སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བརྩེ་སེམས་ཡོད་རྒུས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་འཆར་གཞི་གསར་པ་བཀོད།
སྤེལ་དུས། 2017-08-16   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  བསོད་དབང་གིས་བསྒྱུར།
——ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་རང་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་སྒྲིལ་གླེང་།
གོང་གི་པར་ནི་ནམ་མཁའ་སྔོ་ཞིང་དྭངས་བ་དང་རྩྭ་ཆུ་བཟང་བའི་གཞིས་རྩེ་གྲོང་ཁྱེར་གྱི་གཏིང་སྐྱེས་འདམ་ར་ཡིན་པ།
          དུས་ཡུན་རིང་པོའི་ནང་དང་ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་དབྱང་གི་མངག་བཅོལ་བློ་ལ་བརྟན་པོར་བཅངས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་རྦད་དེ་ལྷག་བསམ་རྣམ་དག་བྱེད་པའི་དོན་དངོས་བྱ་སྤྱོད་ཐོག་ནས་བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལེགས་པར་བསྒྲུབས་ཏེ་བློ་བརྟན་འགྱུར་མེད་ངང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པ་དང་། སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ་ནི་གསེར་རི་དངུལ་རི་ཡིན་ལ། གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ཟབ་ཏུ་གཏོང་བ། སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ་བཅས་བྱས་ཏེ་རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་བཞིན་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བྱས་ཡོད་པ་རེད།
          ལམ་ལུགས་ལ་བརྟེན་ནས་སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱས་པ།
          2013ལོར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས《བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་དཔྱད་ཞིབ་བྱ་ཐབས(ཚོད་ལྟའི་ལག་བསྟར)》བཀྲམ་ནས་ལྗོངས་ཡོངས་ཀྱི་རྫོང (ཆུས)སྲིད་གཞུང་74ཡི་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཕྱོགས་ཡོངས་ནས་དཔྱད་ཞིབ་བྱས་པ་རེད། ཁོར་ཡུག་སྲུང་སྐྱོང་གི་དཔྱད་ཞིབ་ནང་དོན་ས་གནས་སྲིད་གཞུང་འགོ་ཁྲིད་ཀྱི“གོ་གནས”དང་འབྲེལ་བ་ཡོད་ལ“ཡོང་འབབ”དང་ཡང་འབྲེལ་བ་ཡོད་པས“ཕྱོགས་སྟོན་དབྱུག་པའི”ནུས་པ་འདོན་སྤེལ་གང་ལེགས་ཐུབ་ཡོད་པ་རེད།
          ཁོར་ཡུག་སྲུང་སྐྱོང་ལ་དཔྱད་ཞིབ་བྱས་པ་བརྒྱུད་ས་གནས་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོང་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་ཐུབ་པ་དང་། སྣོད་བཅུད་འཛུགས་སྐྱོང་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་ཁྲིད་ཐུབ་པ། མི་དམངས་མང་ཚོགས་ཀྱིས་གླེང་མང་བའི་ཁོར་ཡུག་གནད་དོན་ཐག་གཅོད་བྱེད་རྒྱུར་སྐུལ་འདེད་ཐུབ་པ་བཅས་བྱུང་ནས་སྤྱི་ཚོགས་དང་སྤྱི་དམངས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་ནུས་ལྡན་ཕྱིན་ཡོད་པ་རེད།
