སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
【པཎ་ཆེན་རིན་པོ་ཆེ་མཚོ་སྔོན་དུ་སླེབས།】ཅང་ཤེས་རྟ་ཕོ་བཅིབས་ནས་མཚོ་འགྲམ་བསྐོར།། འགྲོ་བའི་དོན་དུ་སླར་ཡང་གནས་འདིར་སླེབས།།
སྤེལ་དུས། 2017-07-28   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  པདྨ་ཚེ་རིང་གིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འགྱུར།   ཟླ་༧པའི་ཚེས་༢༣ཉིན་གྱི་སྔ་དྲོར་མཚོ་སྔོན་པོའི་གླང་ཆེན་མཆེ་བའི་ཡུལ་སྐོར་གནས་མཆོག་ཏུ་བཅིབས་རྟའི་རྣམ་གྲངས་ཚོང་གཉེར་བྱེད་བཞིན་པའི་འབྲོག་པ་གདུགས་དཀར་འབུམ་བཟའ་མི་གང་བོས་པཎ་ཆེན་རིན་པོ་ཆེ་གནས་འདིར་བརྒྱུད་དགོས་པ་ཐོས་འཕྲལ་ནམ་རྒྱུན་དང་འདྲ་བར་རྟ་ཕོ་ཁྲིད་དེ་མཚོ་འགྲམ་དུ་འོངས་ཤིང་རིན་པོ་ཆེའི་ཞལ་རས་མཇལ་ནས་ཚེ་བསོད་རླུང་རྟ་དར་ཐུབ་པའི་སྨོན་ལམ་རྒྱག་བཞིན་མཆིས། ཁོང་ཚོས་བློ་ཡུལ་ལས་འདས་པ་ཞིག་ལ་རང་ཉིད་ཀྱི་རྟ་ཕོ་དེ་པཎ་ཆེན་ལགས་ཀྱིས་བཅིབས་རྟར་གྱུར་པ་དེ་རེད།  ཟླ་བདུན་པའི་མེ་ཏོག་སྣ་བརྒྱ་ཁྲ་ཆིལ་ལེར་བཞད་པའི་མཚོ་འགྲམ་གྱི་ཐང་ཆེན་དུ་པཎ་ཆེན་རིན་པོ་ཆེ་ལགས་ཅང་ཤེས་རྟ་ཕོར་བཅིབས་ནས་རྒྱུག་པས་ཁོང་ཚོས་ཡིད་སེམས་རབ་ཏུ་གཡོས་ནས་སྨྲ་བའང་འགག་པར་གྱུར། །
          པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ལགས་ད་ལོར་དགུང་ལོ་ཉེར་བདུན་ལང་ཚོ་དར་ལ་བབས་པའི་དུས་ཡིན། མི་རྣམས་ཀྱིས་ཁོང་ཉིད་ཀྱི་ཞལ་རས་མཐོང་བའི་དུས་སྐབས་ཕལ་ཆེ་བ་ནི་ཆོས་ལུགས་བྱེད་སྒོ་སྤེལ་བའམ་ཚོགས་འདུ་འཚོགས་པ། ཡང་ན་མཇལ་འཕྲད་གནང་བཞིན་པ་བཅས་གང་རུང་ཞིག་ཡིན་ངེས་ལ་ཀུན་གྱི་མཐོང་སྣང་དུ་གྱུར་པ་ནི་རིན་པོ་ཆེའི་མཁྱེན་རབ་དང་བྱམས་བརྩེའི་རང་མདངས་གསལ་ངང་གིས་གསལ་བ་དེ་ཡིན།  རིན་པོ་ཆེའི་གསུང་བཤད་ལས་ཀྱང་མཁྱེན་རྒྱ་ཧ་ཅང་ཆེ་བའི་དགེ་ལུགས་པའི་བླ་མ་ཞིག་གི་སྦྱངས་སྟོབས་མངོན་ཐུབ། དེ་རིང་ཁོང་ཉིད་ཅང་ཤེས་རྟ་ཕོ་བཅིབས་ནས་མནའ་གཟའ་ལྷབ་ལྷུབ་གཡོ་བཞིན་རྒྱུག་པའི་སྣང་བརྙན་ཞིག་མཚོ་སྔོན་པའི་འགྲམ་ངོགས་ནས་མཐོང་།  སྣང་བརྙན་འདི་ནི་ཀུན་གྱིས་སྔོན་ཆད་མཐོང་མྱོང་ཡོད་པ་འདྲ། རེད་ལགས། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ཀྱང་ཅང་ཤེས་རྟ་ཕོར་ཤིན་ཏུ་དགའ། དེ་སྔོན་བོད་ཁུལ་དུ་རྟོག་དཔྱོད་དུ་ཕེབས་པའི་སྐབས་སུ་རྒྱུན་པར་རྟ་ཕོར་བཅིབས་ནས་བང་རྒྱུག་བྱེད་ཅིང་སྐད་གྲགས་ཅན་གྱི་རྟ་མཆོག་མང་པོ་ཞིག་གསོས་མྱོང་། 
