སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞི་ཅིན་ཕིང་གིས་སི་ཁྲོན་གཟི་ཚྭ་སྡེ་དགུའི་ས་ཡོམ་རིམ་པ་7.0སྐོར་ལ་མཛུབ་སྟོན་གལ་ཆེན་གནང་བ།
སྤེལ་དུས། 2017-08-11   ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་སྒྲིག་པ།  པ་ཚེས་བསྒྱུར།
མྱུར་དུ་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་གེགས་སེལ་བྱེད་པ་དང་ནུས་ཤུགས་ཡོད་རྒུས་རྨས་མ་མྱུར་སྐྱོབ་བྱས་ཏེ་མི་སྣ་འཆི་རྨས་ཉུང་ཤོས་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ།
ལི་ཁེ་ཆང་གིས་ཡོམ་འགོག་གེགས་སེལ་ལས་དོན་ཐད་མཆན་བཀོད་མཛུབ་སྟོན་གནང་བ།
          ཟླ་8ཚེས་8ཉིན་གྱི་ཆུ་ཚོད་21དང་སྐར་མ་19ལ་སི་ཁྲོན་ཞིང་ཆེན་རྔ་པ་ཀྲོའུ་གཟི་ཚྭ་སྡེ་དགུ་རྫོང(བྱང་གི་འཕྲེད་ཐིག་ཏུའུ་33.2དང་ཤར་གྱི་གཞུང་ཐིག་ཏུའུ་103.82) དུ་ས་ཡོམ་རིམ་པ་7.0བརྒྱབ་པ་དང་། ཡོམ་ཁུངས་གཏིང་ཚད་སྤྱི་ལེ་20ཡིན་པ་རེད། ཟླ་8ཚེས་8ཉིན་གྱི་ཆུ་ཚོད་23དང་སྐར་མ་30བར་ས་ཡོམ་གནོད་འཚེས་མི་19རྐྱེན་ལམ་དུ་ཤོར་བ་དང་། མི་སུམ་བརྒྱ་ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད།
          ས་ཡོམ་བརྒྱབ་རྗེས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་དེའི་ཐད་ཚད་མཐོའི་མཐོང་ཆེན་གནང་ནས་འཕྲལ་མ་ཉིད་དུ་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས་གཟི་ཚྭ་སྡེ་དགུའི་ས་ཡོམ་རིམ་པ་7.0གྱི་གནོད་འཚེའི་གནས་ཚུལ་དུས་ཚོད་དམ་འཛིན་གྱིས་ཤེས་རྟོགས་བྱས་ཏེ་འཕྲལ་དུ་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་གེགས་སེལ་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་རྨས་མ་མྱུར་སྐྱོབ་བྱེད་པ། ཡུལ་སྐོར་བ་དང་གནོད་འཚེ་ཕོག་པའི་མང་ཚོགས་ཁ་འགྲེམས་པ་བཅས་བྱས་ནས་མི་སྣ་འཆི་རྨས་ཉུང་ཤོས་ཡོང་བ་བྱེད་དགོས། མིག་སྔར་ཆུ་རྒྱས་པའི་དུས་ཡིན་ལ་ཡུལ་སྐོར་བྱེད་མང་བའི་ནམ་དུས་ཀྱང་ཡིན་པས་གནམ་གཤིས་ཀྱི་སྔོན་ཚུད་ཉེན་བརྡ་གཏོང་བ་དང་ས་གཤིས་ལྟ་ཞིབ་ཚད་ལེན་ལ་སྔར་བས་ཤུགས་སྣོན་གྱིས་གནོད་འཚེ་སྣ་ཚོགས་ལ་དོགས་ཟོན་དམ་ཟབ་བྱེད་པ་དང་ཡོམ་འགོག་གེགས་སེལ་གྱི་ལས་དོན་ཁག་ལེགས་པར་བསྒྲུབས་ཏེ་འབད་བརྩོན་ཆེན་པོས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས་གནོད་འཚེའི་གནས་ཚུལ་དུས་ཚོད་དམ་འཛིན་གྱིས་ཞིབ་བསྡུར་བྱེད་པ་དང་ནུས་ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་ལས་དོན་སྒྲིག་འཛུགས་བྱས་ནས་མི་སྣ་འཆི་རྨས་ཉུང་ཤོས་ཡོང་བ་བྱས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་བཀོད་སྒྲིག་འོས་འཚམ་བྱེད་དགོས། ས་ཡོམ་གྱི་གནས་ཚུལ་ལ་ལྟ་དཔྱད་ཚད་ལེན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཞོར་ཐོན་གནོད་འཚེ་ཐོན་རྒྱུ་སྔོན་འགོག་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
          ཞི་ཅིན་ཕིང་དང་ལི་ཁེ་ཆང་གི་བླང་བྱ་གཞིར་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་གནོད་འཚེ་སྔོན་འགོག་ཉུང་གཏོང་ཨུ་ལྷན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའུ་ལས་གྲུབ་པའི་ལས་དོན་རུ་ཁག་གནོད་འཚེ་ཐོན་ཡུལ་དུ་ཡོམ་འགོག་གེགས་སེལ་ལས་དོན་ལ་མཛུབ་ཁྲིད་བྱེད་པར་མངགས་གཏོང་བྱས་ཡོད་པ་རེད། སི་ཁྲོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོ་གནོད་འཚེ་ཐོན་ཡུལ་དུ་རོགས་སྐྱོབ་ལས་དོན་སྤེལ་བར་བསྐྱོད་ཡོད་པ་རེད། སི་ཁྲོན་ཞིང་ཆེན་དང་རྔ་པ་ཀྲོའུ་ཡིས་རིམ་པ་དང་པོའི་ས་ཡོམ་གྱི་འཕྲལ་སྡོམ་སྔོན་ཇུས་ལག་ལེན་བསྟར་ཡོད་པ་རེད། མིག་སྔར་ཡོམ་འགོག་གེགས་སེལ་ལས་དོན་ཁག་ཛ་དྲག་ཆེ་ལ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716