          ཁྲིམས་བཞིན་བཅོས་སྐྱོང་བྱེད་རྒྱུ་ནི་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་རྩ་བའི་འགན་ལེན་ཞིག་རེད།
          རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པའི་ཆ་ནས་ཁོར་ཡུག་སྲུང་སྐྱོང་གི་རྩེ་རིམ་ཇུས་འགོད་དང་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བོད་ཀྱི་ངོས་ནས་བརྗོད་ཚེ་གལ་འགངས་ཧ་ཅང་ཆེ་བ་ཞིག་རེད།
          ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ལྗོངས་ཀྱིས་སྣོད་བཅུད་ཤེས་དཔལ་ལམ་ལུགས་དང་མ་ལག་འཛུགས་སྐྱོང་འཚོལ་ཞིབ་རྒྱུན་ཆད་མེད་པར་གཏིང་ཟབ་བྱས་ནས་ཁོར་ཡུག་སྲུང་སྐྱོང་ལམ་ལུགས་མ་ལག་སྔར་བས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ《བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་་སྲུང་སྐྱོང་སྲོལ་ཡིག》དང《བོད་རང་སྐྱོང་ལྗོངས་ཀྱི་འདམ་ར་སྲུང་སྐྱོང་སྲོལ་ཡིག》《བོད་རང་སྐྱོང་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལྟ་སྐུལ་དོ་དམ་བྱ་ཐབས》《བོད་རང་སྐྱོང་ལྗོངས་ཀྱི་གཏེར་རྫས་ཐོན་ཁུངས་རྩད་ཞིབ་གསར་སྤེལ་ལྟ་སྐུལ་དོ་དམ་བྱ་ཐབས》སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྲིད་གཞུང་གི་སྒྲིག་སྲོལ་ཁག་30ལྷག་ཙམ་སྔ་རྗེས་སུ་ལག་ལེན་བསྟར་བས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཁྱབ་ཁོངས་ཁག་ཚང་མར་སྤྱིར་ན་ཁྱབ་ཡོད། བཅའ་ཁྲིམས་དང་། ཁྲིམས་སྲོལ། སྲིད་ཇུས། བྱ་ཐབས་བཅས་རབ་དང་རིམ་པ་སྔར་རྗེས་སུ་ལག་ལེན་བསྟར་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་ཆེད་ཁོར་ཡུག་ཁྲིམས་ལུགས་ཀྱི་མ་ལག་བསྐྲུན་ཡོད་ལ་བོད་ལྗོངས་ཀྱིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བར་ཡང་གཞོགས་འདེགས་དམ་ཟབ་ཐུབ་ཡོད་པ་རེད།
          ལྷག་དོན་དུ《བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད》ལག་ལེན་བསྟར་ནས་ལོ་8སོང་ཚུན། རིམ་རྩིས་ལྟར་ན། རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར་84དོན་འཁྱོལ་བྱས་ནས《འཆར་འགོད》ཀྱི་རིགས་ཆེན་པོ་3གྱི་ལས་གྲྭ་ཁག་10ལ་སྐུལ་འདེད་བརྟན་པོ་ཐུབ་ཡོད། 2016ལོར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་སྐྱོང་གི་བྱ་ཐབས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྣེ་ཁྲིད་དང་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་ལྷ་ས་གྲོང་ཁྱེར་གྱི་གནའ་བོའི་གྲོང་ཚོ་སྲུང་སྐྱོང་སྲོལ་ཡིག་དང་། ལྷ་ས་གྲོང་ཁྱེར་གྱི་ཆུ་མཁོ་འདོན་དང་ཆུ་སྤྱོད་སྲོལ་ཡིག གཞིས་རྩེ་གྲོང་ཁྱེར་གྱི་བཀོད་པ་དང་ཁོར་ཡུག་གཙང་སྦྲའི་དོ་དམ་སྲོལ་ཡིག་བཅས་ལ་ཞིབ་བཤེར་བྱས་པ་དང་ཆོག་མཆན་སྤྲད་ནས་ཐོན་ཁུངས་གྲོན་ཆུང་རྣམ་པ་དང་ཁོར་ཡུག་མཐུན་འཕྲོད་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་བྱེད་ཆེད་ཁྲིམས་ལུགས་ཀྱི་འདེགས་སྐྱོར་བྱས་ཡོད་པ་རེད།
