སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
པཎ་ཆེན་རིན་པོ་ཆེ་གཞིས་རྩེར་ཕེབས་ནས་ཆོས་ཕྱོགས་མཛད་སྒོ་སྤེལ་བ་མ་ཟད་རྟོག་ཞིབ་ཀྱང་གནང་བ།
སྤེལ་དུས། 2017-08-08   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  བཟང་མོས་བསྒྱུར།
ཏིང་ཡེ་ཤན་བཞུགས་གནས་སུ་ཕེབས་སྐྱེལ་ཞུ་བར་ཕེབས་པ།
          ཟླ་8ཚེས་1ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་ལྷ་ས་ནས་མེ་འཁོར་ལ་བཞུགས་ཏེ་གཞིས་རྩེར་ཕེབས་ནས་ཆོས་ཕྱོགས་མཛད་སྒོ་སྤེལ་བ་དང་རྟོག་ཞིབ་གནང་ཞིང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཏིང་ཡེ་ཤན་དང་། བསྟན་ཁོ། ཧོ་ཝུན་ཧའོ། ཀྲང་ཞའོ་ཧྭ། སྐལ་བཟང་ཚེ་རིང་། ཀྲང་ཡན་ཆིང་། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་སོགས་བཞུགས་གནས་སུ་ཕེབས་སྐྱེལ་དང་མེ་འཁོར་བབས་ཚུགས་སུ་བསུ་བ་ཞུ་བར་ཕེབས་པ་མ་ཟད། འབྲེལ་ཡོད་མཛད་སྒོ་སྤེལ་སྐབས་ལྷན་དུ་ཕེབས་ཡོད་པ་རེད།
          ཟླ་8ཚེས་1ཉིན་གྱི་སྔ་དྲོ། གཞིས་རྩེར་ཆར་པ་སིམ་སིམ་བབས་པ་དང་རླུང་བུ་སིལ་སིལ་ལྡང་ནས་མཁའ་རླུང་གཙང་ལ་བསིལ་སྣང་ཞིག་བསྟེར། ཉིན་དེའི་ཆུ་ཚོད་11ཡོལ་ཙམ་ལ་པཎ་ཆེན་མཆོག་བཞུགས་པའི་མེ་འཁོར་གཞིས་རྩེ་མེ་འཁོར་བབས་ཚུགས་སུ་དལ་བུར་འབྱོར་བ་དང་། པཎ་ཆེན་མཆོག་ཕེབས་སྒུག་ཞུ་བཞིན་པའི་གཞིས་རྩེ་གྲོང་ཁྱེར་གྱི་འགོ་ཁྲིད་གཙོ་བོས་མེ་འཁོར་བབས་ཚུགས་སུ་པཎ་ཆེན་མཆོག་ལ་སྤྲོ་སེམས་འཁོལ་བའི་བསུ་བ་ཞུས་པ་དང་། མི་རིགས་ཀྱི་གཟབ་མཆོར་ལེགས་པར་སྤྲས་པའི་ན་གཞོན་ཚོས་པཎ་ཆེན་མཆོག་ལ་ཕྱེ་མར་བཏེགས་པ་དང་།
          དགའ་སྤྲོའི་རྣམ་པས་ཁེངས་པའི་ལྷ་མོ་སོགས་སྲོལ་རྒྱུན་གྱི་འཁྲབ་སྟོན་འོག་ས་གནས་ས་ཐོག་ཏུ་མང་ཚོགས་ཀྱི་འཐུས་མི་བརྒྱ་ཕྲག་གིས་པཎ་ཆེན་མཆོག་ཕེབས་སྒུག་ཞུ་བཞིན་མཆིས། པཎ་ཆེན་མཆོག་དང་བཅས་པ་མེ་འཁོར་བབས་ཚུགས་ནས་རླངས་འཁོར་ལ་བཞུགས་ཏེ་གདན་ས་བཀྲ་ཤིས་ལྷུན་པོར་ཕེབས། ཕེབས་ལམ་དུ་ཕར་འགྲོ་ཚུར་འོང་བྱེད་མཁན་མང་ཚོགས་ཚོས་པཎ་ཆེན་མཆོག་ཕེབས་པ་མཐོང་སྐབས་ཞྭ་མོ་ཕུད་ནས་གུས་འདུད་ཞུ་བའམ་ཡང་ན་ཐལ་མོ་སྙིང་ཁར་སྦྱར་ནས་པཎ་ཆེན་རིན་པོ་ཆེ་ཕ་ཡུལ་དང་གདན་སར་ཕེབས་པར་བསུ་བ་ཞུས་པ་རེད།