          ཐེངས་འདིར་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་ཐོག་ནས་ཀྱང་ཅང་ཤེས་རྟ་ཕོར་མཆོག་ཏུ་དགའ་བའི་སྐུ་ཕྲེང་གོང་མའི་གཟུགས་ཞལ་དེ་མཐོང་ཐུབ། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་རྟ་ཕོ་ཁྲིད་ནས་དལ་གྱིས་མཚོ་མཐར་སླེབས་ཤིང་གློ་བུར་དུ་རྟ་ཕོར་བཅིབ་ཅིང་ཐུར་མདའ་དཀྲུག་བཞིན་བྱ་ལྟར་འཕུར།  རྟ་ཕོ་འདི་ནི་མཚོ་སྔོན་རྟ་རྒྱུད་སྐད་གྲགས་ཅན་ཞིག་སྟེ་ཤ་ཤེད་རྒྱས་ཤིང་གཟུགས་པོ་ཆེ་བས་རྟ་མཆོག་གཞོན་ནུར་འཚམ་ཞིང་རླབས་འོད་གཟན་ཤམ་ལ་འཕྲོད། ཅང་ཤེས་རྟ་མཆོག་གཅིག་དང་སྐྱེས་བུ་དམ་པ་གཅིག་མཚོ་འགྲམ་དུ་རྒྱུག་བཞིན་ཡོད།
          རྟ་ཕོར་མཆོག་ཏུ་དགའ་བ་ལས་གཞན་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ལགས་ཀྱིས་འབྲོག་པའི་འཚོ་བར་ཐུགས་འཁུར་གནང་བཞིན་ཡོད། ཁོང་ཉིད་རྟ་ལས་བབས་མ་ཐག་རྟའི་ཐོད་པར་རེག་ཙམ་བྱས་རྗེས་ཐུར་མདའ་འབྲོག་པའི་ལག་ཏུ་བཞག་ཅིང་དེ་ནས་ཁོང་ཚོའི་འཚོ་བའི་སྐོར་གྱི་གནས་ཚུལ་བཀའ་འདྲི་གནང་ཞིང་ཕྱག་དབང་བསྐུར། 
          པཎ་ཆེན་རིན་པོ་ཆེ་མཚོ་སྔོན་པོའི་འགྲམ་ནས་ཅང་ཤེས་རྟ་ཕོར་བཅིབས་པ་ནི་ད་ལོའི་དབྱར་ཁར་མཚོ་སྔོན་དུ་རྟོག་དཔྱོད་ཕེབས་སྐབས་བྱུང་བ་ཞིག་ཡིན།  ཟླ་༧པའི་ཚེས་༡༨ཉིན་ནས་ཚེས་༢༤ཉིན་བར་རྒྱལ་ཡོངས་སྲིད་གྲོས་རྒྱུན་ཨུའམ་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་མཆོག་མཚོ་སྔོན་དུ་རྟོག་དཔྱོད་དུ་ཕེབས་པ་མ་ཟད་ཆོས་ལུགས་ཆོ་གའི་བྱེད་སྒོ་སྤེལ།  ཁོང་ཉིད་གང་དུ་འབྱོར་ཡང་མང་ཚོགས་རྣམས་ཀྱིས་ལག་ཏུ་ཁ་བཏགས་བཟུང་ཞིང་ལུས་ལ་གཟབ་ཆས་སྤྲས། གླུ་ལེན་གར་རྩེད་བྱེད་བཞིན་པཎ་ཆེན་རིན་པོ་ཆེར་བསུ་མ་རྒྱ་ཆེར་མཛད། 
          འདི་ནི་པཎ་ཆེན་མཆོག་ཐེངས་བཞི་པར་མཚོ་སྔོན་དུ་སླེབས་པ་ཡིན་ཞིང་མཚོ་སྔོན་གྱི་ལོ་འདི་གའི་འཕེལ་རྒྱས་སྤྱན་གྱིས་གཟིགས། ཉིན་འདི་གར་པཎ་ཆེན་མཆོག་སྔ་གཞུག་ཏུ་སྐྱེ་རྒུ་དགོན་པ་དང་།  དགོན་གསར་དགོན་པ།  སྐུ་འབུམ་དགོན་པ། མཚོ་སྔོན་པོ། ཚྭ་ཁ། ན་གོར་མོ་སོགས་ལ་ཕེབས་ནས་ཆོས་ལུགས་བྱ་འགུལ་སྤེལ་བ་དང་། རབ་བྱུང་འདུས་སྡེར་གཟིགས་པ།  ཚོགས་འདོན་དབུ་འཛིན་མཛད་པ། དཔེ་ཁྲིད་ལུང་བཤད་གནང་བ་བཅས་སེར་སྐྱ་དད་ལྡན་ཕོ་མོར་བཀའ་ཆོས་གསུང་ཞིང་ཕྱག་དབང་བསྐུར།  མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་ཕེབས་ནས་མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་ཕྱོགས་ཀྱི་འཐུས་ཚབ་པ་རྣམ་ལ་བཞུགས་མོལ་གནང་།  པཎ་ཆེན་རིན་པོ་ཆེ་ལགས་ཀྱིས་མཚོ་སྔོན་ཞིང་ཆེན་ནས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ལག་བསྟར་དང་།  དགོན་པ་དོ་དམ་བྱེད་པའི་ཐབས་གསར་མཐོར་འདེགས། བོད་བརྒྱུད་ནང་བསྟན་གྱི་ཤེས་ལྡན་མི་སྣ་བསྐྱེད་བསྲིང་སོགས་ཀྱི་ཐད་ལ་འབད་བརྩོན་བྱས་པ་དང་དེར་གྲུབ་འབྲས་ཀྱང་མི་དམན་པ་ཐོབ་ཡོད་པ་སེམས་ནས་དགའ། མཚོ་སྔོན་གྱི་བྱ་གཞག་སོ་སོར་འཕེལ་རྒྱས་ཡར་ངོའི་ཟླ་ལྟར་འགྲོ་བའི་སྨོན་འདུན་ཞུས་ཞེས་གསུངས། 
          ཆོས་ལུགས་བྱེད་སྒོར་ཞུགས། གཟི་བྱིན་ལུས་ལ་འཁྱིལ། སེར་སྐྱ་ཕོ་མོས་དད།
          ཐེངས་འདིའི་རྟོག་དཔྱོད་ལམ་ཁར་ཆོས་ལུགས་བྱེད་སྒོ་ཧ་ཅང་མང་།  སྐྱེ་རྒུ་དགོན་པ་དང་། དགོན་སར་དགོན་པ། སྐུ་འབུམ་དགོན་པ་སོགས་སུ་གཞི་རྒྱ་ཆེ་བའི་ཆོས་ལུགས་བྱེད་སྒོ་སྤེལ།  འབྲི་སྟོད་རྫོང་རྒན་གསོ་ཁང་དང་། མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་། མཚོ་སྔོན་པོའི་མཆོད་སྟེགས། ཚྭ་ཁ་སོགས་ལ་རྟོག་དཔྱོད་གནང་སྐབས་སྨོན་ལམ་དང་བཀའ་ཆོས་གསུངས། བྱེད་སྒོ་སྣ་ཚོགས་ཀྱི་ཁྲོད་དུ་པཎ་ཆེན་རིན་པོ་ཆེ་ཉིད་ཆོས་ལུགས་དབུ་ཁྲིད་ཆེན་མོ་ཞིག་གི་ཉམས་དོད་པོ་མཆིས། དགོན་སྡེ་དང་རྟོག་དཔྱོད་ས་གནས་སོ་སོ་རུ་སེམས་ཞིབ་མོས་གྲ་སྒྲིག་བྱས་པའི་སྐྱེལ་བསུ་བྱེད་མཁན་ཡོད་ལ། བཞུགས་ཁྲིར་བཞུགས་པ་དང་།  ཚོགས་ཆོས་འདོན་པ། བཀའ་ཆོས་གསུང་བ། གྱེས་བྲལ་གནང་བ། ཕྱག་དབང་བསྐུར་བ། གྱེས་བརྡ་གཏོང་བ་སོགས་གང་ཡིན་ཡང་པཎ་ཆེན་རིན་པོ་ཆེས་ནང་བསྟན་གྱི་ཕྱག་སྲོལ་ལྟར་འགྲོ་བཞིན་ཡོད། ཕྱག་ལེན་འདི་ལས་ཁོང་གི་ཁ་ཞེ་གཉིས་མེད་ཀྱི་མི་གཤིས་དང་། རྟོག་པའི་ཚད། སྙིང་རྗེའི་ཚད་བཅས་མངོན་ཐུབ་ལ། བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་བླ་ཆེན་ཡིན་པའི་སྣང་བརྙན་བརྗིད་པོ་བཞེངས་བསྐྲུན་བྱས་ནས་འགྲོ་བའི་བློ་སྣ་ཆོས་ཀྱིས་འགུག་པའི་སྒྲུབ་སྦྱོང་བྱེད་སྟངས་ཀྱང་བསྟན། འདི་དག་གིས་དམ་པའི་ཆོས་སུ་དོན་གཉིས་ཕུན་སུམ་ཚོགས་པའི་བློ་སྦྱོང་བྱེད་དགོས་པ་དེ་ལའང་རྔོ་ཐོགས་པ་ཡིན། རྟོག་དཔྱོད་ཀྱི་ས་ཆ་རེ་རེར་སླེབས་ཚེ། ས་དེ་གའི་མང་ཚོགས་རྣམས་ཀྱིས་ཆོས་ལུགས་ཀྱི་གུས་སྲོལ་དང་མི་རིགས་ཀྱི་གོམས་སྲོལ་ལྟར་པཎ་ཆེན་རིན་པོ་ཆེ་བཅིབས་བསུ་གནང་ཞིང་པཎ་ཆེན་རིན་པོ་ཆེས་གྲྭ་པ་རྣམས་ལ་དབུ་ཁྲིད་ནས་སྨོན་ལམ་གསུངས། དེའི་ནང་དོན་ནི་འཛམ་གླིང་ཞི་བདེ་དང་། རྒྱལ་བརྟན་དམངས་བདེ། འབྲུ་སྣ་ལོ་ལེགས། འགྲོ་རྣམས་བདེ་སྐྱིད་བཅས་ཡིན།  