          “སྲ་ཞིང་བརྟན་པའི་བོད་ལྗོངས་ས་མཐོའི་རྒྱལ་ཁབ་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བཏོད་ནས་བོད་ཀྱི་སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་བཟང་པོ་ཡོང་བའི་འགན་ལེན་བྱེད་རྒྱུ་ནི་ཀྲུང་དབྱང་གིས་བོད་ལ་གནང་བའི་ལོ་རྒྱུས་ཀྱི་མངགས་བཅོལ་གལ་ཆེན་ཞིག་ཡིན་ལ་དེ་གར་འཚོ་བ་སྐྱེལ་མཁན་མི་རྣམས་ཀྱི་འགན་འཁྲི་ཞིག་ཀྱང་རེད། ང་ཚོས་ངེས་པར་དུ་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་བོད་ལྗོངས་ས་མཐོའི་སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱེད་རྒྱུ་ཡིན”ཞེས་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གི་ཐིང་ཀྲང་གཞོན་པ་ཀྲང་ཐན་ཧྭ་ཡིས་བརྗོད་ཀྱི་འདུག
          མཐའ་ཚད་དང་དམར་ཐིག་ལ་བརྟེན་ནས་སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱས་པ།
          བོད་ལྗོངས་ནི་མཚོ་བོད་ས་མཐོའི་གྲུབ་ཆ་གཙོ་བོ་ཞིག་ཡིན་པ་དང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ཡན་ཟིན་ཞིང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རི་སྐྱེས་རྩི་ཤིང་གི་ཐོན་ཁུངས་དང་། ཆུའི་ཐོན་ཁུངས། གཏེར་རྫས་ཐོན་ཁུངས་བཅས་ཕུན་སུམ་ཚོགས་པོ་ཡོད་མོད། འོན་ཀྱང་ཕྱོགས་གཞན་ཞིག་གི་ངོས་ནས་བརྗོད་ཚེ། རང་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་ཧ་ཅང་ཉམས་ཞན་ཡིན་པས་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་གི་རྒྱབ་ལྗོངས་ཆེན་པོའི་འོག་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ལས་འགན་དཀའ་ཚེགས་ཧ་ཅང་ཆེན་པོ་ཡོད་པ་རེད།
          བོད་ལྗོངས་ལ་གཏེར་རྫས་ཐོན་ཁུངས་ཀྱི་རིན་ཐང་ཉུང་མཐར་ཡང་སྒོར་དུང་ཕྱུར་ཁྲི་1ཡན་ཟིན་པའི་དཔལ་འབྱོར་ཁེ་ཕན་གྱི་མདུན་དུ་བོད་ལྗོངས་ཀྱིས་ཁོར་ཡུག་ལ་གཏོར་སྐྱོན་གཏོང་རྒྱུ་རིན་དོད་དུ་བྱས་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་མཐའ་གཅིག་ཏུ་བཀག་འགོག་བྱས་ཡོད་པ་རེད།
          ད་ཕན་ལོ་ཤས་རིང་བོད་ལྗོངས་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་མཐའ་ཚད་དང་དམར་ཐིག་ནན་པོ་བསྲུངས་ཏེ་2013ལོའི་ཟླ་7པར《བོད་རང་སྐྱོང་ལྗོངས་ཀྱི་གཏེར་ཐོན་ཐོན་ཁུངས་རྩད་ཞིབ་གསར་སྤེལ་དང་ལྟ་སྐུལ་དོ་དམ་བྱེད་ཐབས》དང《བོད་རང་སྐྱོང་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་ལྟ་སྐུལ་དོ་དམ་བྱེད་ཐབས》སོ་སོར་བཟོས་པ་དང་གཏེར་ཐོན་ཐོན་ཁུངས་གསར་སྤེལ་གྱི་རང་སྐྱོང་ལྗོངས་སྲིད་གཞུང་གིས“སྨྱུག་གཅིག་མའི”ཞིབ་མཆན་འགོད་པ་དང་ཁོར་ཡུག་སྲུང་སྐྱོང་ཐད“སྤ་སེ་གཅིག་གིས་ཁྲ་སློག་པའི”ལམ་ལུགས་བཟོས་པ་རེད།
          “ལོ་ལྔ་ཚན་བཅུ་གཉིས་པ”ནས་བཟུང་བོད་ལྗོངས་ཀྱིས“མཐོ་བ་གསུམ”གྱི་ཁེ་ལས་དང་རྣམ་གྲངས་ལ་ཞིབ་མཆན་མི་འགོད་པ་དང་ནང་འདྲེན་མི་བྱེད་པའི་ལམ་ལུགས་ལག་ལེན་བསྟར་ནས་ཁོར་ཡུག་ཚོད་འཛིན་གྱི་གནད་དོན་འགངས་ཆེན་ལྷག་པའི་རྣམ་གྲངས་10ལ“སྤ་སེ་གཅིག་གིས་ཁྲ་སློག་པ”དང་གསར་སྤེལ་འཛུགས་སྐྲུན་བྱེད་སྒོ་སྣ་ཚོགས་ནང་ཁོར་ཡུག་ཁྲིམས་སྐྱོང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་གསར་སྤེལ་འཛུགས་སྐྲུན་བྱས་པ་ལས་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཤུགས་ཚད་གཞི་དམའ་ཤོས་སུ་སླེབས་རྒྱུ་འགན་ལེན་བྱས་པ་རེད།