          པཎ་ཆེན་མཆོག་གི་རླངས་འཁོར་རུ་ཁག་འབྱོར་བ་དང་བསྟུན་ནས་བཀྲ་ཤིས་ལྷུན་པོའི་རྒྱལ་སྒོའི་མདུན་དུ་སྐབས་ཤིག་རིང་དུང་རྒྱ་གླིང་གི་སྒྲ་ལྷང་ལྷང་དུ་གྲགས་པ་དང་དྲི་བསང་གི་དུ་བ་ལང་ལོང་དུ་འཕྱུར་ཞིང་། དགེ་འདུན་པ་ཚོས་ཆོས་ལུགས་ཀྱི་སྲོལ་རྒྱུན་མཛད་སྒོ་གཟབ་ཤོས་སྤེལ་ནས་པཎ་ཆེན་མཆོག་ལ་བསུ་བ་ཞུས། པཎ་ཆེན་མཆོག་བཀྲ་ཤིས་ལྷུན་པོའི་རྒྱལ་སྒོའི་མདུན་དུ་རླངས་འཁོར་ནས་བབས་རྗེས་སེར་སྐྱ་མང་ཚོགས་ཀྱི་དགའ་བསུའི་ཁྲོད་རྡོ་གཅལ་བརྒྱུད་འདུ་ཁང་དུ་དལ་བུར་ཕེབས། འདུ་ཁང་དུ་པཎ་ཆེན་མཆོག་གིས་ཇོ་བོ་ཤཱཀྱ་མུ་ནེ་དང་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དགེ་ལུགས་པའི་སྲོལ་གཏོད་མཁན་རྗེ་ཙོང་ཁ་པའི་སྐུ་བརྙན་ལ་མཇལ་ཁ་ཞུས་པ་མ་ཟད། དགེ་འདུན་པ་ཚོ་དང་མཉམ་དུ་ཞལ་འདོན་གནང་རྗེས་གཟིམ་ཆུང་བླ་བྲང་དུ་ཕེབས།
          ཕྱི་དྲོ་བཀྲ་ཤིས་ལྷུན་པོའི་ཉི་འོད་འདུ་ཁང་དུ་པཎ་ཆེན་མཆོག་ཆོས་ཁྲིར་བཞུགས་ནས་བཀྲ་ཤིས་ལྷུན་པོའི་དོ་དམ་ཨུ་ཡོན་ལྷན་ཁང་གི་དགེ་འདུན་པའི་ཁོངས་མི་དང་བླ་མ་སྐྱེས་ཆེན་ཚོར་ལྷག་བསམ་རྣམ་དག་ངང་མཇལ་ཁ་གནང་བ་དང་། པཎ་ཆེན་མཆོག་གིས་ཁོང་ཚོར་ཕྱག་དབང་གནང་ནས་བདེ་བ་བསྩལ་བ་དང་མཇལ་མདུད་གནང་བ་མ་ཟད། བླ་མ་སྐྱེས་ཆེན་ཚོའི་སྣེ་ཁྲིད་དེ་ཞལ་འདོན་གནང་ནས་གསོལ་བ་སྨོན་ལམ་བཏབ་པ་རེད།
          ལྷ་སར་བཞུགས་རིང་པཎ་ཆེན་མཆོག་གཙུག་ལག་ཁང་དུ་ཕེབས་ཏེ་རྟེན་མཇལ་ཕྱག་མཆོད་མཛད་སྒོ་སྤེལ་བ་ལས་པཎ་ཆེན་མཆོག་གིས་བོད་དུ་ཆོས་ཕྱོགས་ཀྱི་མཛད་སྒོ་མང་དག་ཅིག་སྤེལ་འགོ་བཙུགས་པ་མཚོན་གྱི་ཡོད། གཙུག་ལག་ཁང་དུ་པཎ་ཆེན་མཆོག་ཕེབས་སྒུག་ཞུ་བཞིན་པའི་དགོན་པའི་སེར་སྦྲེངས་བསྒྲིགས་པའི་དགེ་འདུན་