སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ཀྱི་ལས་ཀར་སྐོར་ཞིབ་བྱེད་པའི་མགོ་འཛིན་ཚོགས་འདུ་ལྷ་ས་ནས་འཚོགས།
སྤེལ་དུས། 2017-08-17   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  པདྨ་ཚེ་རིང་གིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འགྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལགས་ཀྱིས་སྐྱེ་ཁམས་རིག་གནས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་ཤུགས་རྒྱག་པའི་ལས་ཀའི་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་བཀོད་རྣམས་གཏིང་ཟབ་མོས་ལག་བསྟར་དོན་འཁྱོལ་ཡོང་ཆེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཆོག་མཆན་ལྟར་ཀྲུང་དབྱང་གི་སྐོར་ཞིབ་རུ་ཁག་ཨང་དྲུག་པ་ཉེ་ལམ་ལྷ་སར་ཕེབས་ནས་བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་སྐོར་ལ་སྐོར་ཞིབ་གནང་རྒྱུ་རེད།
          ཟླ་༨པའི་ཚེས་༡༥ཉིན་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ཀྱི་བྱ་བ་རྣམས་སྐོར་ཞིབ་བགྱི་བའི་མགོ་འཛིན་ཚོགས་འདུ་ལྷ་ས་ནས་འཚོགས། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པའི་འགོ་བ་ཅང་ཅི་ཧྥུང་དང་འགོ་བ་གཞོན་པ་ཀྲེ་ཆིང་རྣམ་གཉིས་ཀྱིས་སྐོར་ཞིབ་ལས་ཀའི་ཕྱོགས་ལ་གཏམ་བཤད་གནང་། བོད་རང་སྐྱོང་ལྗོངས་ཏང་ཨུ་ཧྲུའུ་ཅི་བུའུ་དབྱིན་ཅེ་ལགས་ཀྱིས་མགོ་འཛིན་གཏམ་བཤད་གནང་། བོད་རང་སྐྱོང་ལྗོངས་ཏང་ཨུ་ཧྲུའུ་ཅི་གཞོན་པའམ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་ལགས་ཚོགས་འདུར་ཞུགས། ཚོགས་འདུ་ནི་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་ལགས་ཀྱིས་མདོ་འཛིན་གནང་།

          ཅང་ཅི་ཧྥུང་ལགས་ཀྱིས་བསྟན་དོན། ཏང་གི་ཚོགས་ཆེན་སྐབས་བཅོ་བརྒྱད་པ་ནས་བཟུང་བློ་མཐུན་ཞི་ཅིན་ཕིང་ལགས་ལྟེ་བ་ཡིན་པའི་ཏང་ཀྲུང་དབྱང་གིས་སྤྱི་ཕྱོགས་ཀྱི་འཆར་འགོད་“གནས་ལྔ་གཞི་གཅིག”དང་“ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་སྙོམ་སྒྲིག་བྱས་ནས་སྤེལ་ཏེ་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་ལས་ཀར་འཆར་འགོད་གལ་ཆེན་གནང་ཞིང་རིམ་པ་སོ་སོའི་སྡེ་ཁག་གིས་སྐྱེ་ཁམས་རིག་གནས་འཛུགས་སྐྲུན་གྱི་ཆབ་སྲིད་ལས་འགན་ཁུར་ཏུ་བཞེས་དགོས་པའི་རེ་འདུན་བཏོན། ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་བྱེད་པ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྐྱེ་ཁམས་རིག་གནས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་ཕྱོགས་ཀྱི་ལམ་ལུགས་འགངས་ཆེན་ཞིག་ཡིན་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕོང་ལགས་ཀྱིས་འདི་ལ་གཙིགས་ཆེན་གནང་བཞིན་ཡོད་དེ། ཁོང་གིས་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་བྱེད་པ་དེ་སྐྱེ་ཁམས་རིག་གནས་འཛུགས་སྐྲུན་གྱི་གནད་གལ་ཆེན་ཏུ་བལྟ་བཞིན་ཡོད་པ་དང་ཁོར་ཡུག་སྲུང་སྐྱོབ་ནི་ཏང་སྲིད་གཉིས་ཀར་འགན་འཁུར་ཡོད་ལ་ལས་འགན་གཅིག་ལ་འགན་འཁུར་གཉིས་ལྟར་བསྒྲུབ་དགོར་པར་གདམས། ཧི་པེ་ཞིང་ཆེན་གྱི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་ཚོད་ལྟའི་ས་གནས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལགས་ཀྱིས་བསྟན་དོན། གནད་དོན་གྱི་འཕེལ་རིམ་བཙལ་ནས་གནད་དོན་མཐོང་བའི་ཚེ་བསྒྲུབ་ཕོད་པའི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་དགོས་ཞེས་བསྟན།  ༢༠༡༦ལོའི་ཟླ་༡༢པར་བློ་མཐུན་ཞི་ཅིན་ཕོང་ལགས་ཀྱིས་ཡང་བསྐྱར་ཁོར་ཡུག་སྲུང་སྐྱོབ་ལས་ཀའི་སྐོར་ཞིབ་ལ་ཤུགས་སྣོན་དགོས་ཞེས་བསྟན། ཁྱད་པར་དུ་༢༠༡༧ལོ་ནས་བཟུང་བློ་མཐུན་ཞི་ཅིན་ཕོང་ལགས་ཀྱིས་ཐེངས་མང་པོར་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་བྱ་བའི་མཛུབ་སྟོན་གལ་ཆེན་གནང་། ཀྲུང་དབྱང་གིས་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་ལས་ཀར་ཤུགས་བསྣན་ཏེ་གཟི་སྟོབས་ཆེན་པོ་ཆགས་པ་དང་འགན་ཁུར་ལག་བསྟར་བྱས་པའི་གནས་ཚུལ་རྩད་གཅོད་བྱས་ནས་མིག་མཐོང་ལག་ཟིན་གྱིས་དམངས་ལ་ཕན་པའི་བྱ་བ་བསྒྲུབ་དགོས་པར་གསུངས།
ཅང་ཅི་ཧྥུང་ལགས་ཀྱིས་བསྟན་དོན། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པ་ཐེངས་འདིར་བོད་རང་སྐྱོང་ལྗོངས་སུ་སྡོད་པའི་གནད་གཙོ་བོ་ནི་བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་བཀོད་སྒྲིག་དང་། ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་གནད་དོན་ཆེ་གྲས་ཐག་གཅོད། ཁོར་ཡུག་སྲུང་སྐྱོབ་ལག་བསྟར་ལ་འགན་འཁུར་བའི་གནས་ཚུལ་བཅས་སྐོར་ཞིབ་བྱེད་རྒྱུ་དེ་ཡིན། སྐོར་ཞིབ་ཀྱི་སྐབས་སུ་གཙོ་བོ་གནད་དོན་གྱི་འཕེལ་རིམ་གཞིར་བཟུང་སྟེ། ཀྲུང་དབྱང་གིས་མཉམ་འཇོག་ཆེ་བ་དང་། མང་ཚོགས་ཀྱིས་གཏུག་བཤེར་མང་བ། སྤྱི་ཚོགས་ལ་ཤན་ཤུགས་ཆེ་བ་བཅས་ཀྱི་གནད་དོན་དང་དེའི་ཐག་གཅོད་གནས་ཚུལ་ལ་ཆེད་དུ་དམིགས་རྒྱུ་ཡིན། གཙོ་བོ་ཁོར་ཡུག་གི་སྤུས་ཀ་ཇེ་ངན་དུ་འགྲོ་བཞིན་པའི་ཁུལ་དང་དེའི་ལེགས་བཅོས་གནས་ཚུལ་ལ་བལྟ་རྒྱུ་ཡིན། གཙོ་བོ་མི་དམངས་མང་ཚོགས་ཀྱིས་ཉེ་འཁོར་གྱི་ཁོར་ཡུག་གནད་དོན་ཡར་ཞུ་བྱས་པ་རྣམས་མྱུར་དུ་ཐག་གཅོད་བྱས་པའི་གནས་ཚུལ་ལ་བལྟ་རྒྱུ་ཡིན། གཙོ་བོ་ས་གནས་ཏང་ཨུ་དང་སྲིད་གཞུང་དེ་མིན་འབྲེལ་ཡོད་སྡེ་ཁག