          བསྡོམས་རྩིས་སྙན་ཞུའི་ནང“ལོ་ལྔ་ཚན་བཅུ་གཉིས་པའི”རིང་བོད་ལྗོངས་ཀྱིས་འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་དཔྱད་ཞིབ་ཡིག་ཆ་ཁག་25802ལ་ཞིབ་མཆན་བཀོད་པ་དང་། རིགས་ཁག་གི་ཁོར་ཡུག་ལས་སྒོའི་མི་ཐེངས་2000ལྷག་ཙམ་ལ་གསོ་སྦྱོང་བྱས་པ། སྤྱི་དམངས་ཀྱི་ཡིག་བསྐུར་ངོ་བཅར་དང“12369”ཁོར་ཡུག་སྲུང་སྐྱོང་ཐེར་འདོན་གོང་ཞུའི་ཐད་འབྲེལ་ཞུ་གཏུག་ཁ་པར་ཐེངས་1000ལྷག་ཙམ་བདག་སྤྲོད་བྱས་པ། རིམ་རྩིས་བྱས་ན་ཁྲིམས་འཛིན་མི་སྣ་ཐེངས་ཁྲི་1.8བཏང་བ། ཁེ་ལས(རྣམ་གྲངས)ཁྲི་གཅིག་ཙམ་ལ་ཞིབ་བཤེར་བྱས་པ། ཁོར་ཡུག་གནད་དོན་མངོན་གསལ་དོད་པོ་ཡོད་པའི་ཁེ་ལས(རྣམ་གྲངས)ལ་ཞིབ་བཤེར་ཐག་གཅོད་བྱས་པ་བཅས་རེད།
          གཏེར་ཐོན་ཐོན་ཁུངས་རྩད་ཞིབ་གསར་སྤེལ་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་ཆེད་གཏེར་ཐོན་ཐོན་ཁུངས་གསར་སྤེལ་ནན་པོ་བྱེད་པ་དང་། གཏེར་ཐོན་ཐོན་ཁུངས་ཚན་རིག་དང་མཐུན་ལ་ལུགས་དང་མཐུན་པའི་སྒོ་ནས་གསར་སྤེལ་བེད་སྤྱོད་བྱེད་པ། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་སྲུང་སྐྱོང་བྱེད་པ་བཅས་བྱས་པས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་དཔལ་འབྱོར་འཛུགས་སྐྲུན་མཐུན་སྦྱོར་ངང་འཕེལ་རྒྱས་ཕྱིན་པ་རེད།
          ད་ཆ་བོད་ལྗོངས་ཀྱི་གསར་སྤེལ་བཀག་འགོག་དང་གསར་སྤེལ་ཚོད་འཛིན་བྱེད་པའི་ས་ཁོངས་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་80ལྷག་ཙམ་ཟིན་པ་དེས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་70%ཙམ་བཟུང་ཡོད། “སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན”ཞེས་པ་དེ་བོད་ཀྱི་སྣོད་བཅུད་སྲུང་སྐྱོང་གི་མིང་བྱང་ཞིག་ཏུ་གྱུར་ཡོད།
          ལྗང་མདོག་བྱ་སྤྱོད་ལ་བརྟེན་ནས་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་པ།
          2016ལོར་ཡོངས་བསྒྲགས་བྱས་པའི་རྒྱལ་ཡོངས་ཀྱི་ནགས་ཚལ་ཐོན་ཁུངས་བསྟུད་མར་གཙང་བཤེར་ཐེངས་དགུ་པའི་འབྲས་བུ་ལས་མངོན་པར། བོད་ཀྱི་ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང་ཁྲི་1491དང་ནགས་ཚལ་གསོག་ཁྱོན་སྨི་རྒྱ་དཔངས་གྲུ་བཞི་ཁྲི་228254ཟིན་ཡོད་པ་རེད། 2011ལོ་དང་བསྡུར་ཚེ་ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང་ཁྲི་19མང་དུ་ཕྱིན་པ་དང་ནགས་ཚལ་གསོག་ཁྱོན་སྨི་རྒྱ་དཔངས་གྲུ་བཞི་ཁྲི་2047ཟིན་ནས་ནགས་ཚལ་རྒྱ་ཁྱོན་དང་གསོག་ཁྱོན་གཉིས་ཀ་འཕར་བའི་དམིགས་ཚད་མངོན་འགྱུར་བྱུང་བ་རེད།