          རྟོག་དཔྱོད་བྱ་འགུལ་ནང་། དགའ་ཕྱོགས་མང་ན་ཡང་། དངོས་ཡོད་གཙོ་བོར་སེམས།  
          རྟོག་དཔྱོད་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་གནང་རྒྱུ་དེ་ནི་པཎ་ཆེན་ལགས་ཐེངས་འདིར་སྐོར་སྐྱོད་བྱེད་པའི་ནང་དོན་གཙོ་བོ་ཞིག་ཡིན། ཡུལ་ཤུལ་གྱི་དེང་རབས་རི་བོའི་ལྗོངས་གཟིགས་སྟེགས་བུ་ནས་པཎ་ཆེན་རིན་པོ་ཆེས་ཡུལ་ཤུལ་བསྐྱར་འཛུགས་བྱས་ནས་ལོ་ངོ་བདུན་འགོར་རྗེས་ཀྱི་རྣམ་པ་མཐོང་བ་སྟེ།  གཞུང་ལམ་རྒྱ་ཆེ་བ་དང་ཁང་པར་བོད་ཀྱི་ཁྱད་ཆོས་ཀུན་ནས་འཛོམས་པ་ཚར་དུ་དངར་བས།  པཎ་ཆེན་རིན་པོ་ཆེའི་ཐུགས་དགོངས་སུ་ཏང་དང་སྲིད་གཞུང་གི་དབུ་ཁྲིད་འོག་ཡུལ་ཤུལ་མི་དམངས་ཀུན་སེམས་ཀྱི་ཆུ་བོ་གཅིག་ཏུ་འདྲེས་ཤིང་དཀའ་བ་ཐམས་ཅད་ཁྱད་དུ་བསད་ནས་མཛེས་སྡུག་ལྡན་པའི་བོད་རིགས་ཀྱི་དེང་རབས་གྲོང་ཁྱེར་གསར་པ་ཞིག་ཁ་བའི་ལྗོངས་སུ་བཙུགས་པ་གྲུབ་འབྲས་ཆེའོ་སྙམ།
          ཡུལ་ཤུལ་ཁུལ་རྟེན་རྫས་བཤམས་མཛོད་ཁང་དུ་པཎ་ཆེན་རིན་པོ་ཆེས་ཨ་ཆེན་གངས་རྒྱབ་འཛམ་གླིང་རང་བྱུང་ཤུལ་བཞག་གི་གྲས་སུ་སྙན་ཞུ་བྱས་པ་ཆོག་མཆན་ཐོབ་པར་རྟེན་འབྲེལ་ཞུས་པ་མ་ཟད་ཡུལ་ཤུལ་ཁུལ་གྱི་དངོས་པོའི་རིག་གནས་དང་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་ས་འགུལ་གནོད་འགོག་གི་སྐོར་ལ་གཟིགས་འདོད་ཆེ་བའི་བསམ་ཚུལ་བསྟན། 
          མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་དུ་མཆིས་པའི་མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་པཎ་ཆེན་རིན་པོ་ཆེས་ནང་བསྟན་སློབ་གླིང་ཕྱག་བཏབ་པའི་བརྒྱུད་རིམ་དང་སློབ་གསོའི་རྣམ་པ་ལ་རྒྱུས་ལོན་ཞིབ་མོར་གནང་།   ནང་བསྟན་སློབ་གླིང་གི་སློབ་ཁྲིད་ཀྱི་ཁྱད་ཆོས་ནི་དཔེ་ཁྲིད་དང་ཆོས་རྩོད་གཉིས་ཟུང་འབྲེལ་ཡིན་པ་མཁྱེན་འཕྲལ་པཎ་ཆེན་ལགས་ཀྱིས་གཟེངས་བསྟོད་བྱས་པ་མ་ཟད། དཔེ་ཁྲིད་བྱེད་པའི་བརྒྱུད་རིམ་ཁྲོད་དུ་ནང་བསྟན་སློབ་གླིང་གི་སློབ་མ་རྣམས་ཀྱི་ལྟ་རྒྱ་ཐོས་རྒྱ་ཆེ་རུ་བསྐྱེད་དགོས་པའི་རེ་བ་བཏོན།  དེ་ཡང་བསྟན་བཅོས་ལ་བསླབ་པ་སློབ་གཉེར་བྱེད་དགོས་པ་ལས་གཞན་ད་དུང་མིག་གིས་འཛམ་གླིང་དང་།  