ནུས་པ་མཐོར་འདེགས་ཀྱིས་རྫོང(ས་ཁུལ)དང་། ཤང(གྲོང་རྡལ)། གྲོང་ཚོ་བཅས་སུ་བོད་སྨན་སྨན་བཅོས་ཁྱོན་ཡོངས་ནས་ཁྱབ་པར་མངོན་འགྱུར་བྱ་དགོས།  རྩ་བའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་འཐུས་སྒོ་ཚང་བར་བཅུག་སྟེ། གཙོ་བོར་སྲིད་ཇུས་ཆ་འགྲིག་དང་། སྨན་བཅོས་ལག་བསྟར། སྨན་བཅོས་འགན་བཅོལ། སྨན་རྫས་སོགས་མཉམ་འགུལ་ལམ་སྲོལ་འཛུགས་སྐྲུན་བྱས་ཏེ། མུ་མཐུད་དུ་ཁྱོན་ཡོངས་ནས་དམངས་ཡོངས་ཀྱི་ལུས་ཕུང་སྦྱོང་བརྡར་བྱེད་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་དོན་འཁྱོལ་དང་དམངས་ཡོངས་ཀྱི་ལུས་ཕུང་སྦྱོང་བརྡར་གྱི་སྤྱི་བའི་ཞབས་ཞུ་ལ་སྐུལ་འདེད་གཏོང་དགོས། ཟས་རིགས་དང་སྨན་རིགས་ཀྱི་བདེ་འཇགས་ལ་གཅིག་གྱུར་གྱིས་ལྟ་སྐུལ་དང་དོ་དམ་ཤུགས་ཆེན་བརྒྱབ་སྟེ་ཟས་རིགས་དང་སྨན་རིགས་སྐོར་གྱི་བདེ་འཇགས་ཁག་ཐེག་མ་ལག་འཛུགས་པ་དང་། མུ་མཐུད་དུ་ལེགས་བཙའ་ལེགས་གསོའི་སྲིད་ཇུས་ལག་བསྟར་དང་འཐུས་ཚང་དུ་བཏང་སྟེ་དེའི་སྐོར་གྱི་ཞབས་ཞུའི་ནུས་པ་ལ་ཤུགས་སྣོན་བརྒྱབ་ནས་སྦྲུམ་མ་དང་ཁྱེའུའི་འཆི་བ་ཇེ་ཉུང་དུ་གཏང་རྒྱུ་དང་། མིའི་ཆ་སྙོམས་ཀྱི་ཚེ་ཚད་རིང་དུ་གཏོང་དགོས། 
          ད་ལོ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་ཏུ་བསྟར་བའི་ལོ་གལ་ཆེན་ཞིག་དང“བདེ་ཐང་ཅན་གྱི་བོད་ལྗོངས”འཛུགས་སྐྲུན་བྱེད་པའི་ལོ་ཡང་ཡིན་པས། བོད་ལྗོངས་ཀྱི་ཕྱོགས་སོ་སོས་འབད་བརྩོན་འོག ངེས་པར་དུ་བོད་ལྗོངས་བདེ་ཐང་གི་རེ་འདུན་མངོན་འགྱུར་བྱས་ཏེ་མི་དམངས་མང་ཚོགས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པར་འཇུག་ངེས། 
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716