་གིས་ཁ་ཡ་མི་བྱེད་པ་དང་གང་བྱུང་དུ་བྱེད་པའི་གནས་ཚུལ་ལ་བལྟ་རྒྱུ་ཡིན། གཙོ་བོ་ས་གནས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ལག་བསྟར་བྱེད་སྐབས་ཏང་སྲིད་འགན་འཁུར་གཅིག་ཅིང་ལས་གནས་གཅིག་ལ་འགན་འཁུར་གཉིས། གནད་དོན་ལ་གཟབ་ནན་གྱིས་འཇུག་པའི་བྱ་བ་སྒྲུབ་སྟངས་བཅས་ལ་བལྟ་རྒྱུ་ཡིན། བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྤྱིའི་འཆར་འགོད་“གནས་ལྔ་གཞི་གཅིག”དང་“ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་དམ་དུ་བཟུང་སྟེ་“འདུ་ཤེས་བཞི”སྲ་བརྟན་དུ་གཏོང་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་གལ་ཆེན་རིགས་ཀྱི་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་སུ་འཇུག་པའི་སྐོར་ལ་གྲུབ་འབྲས་མངོན་སུམ་ལེན་དགོས་པ་དེ་ཡིན།
          བུའུ་དབྱིན་ཅེ་ལགས་ཀྱིས་བསྟན་དོན། ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་ལས་ཀ་བསྒྲུབ་པ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྐྱེ་ཁམས་རིག་གནས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་ལས་ཀའི་ཕྱོགས་ཀྱི་ལམ་ལུགས་གལ་ཆེན་ཞིག་ཡིན།  འདི་ནི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་འགན་འཁུར་དང་གློ་བུར་དུ་བྱུང་བའི་ཁོར་ཡུག་གནད་དོན་ཐག་གཅོད་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། བུའུ་དབྱིན་ཅེ་ལགས་ཀྱིས་རེ་འདུན་ལྟར་ན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་དེ་མིན་འབྲེལ་ཡོད་སྡེ་ཁག་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕོང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་དང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་ཡོང་བར་བྱས་ཏེ། “འདུ་ཤེས་བཞི”རྒྱུད་ལ་འཇགས་པ་དང་། སྐོར་ཞིབ་ལྷག་བསམ་ལྡན་པའི་སྒོ་ནས་དང་ལེན། བསམ་འཆར་སེམས་ཞིབ་མོའི་སྒོ་ནས་ཉན་པ། གནད་དོན་ལ་དྲང་ཕྱོགས་ཀྱི་སྒོ་ནས་གདོང་གཏོད་ཐུབ་པ་བཅས་བྱས་ཏེ་འགན་ཁུར་མཐའ་དག་ཕྲག་ཏུ་ལེན་དགོས་པ་ཡིན། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་གི་བྱ་བར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་ཏེ་ཁོར་ཡུག་སྲུང་སྐྱོང་སྐོར་ཞིབ་ཀྱི་ནང་དོན་ལྟར་བོད་སྡོད་ལས་ཀར་བཀོད་སྒྲིག་བྱེད་པ་དང་། གནས་ཚུལ་ཡར་ཞུའི་བྱ་བ་ལེགས་པར་བསྒྲུབ་པ། རྒྱུ་ཆ་མཁོ་འདོན་བྱེད་པ། ཆ་རྐྱེན་ལ་ཁག་ཐེག་བྱེད་པ། ལེགས་བཅོས་དོན་འཁྱོལ་བྱེད་པ། གནད་དོན་གྱི་འགན་འཁུར་རྩད་ཞིབ་བྱེད་པ། ཆ་འཕྲིན་སྤྱི་བསྒྲགས་བྱེད་པ་སོགས་ཀྱི་ལས་ཀ་རྣམས་བསྒྲུབ་སྟེ་སྐོར་ཞིབ་བདེ་བླག་ངང་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱེད་དགོས། ལག་ལེན་དངོས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕོང་གིས་བོད་ལྗོངས་ལ་སེམས་འཁུར་དང་བོད་ལྗོངས་མི་དམངས་ལ་བརྩེ་འདང་བཅངས་པར་དྲིན་གཟོ་ཞུ་རྒྱུ་ཡིན། 