མ་འོངས་པ། དངོས་ཡོད་བཅས་ལ་བལྟ་བཞིན་ཚན་རིག་ཤེས་བྱ་སྣ་ཚོགས་ཀྱང་སྦྱངས་དགོས།  ཆོས་ལུགས་གཞན་པའི་འཕེལ་རིམ་དང་དེའི་གཞུང་ལུགས། རྒྱལ་སྤྱིའི་ཆབ་སྲིད་དཔལ་འབྱོར་གནས་བབ་བཅས་ལ་རྒྱུས་ལོན་བྱས་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་བྱ་བ་བསྒྲུབ་བཞིན་འཇོན་ཐང་ངོ་མ་ཡོད་པའི་དུས་རབས་གསར་བའི་རབ་བྱུང་བ་ཡོན་ཏན་ཅན་ཞིག་བྱེད་དགོས་ཞེས་གསུངས། 
          ན་གོར་མོ་ནས་པཎ་ཆེན་ལགས་དམག་སྤྱི་མུའུ་ཧྲིན་ཀྲུང་ལགས་ཀྱི་རྗེས་དྲན་ཁང་དུ་གཟིགས་སྐོར་དུ་ཕྱིན། མི་རབས་སྔ་མའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་རྣམས་ས་འཐབ་གནམ་འཐབ་གང་ཡང་བྱེད་ཐུབ་པའི་གསར་བརྗེ་དཔའ་བོའི་རིང་ལུགས་ཀྱིས་སེམས་འགུལ་ཐེབས།  པཎ་ཆེན་ལགས་ཀྱིས་མུའུ་ཧྲིན་ཀྲུང་ལགས་ཀྱི་སྡོད་གནས་དང་འཚོ་བའི་ཡོ་བྱད་རྣམས་གཟིགས་རྗེས་ན་གོར་མོའི་མི་རབས་དང་པོ་རྣམས་ཀྱི་འཚོ་བ་ཧ་ཅང་ངན་ངོན་ཡིན་ཡང་བློ་རྩ་ཞུམ་མེད་ཡིན་པས་ཐུགས་སེམས་གཡོས། པཎ་ཆེན་སྐུ་ཕྲེང་རིམ་བྱོན་དང་ན་གོར་མོ་གཉིས་བར་ལས་འཕྲོ་མི་ཟད་པ་ཞིག་ཡོད་པ་དང་། ན་གོར་བའི་མ་འོངས་འཕེལ་རྒྱས་སྔར་བས་ལེགས་ཤིང་། བོད་ལྗོངས་དང་། མཚོ་སྔོན། མེས་རྒྱལ་ནང་ལོག་བཅས་དབར་གྱི་དཔལ་འབྱོར་རིག་གནས་བརྗེ་རེས་ཀྱི་གར་སྟེགས་འཛུགས་སྐྲུན་བྱེད་པར་བྱས་རྗེས་སྔར་བས་ཆེན་པོ་འཇོག་དགོས་པར་གསུངས།
          གསུང་བཤད་གནང་བ།  མཁྱེན་རླབས་ཆེ་བ།  བུམ་དབང་བསྐུར་བ། 
          ཐེངས་འདིའི་མཚོ་སྔོན་རྟོག་དཔྱོད་བྱ་འགུལ་ཁྲོད་དུ་པཎ་ཆེན་ལགས་ཚོགས་འདུ་སོགས་བྱེད་སྒོ་ཇི་སྙེད་ཅིག་ལ་ཞུགས་ནས་གསུང་བཤད་གནང་།   སྐལ་བཟང་གིས་མཉམ་འཇོག་གནང་བ་ལྟར་ན་གསུང་བཤད་འདི་དག་ལ་ཕལ་ཆེར་སྐབས་འཕྲལ་ཐུགས་ལ་ཤར་བ་ལྟར་གསུངས་པ་ཡིན་པ་ལས་སྔོན་ལ་གྲ་སྒྲིག་ཡི་གེ་སོགས་ཅི་ཡང་མེད་ཀྱང་དེ་ལ་གཏན་ཚིགས་བརྟན་ཞིང་ནང་དོན་ཟབ་ལ་བརྗོད་སྟངས་དག་པ་དང་རྒྱ་བོད་སྐད་ལ་བྱང་བ་བཅས་ཡིན་ཕྱིར་མི་རྣམས་ཀྱིས་པཎ་ཆེན་རིན་པོ་ཆེ་མཁྱེན་རླབས་ཆེ་ཞིང་གསུང་བཤད་གནང་མཁས་པའི་འཇོན་ཐང་ལ་ཡིད་སྨོན་འཆོར།  པཎ་ཆེན་ལགས་ཀྱི་གསུང་བཤད་ནང་དུ་བསམ་གཞིགས་ཀྱི་དྲི་བ་དང་བདེན་པའི་ལེགས་བཤད་གཉིས་ཀ་ཡོད་པས་མི་རྣམས་ལ་ཕན་པ་ཆེན་པོ་ཐོགས།  ཡུལ་ཤུལ་ཁུལ་ཨུས་པཎ་ཆེན་བསུ་མ་བྱེད་པའི་མཛད་སྒོ་སྟེང་ནས་པཎ་ཆེན་ལགས་ཀྱིས་བསྟན་དོན། “ཐེངས་འདིའི་མཚོ་སྔོན་རྟོག་དཔྱོད་ཁྲོད་ཀྱི་འབབ་ཚིགས་དང་པོར་ཡུལ་ཤུལ་དུ་སླེབས་པ་སྙིང་ནས་དགའ། ཡུལ་ཤུལ་དང་པཎ་ཆེན་སྐུ་ཕྲེང་རིམ་བྱོན་བར་ལས་འཕྲོ་ཁྱད་པར་བ་ཡོད།   