          ད་ཕན་ལོ་ཤས་རིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་ལྗང་མདོག་འཕེལ་རྒྱས་མངོན་འགྱུར་ཡོང་བའི་ཐབས་ཇུས་བཀོད་སྒྲིག་འགངས་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་རྒྱལ་ཁབ་ཀྱི་ས་ཆ་སྔོ་ལྗང་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཐོག་བྱ་སྤྱོད་དངོས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་རྣམ་པ་གསར་པ་བཏོད་པ་རེད།
          ཀྲུང་དབྱང་ནོར་སྲིད་ཀྱིས་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་མངོན་གསལ་དོད་པོས་ཆེ་རུ་བཏང་བ་དང་ད་ཕན་ལོ་ཤས་རིང་རྒྱལ་ཁབ་ཀྱིས་ལོ་ལྟར་བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ལ་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་100ལྷག་ཙམ་ཟིན་པ་དེའི་ནང“ལོ་ལྔ་ཚན་བཅུ་གཉིས་པའི”རིང་བོད་ལྗོངས་ཀྱི་ནགས་བཟོར་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་35ཟིན་པ་དེ“ལོ་ལྔ་ཚན་བཅུ་གཅིག་པའི”རིང་གི་ལྡབ་1.5ཡིན་པ་རེད།
          ཞིང་འབྲོག་མང་ཚོགས་ནགས་བཟོ་སྔོ་འགྱུར་དང་བྱེ་འགོག་བྱེ་བཅོས་སོགས་སྣོད་བཅུད་ལས་གྲྭ་འཛུགས་སྐྲུན་ནང་ཞུགས་རྒྱུར་སྐུལ་མ་གཏོང་བ་དང་ཁྲིད་སྟོན་ཧུར་ཐག་བྱས་ཏེ་ཞིང་འབྲོག་པའི་ཡོང་འབབ་ཧུར་ཐག་མང་དུ་བཏང་བར་ལོ་ལྟར་ཞིང་འབྲོག་པ་ཁྲི་10ཡན་རྒྱལ་ཁབ་ས་ཆ་སྔོ་འགྱུར་ནང་ཐད་ཀར་ཞུགས་པས་མི་རེར་ཆ་སྙོམས་ཡོང་འབབ་སྒོར་3000ཡན་བྱུང་བ་རེད།
          ཞིང་འབྲོག་པར་བཟོ་སྐྲུན་ནགས་ཚལ་དང་། སྡོང་ཕྲུག་འདེབས་འཛུགས། དཔལ་འབྱོར་ནགས་ཚལ་སོགས་ཆེད་ལས་མཉམ་ལས་ཀྱི་དཔལ་འབྱོར་རྩ་འཛུགས་སྣ་ཚོགས་གསར་འཛུགས་བྱ་རྒྱུར་སྐུལ་མ་བཏང་བ་དང་ནགས་ལས་སྣོད་བཅུད་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ལྗོངས་ཡོངས་སུ་རིགས་ཁག་གི་དཔལ་འབྱོར་ནགས་ཤིང་མུའུ་ཁྲི་10ཡན་བཏབ་པ་རེད།
          མིག་སྔར་བོད་ལྗོངས་ཀྱིས་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་61བསྐྲུན་པར་རྒྱ་ཁྱོན་བསྡོམས་སྤྱི་ལེ་ངོས་གྲུ་ཁྲི་41ལྷག་ཙམ་ཟིན་པ་དེའི་ནང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་10ཡོད་པ་དེའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཀྱི་ཡོད་པ་རེད། གཙོད་དང་། འབྲོང་། ཁྲུང་ཁྲུང་འཇིང་ནག་སོགས་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་གི་རྩ་ཆེའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་རིགས་125དང་བོད་ལ་དམིགས་སུ་ཡོད་པའི་རྩི་ཤིང་དང་སྐྱེ་དངོས་རིགས་1200ལྷག་ཙམ་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ནས་གཙོད་ཀྱི་གྲངས་འབོར་ཁྲི་20ཡན་འཕར་བ་དང་ཁྲུང་ཁྲུང་འཇིང་ནག་8000ཙམ་འཕར་བ་རེད།
          ད་ཆ་གངས་ལྗོངས་ས་གཞི་ཆེ་མོའི་སྟེང་རི་རྟག་ཏུ་སྔོན་པོར་གནས་པ་དང་། ཆུ་རྟག་ཏུ་རྒྱུག་པ། མཁའ་རླུང་རྟག་ཏུ་གཙང་བ་བཅས་ཡོད་ཅིང་། མེས་རྒྱལ་ལྷོ་ནུབ་མཐའ་མཚམས་སུ་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོ་ཞིག་སྐྲུན་བཞིན་ཡོད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716