          ཚོགས་འདུའི་སྟེང་ནས་ཀྲེ་ཆིང་ལགས་ཀྱི་སྐོར་ཞིབ་ལ་རྒྱབ་སྐྱོར་བྱེད་པ་དང་། སྐོར་ཞིབ་བྱེད་ཞོར་དང་ལེགས་བཅོས་བྱེད་ཞོར་བྱེད་པ། ཆ་རྐྱེན་ཁག་ཐེག་བྱེད་པ་སོགས་ཀྱི་བྱ་བའི་རེ་འདུན་ལྟར་ན། ཀྲུང་དབྱང་གཞུང་སྒྲུབ་ཐེང་གི་འབྲེལ་ཡོད་མི་སྣ་དང་། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་ཁོངས་མི། རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་གཞུང་ལས་ཁང་གི་འབྲེལ་ཡོད་ལས་བྱེད་པ། བོད་རང་སྐྱོང་ལྗོངས་ཏང་སྲིད་མི་སྣ་དང་། མི་སྣ་གཞན་དག་སྟེ་བོད་རང་སྐྱོང་ལྗོངས་དམངས་ཆེན་དང་སྲིད་གྲོས་ཀྱི་འབྲེལ་ཡོད་མགོ་ཁྲིད། མཐོ་རིམ་མི་དམངས་ཁྲིམས་ཁང་གི་མགོ་ཁྲིད། མི་དམངས་ཞིབ་བཤེར་ཁང་གི་མགོ་ཁྲིད། ཏང་སྲིད་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་མི་སྣ་གཙོ་བོ། ལྷ་ས་གྲོང་ཁྱེར་གྱི་ཏང་སྲིད་ཀྱི་མགོ་ཁྲིད་གཙོ་བོ། དེ་མིན་གྱི་མགོ་ཁྲིད་གཞན་པ་བཅས་ཚོགས་འདུར་ཞུགས། ཁྲིམས་ཁང་གི་མགོ་ཁྲིད་དང་། ཞིབ་བཤེར་ཁང་གི་མགོ་ཁྲིད། དེ་མིན་གྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་མི་སྣ་རྣམས་བརྙན་གཟུགས་ཚོགས་འདུ་རྣམ་པའི་ཚོགས་འདུར་ཞུགས། 
          བཀོད་སྒྲིག་ལྟར་ན་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་སྐོར་ཞིབ་བྱེད་ཡུན་ནི་ཟླ་གཅིག་ཡས་མས་ཡིན། སྐོར་ཞིབ་ཀྱི་དུས་ཡུན་ནང་(༢༠༡༧ལོའི་ཟླ་༨པའི་ཚེས་༡༥ཉིན་ནས་ཟླ་༩པའི་ཚེས་༡༥ཉིན་བར)ཆེད་གཉེར་ལས་རེས་ཁ་པར་༠༨༩༡-༦༥༡༥༠༠༠ཡིན་ལ། ཆེད་གཉེར་སྦྲགས་སྲིད་ཡིག་སྒམ་ལྷ་ས་གྲོང་ཁྱེར་༠༠༠༣སྦྲགས་སྲིད་ཡིག་སྒམ་ཡིན། སྐོར་ཞིབ་རུ་ཁག་གིས་གཏུག་བཤེར་དང་ལེན་བྱེད་པའི་དུས་ཚོད་ནི་ཉིན་རེའི་༩:༠༠~༢༡:༠༠བར་ཡིན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རེ་འདུན་དང་སྐོར་ཞིབ་རུ་ཁག་གི་ལས་འགན་ལྟར། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོབ་ཕྱོགས་ནས་གཏུག་བཤེར་བྱས་པའི་འཕྲིན་ཡིག་དང་ཁ་པར་རྣམས་དང་ལེན་བྱེད་རྒྱུ་ཡིན། དེ་ཡང་དང་ལེན་ཁྱབ་ཁོངས་ལས་བརྒལ་བའི་གཏུག་བཤེར་རྣམས་སྐོར་ཞིབ་བྱེད་ཡུལ་གྱི་ལས་ཁུངས་དང་འབྲེལ་ཡོད་སྡེ་ཁག་ལ་སྤྲད་ནས་ཐག་གཅོད་རྒྱུ་ཡིན་པ་བཅས་སོ། །
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716