པཎ་ཆེན་སྐུ་ཕྲེང་དགུ་པ་ནས་ད་ལྟའི་བར་དུ་ཐེངས་འགའ་ཞིག་ཡུལ་ཤུལ་ལ་སླེབས་པ་དང་ལྷག་པར་དུ་ཡུལ་ཤུལ་ལ་ས་འགུལ་བྱུང་རྗེས་རྒྱལ་ཡོངས་རིགས་སོ་སོའི་སྤུན་ཟླ་རྣམས་ཀྱི་སེམས་ཁྲལ་གནང་བཞིན་ཡོད་ལ། ཡུལ་ཤུལ་ས་འགུལ་གནོད་འཚེའི་རྗེས་སུ་བསྐྱར་འཛུགས་བྱས་པར་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་པ་དང་། མང་ཚོགས་རྣམས་ཀྱང་ས་འགུལ་གྱི་གནོད་འཚེས་བཟོས་པའི་སེམས་ཀྱི་རྨ་ཁ་ཁད་ཀྱིས་སོས། མཛེས་སྡུག་ལྡན་པའི་ཕ་ཡུལ་བསྐྱར་འཛུགས་བྱས། བདག་གི་བསམ་པར་འདི་ནི་རླབས་ཆེ་བའི་མེས་རྒྱལ་གྱི་རྒྱབ་རོགས་ལ་ཁ་བྲལ་དུ་མེད་ལ། རྒྱལ་ཡོངས་མི་གྲངས་དུང་ཕྱུར་༡༣གྱི་མི་དམངས་སྤུན་ལྟར་བརྩེ་འདང་ཟབ་པ་ལའང་ཁ་བྲལ་དུ་མེད་སྙམ།”
△མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་ནས་པཎ་ཆེན་མཚོ་སྔོན་དུ་སླེབས་པའི་བཞུགས་མོལ་ཚོགས་འདུ་འཚོགས།
          མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་པཎ་ཆེན་མཚོ་སྔོན་དུ་སླེབས་པའི་བཞུགས་མོལ་ཚོགས་འདུ་བསྡུས་པར་པཎ་ཆེན་ལགས་ཀྱིས་“བདག་མཚོ་སྔོན་དུ་སླེབས་སྐབས་ཁྱིམ་དུ་ལོག་པ་ལྟ་བུའི་ཚོར་སྣང་ཞིག་སྐྱེས་འོངས།  མཚོ་སྔོན་དང་པཎ་ཆེན་སྐུ་ཕྲེང་རིམ་བྱོན་དབར་ལས་འཕྲོ་མི་ཟད་པ་ཞིག་ཡོད་པ་དང་།  ལྷག་པར་དུ་པཎ་ཆེན་སྐུ་ཕྲེང་དགུ་པ་མཚོ་སྔོན་ནས་དགོངས་པ་ཆོས་དབྱིངས་སུ་འཐིམས་པ་དང་པཎ་ཆེན་སྐུ་ཕྲེང་བཅུ་པའང་མཚོ་སྔོན་ནས་འཁྲུངས་པ་རེད། ང་ཚོས་ལོ་རྒྱུས་ལ་ཕྱིར་མིག་འཕེན་སྐབས་བོད་བརྒྱུད་ནང་བསྟན་གྱི་དཀྱོགས་མཚམས་གལ་ཆེན་རྣམས་སུ་མཚོ་སྔོན་གྱི་མིའི་གཟུགས་བརྙན་མཐོང་ཐུབ།  མཚོ་སྔོན་ནས་སླེབས་པའི་བླ་ཆེན་པོ་གང་དེས་བསྟན་པ་དག་ཐེར་གནང་ནས་ད་ལྟའི་བར་དུ་ཡང་དག་པའི་ལམ་དུ་བསྲིངས།  ལྷག་པར་དུ་རྗེ་ཙོང་ཁ་པ་ཆེན་མོས་བོད་བརྒྱུད་ནང་བསྟན་གཞུང་གི་གནད་རྣམས་སེལ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བྱམས་དང་སྙིང་རྗེ་ཐུགས་ལ་སྒོམ་ནས་འགྲོ་བ་སེམས་ཅན་ཡོངས་སུ་སྒྲོལ་བའི་མཛད་པ་བསྐྱངས། གཞན་ཡང་བོད་བརྒྱུད་ནང་བསྟན་གྱི་དཀྱོགས་མཚམས་གལ་ཆེན་ཞིག་ནི་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་བསྐྲུན། པཎ་ཆེན་སྐུ་ཕྲེང་བཅུ་པས་ད་ལྟའི་བོད་བརྒྱུད་ནང་བསྟན་གྱི་འཕེལ་རྒྱས