པ་ཚོས་པཎ་ཆེན་མཆོག་ཕེབས་པ་དང་བསྟུན་ནས་དུང་རྒྱ་གླིང་དཀྲོལ་བ་མ་ཟད། ཆོས་ལུགས་ཀྱི་ཆོ་ག་གཞིར་བཟུང་ཕྱག་ཏུ་ཆོས་ཆས་དང་། བསང་ཕོར། མཇལ་དར་བཅས་ཁྱེར་ནས་བོད་བརྒྱུད་ནང་བསྟན་གྱི་གུས་ལུགས་ཞུ་སྟངས་གཟབ་ཤོས་ཀྱིས་པཎ་ཆེན་མཆོག་ཕེབས་པར་བསུ་བ་ཞུ་བཞིན་མཆིས།
          དགེ་འདུན་པ་ཚོའི་ཞལ་འདོན་གྱི་སྒྲ་ལྷང་ལྷང་དུ་གྲགས་པ་དང་བསྟུན་ནས་དགེ་འདུན་པའི་སྣེ་ཁྲིད་འོག་པཎ་ཆེན་མཆོག་གིས་གཙུག་ལག་ཁང་གི་འདུ་ཁང་དུ་ལྷ་ཁང་ཁག་གི་རྟེན་གཙོ་མཇལ་བ་མ་ཟད་ཞལ་འདོན་ཡང་གནང་བ་དང་། སྐུ་བརྙན་ལ་མཇལ་དར་ཕུལ་བ་དང་། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་དང་ཇོ་བོ་ཤཱཀྱ་མུ་ནེ་དགུང་ལོ་12ལ་ཕེབས་པའི་སྐུ་བརྙན་གྱི་མདུན་དུ་ཕྱག་འཚལ་གནང་བ་རེད། ཆོས་མཇལ་བསྒྲུབས་རྗེས་པཎ་ཆེན་མཆོག་ཁྲིར་བཞུགས་ནས་སྨོན་ལམ་ཚོགས་པ་དང་རྔམ་བརྗིད་ལྡན་པའི་ངང་དགེ་འདུན་པའི་སྣེ་ཁྲིད་དེ་ཞལ་འདོན་གནང་ནས་འཛམ་གླིང་ཞི་བདེ་དང་། རྒྱལ་དར་དམངས་བདེ། བསྟན་པ་དར་ཞིང་རྒྱས་པའི་གསོལ་བ་སྨོན་ལམ་བཏབ་པ་རེད། དེ་རྗེས་པཎ་ཆེན་མཆོག་གིས་གཙུག་ལག་ཁང་གི་དགེ་འདུན་པ་ཚོར་ཕྱག་དབང་གནང་བ་དང་སྐུ་འགྱེད་ཕུལ་བ་མ་ཟད། དགེ་འདུན་པ་ཚོའི་ཞལ་འདོན་དང་ཕེབས་རོགས་འོག་གཙུག་ལག་ཁང་ནས་ག་ལེར་ཆིབས་བསྒྱུར་གནང་བ་རེད།
          བཞུགས་གླིང་རྡོ་རྗེ་ཕོ་བྲང་དུ་པཎ་ཆེན་མཆོག་གིས་ད་དུང་དད་ལྡན་མང་ཚོགས་4000ལྷག་ཙམ་ལ་ཕྱག་དབང་གནང་ཞིང་། དད་ལྡན་མང་ཚོགས་ཚོས་ལག་ཏུ་མཇལ་དར་ཁྱེར་ནས་དད་སེམས་དང་སྤྲོ་སྣང་ཆེན་པོས་པཎ་ཆེན་མཆོག་གི་ཁྲིའི་མདུན་དུ་བཅར་ནས་མཇལ་དར་དང་སྐུ་འགྱེད་ཕུལ་ནས་ཕྱག་དབང་ཞུས་པ་རེད། པཎ་ཆེན་མཆོག་གིས་གནང་བའི་མཇལ་འདུད་དང་སྐུ་པར་བླངས་པ་དང་དད་ལྡན་མང་ཚོགས་མི་ཉུང་བ་ཞིག་གིས་དེ་གར་ཡུན་རིང་བསྡད་ནས་པཎ་ཆེན་མཆོག་ལ་གུས་ཕྱག་འཚལ་ནས་སྐུ་ཚེ་ཡུན་དུ་བརྟན་པའི་གསོལ་བ་སྨོན་ལམ་བཏབ་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716