་དེར་བསྟན་པ་ཡང་དར་ཞེས་འབོད་ཅིང་། བོད་བརྒྱུད་ནང་བསྟན་ལ་བསྟན་པ་སྔ་དར་དང་ཕྱི་དར་ཞེས་ཡོད། བསྟན་པ་སྔ་དར་ནི་བོད་བརྒྱུད་ནང་བསྟན་དེ་བྲན་གཡོག་སྤྱི་ཚོགས་དང་ཟུང་དུ་འབྲེལ་བའི་སྐབས་དེར་ཡིན་ཞིང་། བསྟན་པ་ཕྱི་དར་ནི་བོད་བརྒྱུད་ནང་བསྟན་དེ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ལ་ཟུང་དུ་འབྲེལ་བའི་སྐབས་ཡིན། དེང་སང་ལོ་རྒྱུས་དུས་སྐབས་གསར་པ་སྟེ་བསྟན་པ་ཡང་དར་ནི་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་ཟུང་དུ་འབྲེལ་བའི་སྐབས་ཡིན། མིག་སྔར་རྒྱལ་གཅེས་ཆོས་གཅེས་ཀྱི་བོད་བརྒྱུད་ནང་བསྟན་རབ་བྱུང་བ་རྣམས་ཀྱིས་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་ཕན་ཚུན་འཚམ་པར་བྱས་ནས་སྤྱི་ཚོགས་ཞི་མཐུན་དང་དཔལ་འབྱོར་འཕེལ་རྒྱས་ལ་འབད་བརྩོན་བྱེད་དགོས།”
△པཎ་ཆེན་ལགས་ཀྱིས་མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་དཔེ་ཁྲིད་གནང་། 
          མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་དཔེ་ཁྲིད་གནང་སྐབས་པཎ་ཆེན་ལགས་ཀྱིས་གསུང་དོན། “བོད་བརྒྱུད་ནང་བསྟན་ནི་ཡོན་རྒྱལ་རབས་དུས་སྐབས་ནས་ཀྲུང་དབྱང་སྲིད་དབང་ལ་འབྲེལ་བ་དང་ཁོངས་གཏོགས་འབྲེལ་བ་ཇེ་ཟབ་ཏུ་བཏང་བ་དང་། མིང་དང་ཆིང་རྒྱལ་རབས་སྐབས་སུ་སླེབས་ཚེ་བོད་བརྒྱུད་ནང་བསྟན་དང་ཀྲུང་དབྱང་སྲིད་དབང་བར་གྱི་ཁོངས་གཏོགས་འབྲེལ་བ་སྔར་བས་ཇེ་ཟབ་ཏུ་བཏང་།  བོད་བརྒྱུད་ནང་བསྟན་གྱི་རབ་བྱུང་བ་རྣམས་ཀྱིས་སྲོལ་རྒྱུན་འདི་རྒྱུན་འཛིན་སྒོས་དུས་སྐབས་གསར་བའི་ནང་དུ་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འཚམ་པོར་ཡོང་བར་སྐུལ་འདེད་བྱེད་དགོས།   སློབ་གཉེར་གྱི་གོ་སྐབས་དམ་འཛིན་གྱིས་ཆོས་སྒོར་ཐོས་བསམ་རྣམ་དག་བྱེད་པ། ཤེས་བྱ་སྣ་མང་ལ་སྦྱོང་བ་བྱས་ནས་སྤྱི་ཚོགས་དང་མི་དམངས་ལ་ཕན་ཐོགས་ཡོད་པའི་རབ་བྱུང་བ་ཞིག་བྱེད་དགོས་ལ། དད་ལྡན་མང་ཚོགས་སྐུལ་ཁྲིད་སྒོས་རྒྱལ་ཁབ་དར་རྒྱས་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་ཞི་མཐུན་བཅས་ཀྱི་ཐད་བྱས་རྗེས་ཆེན་པོ་འཇོག་དགོས།”
△པཎ་ཆེན་ལགས་ཀྱིས་མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་རྟོག་དཔྱོད་གནང་།
          མང་ཚོགས་ཁྲོད་དུ་ཟབ་ཞུགས་གནང་།  བྱམས་དང་སྙིང་རྗེས་ཐུགས་རྒྱུད་ཕྱུག  འགྲོ་བ་སེམས་ཅན་ཡོངས་ལ་སེམས།
△པཎ་ཆེན་ལགས་ཀྱིས་དད་ལྡན་མང་ཚོགས་ལ་ཕྱག་དབང་བསྐུར་བཞིན་པ།
          ཟླ་༧པའི་ཚེས་༡༩ཉིན་པཎ་ཆེན་ལགས་ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་དགོན་གསར་དགོན་པར་ཆོས་ལུགས་ཆོ་ག་སྤེལ་ཚར་རྗེས། ཉིན་གུང་དགོན་པའི་མདུན་ཕྱོགས་ཀྱི་བཀྲ་ཤིས་ཐང་ལ་སླེབས་ནས་དད་ལྡན་མང་ཚོགས་རྣམས་ལ་ཕྱག་དབང་བསྐུར།  སྔར་གྱི་འཆར་གཞི་ལྟར་ན་པཎ་ཆེན་ལགས་ཀྱིས་དད་ལྡན་མང་ཚོགས་བཀའ་ཆོས་གསུངས་པ་དང་ཕྱག་དབང་བསྐུར་བ་དེ་ཕྱི་དྲོའི་དུས་ཚོད་༦པར་མཇུག་རྫོགས་དགོས་ཀྱང་དོན་དངོས་སུ་ཚེ་དབང་སྨོན་ལམ་བསྐུར་ཚར་རྗེས་ཕྱི་དྲོའི་ཆུ་ཚོད་༣པ་ཟིན་ཅིང་དེ་ནས་དད་ལྡན་མང་ཚོགས་ཁྲི་༢ཙམ་ལ་རེ་རེ་བཞིན་ཕྱག་དབང་བསྐུར་བས་དགུང་མོའི་ཆུ་ཚོད་༩པར་ཟིན་པས་ཉིན་དེར་བྱ་འགུལ་དུས་ཚོད་༨རིང་སྤེལ།  པཎ་ཆེན་ལགས་ཀྱིས་དབང་གསུང་བ་དང་ཕྱག་དབང་བསྐུར་བའི་ཆོ་གའི་ཁྲོད་དུ་སྐད་ཆ་ཚིག་གཅིག་ཡང་ཡང་གསུངས་པ་སྟེ། “བདག་གིས་ཁྱེད་རྣམ་པར་སྨོན་ལམ་བརྒྱབ་ཡོད། ཁྱེད་རྣམས་ཚེ་ཚེ་རབས་རབས་སུ་ནད་མེད་བདེ་སྐྱིད་ལྡན་པར་སྨོན”ཞེས་གསུངས།
△པཎ་ཆེན་ལགས་འབྲི་སྟོད་རྫོང་བདེ་སྐྱིད་རྒན་གསོ་ཁང་གི་རྒན་རབས་པ་རྣམ་པར་ཕྱག་དབང་བསྐུར། 
          མཚན་མོའི་དུས་སུ་པཎ་ཆེན་ལགས་འབྲི་སྟོད་རྫོང་བདེ་སྐྱིད་རྒན་གསོ་ཁང་དུ་ཕྱིན་ནས་དེ་གར་སྔ་མོ་ནས་ངང་སྒུག་བྱས་པའི་རྒན་རྒོན་རྣམས་ལ་རེ་རེ་བཞིན་ཕྱག་དབང་བསྐུར་ནས་སྨོན་ལམ་གསུངས། དེའི་རྗེས་ཀྱི་བྱ་འགུལ་ནང་དུའང་དད་ལྡན་མང་ཚོགས་རྣམས་ལམ་འགྲམ་དུ་སྒུག་པ་མཐོང་ཚེ་རང་ཉིད་བྲེལ་བ་ཇི་ལྟར་ཆེ་ཡང་དཀའ་ཚེགས་ཇི་ལྟར་ཆེ་རུང་མི་གྲངས་ཇི་ཙམ་མང་རུང་པཎ་ཆེན་ལགས་དེ་རུ་བསྡད་ནས་རེ་རེ་བཞིན་ཕྱག་དབང་བསྐུར་ཏེ་དད་ལྡན་མང་ཚོགས་ལ་ཐུགས་འཁུར་གནང་། པཎ་ཆེན་ལགས་ཀྱིས་མང་ཚོགས་དང་མཉམ་དུ་བགྲོ་གླེང་བྱེད་པ་ཤིན་ཏུ་མཐོང་ཆེན་གནང་གིན་ཡོད་ལ།  ནད་པ་དང་དབུལ་ཕོངས་ཅན་གྱི་མང་ཚོགས་ལ་འཕྲད་ཚེ་གསོལ་འདེབས་བྱིན་རླབས་ཞུ་བ་དང་དངོས་པོས་རོགས་རམ་ཡང་གནང་།   ཆོས་ལུགས་ཀྱི་བྱ་འགུལ་ཁྲོད་དུ་དད་ལྡན་མང་ཚོགས་རྣམས་ཀྱི་འབུལ་བ་གང་ཡོད་པ་དེ་དག་ཐམས་ཅད་པཎ་ཆེན་ལགས་ཀྱིས་ས་དེ་གའི་དབུལ་ཐར་སྲ་བརྟན་གཏོང་བའི་བྱ་གཞག་ཕྱོགས་ལ་གཏོང་བཞིན་ཡོད་དོ། །
  ལྷག་བསམ་དག་པའི་དད་ལྡན་མང་ཚོགས་ཀྱིས་པཎ་ཆེན་རིན་པོ་ཆེའི་ཕྱག་དབང་ཞུ་བའི་རྣམ་པ།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716