སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
མདོ་དབུས་མཐོ་སྒང་གི་སྣོད་བཅུད་བཟང་པོ་སྲུང་སྐྱོབ་ཡག་པོ་བྱས།
སྤེལ་དུས། 2017-08-24   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བྱམས་པས་བསྒྱུར།
བོད་ལྗོངས་ཀྱིས་ས་ཁོངས་སྤྱི་ལེ་ངོས་གྲུ་བཞི་མ་ཁྲི་80ལ་གསར་སྤེལ་བྱེད་པར་བཀག་སྡོམ་དང་ཚོད་འཛིན་བྱས།
          ཟླ་8པའི་ཚེས་22ཉིན་གྱི་གློག་འཕྲིན། ཧི་མ་ལ་ཡའི་རི་རྒྱུད་བྱང་ངོས་ཀྱི་ལྷུན་རྩེའི་གྲོག་རོང་གི་མཐོང་ཚད་ཡོངས་ལྗང་མདོག་གེར་ཡོད། ཉེ་བའི་ལོ་ཤས་རིང་གནས་འདིའི་ས་མུའུ་ཁྲི་6.78དང་རིང་ཚད་སྤྱི་ལེ་40ལྷག་ཙམ་ལ་གླ་ཚེར་གྱི་བསྟར་ཕྲེང་འདེབས་འཛུགས་བྱས་པས། དུས་རབས་དུ་མར་བྱེ་རླུང་གིས་གནོད་པའི་མགོ་བོ་མར་མནན། བོད་ལྗོངས་ལྷུན་རྩེ་རྫོང་བྱ་ཡུལ་ཤང་སྒོམ་ལ་གྲོང་ཚོའི་ལོ་61ལ་སླེབས་པའི་ནགས་སྲུང་བ་ཚེ་རིང་དབང་རྒྱལ་ཀྱིས་བརྗོད་རྒྱུར་“དེ་སྔོན་གཙང་འགྲམ་དུ་རྡོ་གོར་མོ་དང་བྱེ་མས་ཁེངས་ཡོད་པས། རྩི་ཤིང་སོར་གང་ཙམ་ཡང་མི་སྐྱེ། ད་ཆ་ལྗོན་ཤིང་གིས་ཁེངས་པ་དང་། མཁའ་དབུགས་ཡང་གཙང་མར་གྱུར་ཡོད།”
          བོད་ལྗོངས་ཀྱི་ཆ་སྙོམས་བྱས་པའི་ས་ངོས་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་4000ཡན་ཟིན་པ་དང་། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས། ཆུའི་ཐོན་ཁུངས་དང་གཏེར་ཁའི་ཐོན་ཁུངས་ཕུན་སུམ་ཚོགས་པས། རང་རྒྱལ་གྱི་གལ་ཆེ་བའི་སྣོད་བཅུད་བདེ་འཇགས་སྲུང་སྐྱོང་ས་ཁུལ་ཡིན། འོན་ཀྱང་ཕྱོགས་གཞན་ཞིག་ནས་ས་མཐོའི་སྣོད་བཅུད་ཁོར་ཡུག་ཧ་ཅང་བཙོག་སླ། ལྷག་པར་དུ་གོ་ལ་ཧྲིལ་པོའི་གནམ་གཤིས་ཇེ་དྲོར་ཕྱིན་པའི་གནས་ཚུལ་ཚབས་ཆེན་པོའི་འོག་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ལས་འགན་ལ་དཀའ་ཚེགས་ཧ་ཅང་ཆེ།
          ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། བོད་ལྗོངས་ཀྱི་རིམ་པ་ཁག་གི་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ནས། སྣོད་བཅུད་སྲུང་སྐྱོང་བྱ་རྒྱུ་ཨང་དང་པོ་བཞག་ཏེ་མིག་འབྲས་ལྟར་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྤྲས་སྲུང་སྐྱོང་བྱས།
          རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོ་བསྐྲུན་པ་དང་། ཁོར་ཡུག་སྲུང་སྐྱོབ་བྱ་བའི་རིམ་པ་མཐོན་པོའི་ཇུས་འགོད་དང་ལམ་ལུགས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་ནི་འགག་རྩ་ཡིན། བོད་ལྗོངས་ཀྱིས་གསར་སྤེལ་བཀག་སྡོམ་དང་གསར་སྤེལ་ཁུལ་ཚོད་འཛིན་བྱས་ཚད་ཀྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་བཞི་མ་ཁྲི་80བརྒལ། དེས་ཧ་ལམ་ལྗོངས་ཡོངས་ཀྱི་ས་ཆའི་རྒྱ་ཁྱོན་གྱི་70%ཟིན།  དེའི་ཁྲོད་ཀྱི་ས་སྤྱི་ལེ་ངོས་གྲུ་བཞི་མ་ཁྲི་41སྟེང་དུ་རིགས་མི་འདྲ་བའི་རང་བྱུང་སྲུང་སྐྱོབ་ཁུལ་61འཛུགས་སྐྲུན་བྱས་ཡོད།
          ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས་ཡུལ་ཁམས་སྲུང་སྐྱོང་ལམ་ལུགས་ཀྱི་མ་ལག་སྔར་བས་འཐུས་ཚང་དུ་བཟོས། སྔ་རྗེས་སུ་བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག་དང་འདམ་ར་སྲུང་སྐྱོང་སྲོལ་ཡིག སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལྟ་སྐུལ་དོ་དམ་བྱ་ཐབས། གཏེར་ཁའི་ཐོན་ཁུངས་རྩད་ཞིབ་གསར་སྤེལ་དང་ལྟ་སྐུལ་དོ་དམ་བྱ་ཐབས་སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྲིད་གཞུང་གི་སྒྲིག་སྲོལ་སྣ་30ལྷག་ཁྱབ་བསྒྲགས་དང་ལག་བསྟར་བྱས། ངར་ལྕགས་བཙོ་སྦྱང་དང་རྫས་འགྱུར་བཟོ་ལས། ཤོག་བུ་བཟོ་བ་སོགས་ཁོར་ཡུག་སྦགས་བཙོག་ཉེན་ཆེ་བའི་རྣམ་གྲངས་བོད་ལྗོངས་སུ་འཛུགས་པར་གཏན་འགོག་བྱས། གཏེར་རྫས་ཐོན་ཁུངས་གསར་འབྱེད་ལ་རང་སྐྱོང་ལྗོངས་སྲིད་གཞུང་གིས་“སྨྱུ་གུ་གཅིག་” གིས་ཞིབ་མཆན་ལམ་ལུགས་དང་ཁོར་ཡུག་སྲུང་སྐྱོང་ཐད་“འདེམས་ཤོག་གཅིག་གིས་དགག་”ཆོག་པའི་ལམ་ལུགས་ལག་བསྟར་ནན་མོ་བྱས། བོད་ལྗོངས་ཀྱིས་ད་དུང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་གལ་འགངས་ཆེས་ཆེ་བའི་དམིགས་ཚད་གཙོ་བོའི་གྲས་ཤིག་ཏུ་བཟུང་ནས།  ལྗོངས་ཡོངས་ཀྱི་རྫོང་74(ཆུས་)སྲིད་གཞུང་གི་སྲིད་དོན་བྱས་རྗེས་ལ་དཔྱད་ཞིབ་བྱས།
          སྐྱེ་ཁམས་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཕན་བར་གྱི་འབྲེལ་བ་ཡག་པོ་ཐག་གཅོད་བྱ་ཆེད། བོད་ལྗོངས་ཀྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་སྐྱེ་ཁམས་ཁ་གསབ་ཀྱི་ལས་གནས་ཁྲི་70མཁོ་སྤྲོད་བྱས། ད་ལོ་ད་དུང་ལས་གནས་ཀྱི་མི་རེའི་ལོ་གཅིག་གི་ཆ་སྙོམས་ཁ་གསབ་ཚད་གཞི་སྒོར་3000འཕར་བས།  མི་རབས་ནས་མི་རབས་བར་རི་ཆུར་བརྟེན་ནས་འཚོ་བ་རོལ་བའི་ཞིང་འབྲོག་པ་མང་ཚོགས་དང་རྔོན་པ། ཤིང་བཟོ་བ་སོགས་ས་མཐོའི་སྣོད་བཅུད་སྲུང་སྐྱོབ་བྱེད་མཁན་དུ་བསྒྱུར། ད་ལོ་ནས་བཟུང་བོད་ལྗོངས་ཀྱིས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4500ཡན་གྱི་སྣོད་བཅུད་བྱེད་ནུས་ཁུལ་གྱི་ཞིང་འབྲོག་མང་ཚོགས་ཀྱི་ཁྱིམ་ཚང་ཁག་སྐྱེ་ཁམས་གནས་སྤོའི་རྣམ་གྲངས་ལག་བསྟར་བྱས། འཆར་གཞི་ལྟར་ན་ལོ་གསུམ་རིང་མི་ཁྲི་13ལྷག་གནས་སྤོས་ཏེ། དེ་ལས་མང་བའི་བར་སྟོང་བཞག་ནས། འཛམ་གླིང་ཡང་རྩེའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་རང་དབང་སྒོས་སྐྱེ་བར་ཁོར་ཡུག་ལེགས་པོ་བསྐྲུན་དགོས།
འཛམ་གླིང་ཐོག་ཆེས་མཐའ་མཇུག་གི་ས་གཙང་སྟེ་བོད་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་ཡུན་རིང་སྲུང་སྐྱོང་བྱས་པས། འདས་པའི་ལོ་བཅུའི་རིང་བོད་ལྗོངས་ཀྱི་འདམ་རའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་52.42འཕར་བ་དང་། བྱེ་འགྱུར་ས་ཆ་སྣ་ཚོགས་ཀྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི་10.71ཆུང་དུ་ཕྱིན། གཙོད་ཀྱི་རིགས་ཁྱུ་1995ལོའི་ཁྲི་6ལྷག་ཙམ་ནས་ཁྲི་20ལ་འཕར། སྔོན་ཆད་སྟོངས་ཟིན་པར་འདོད་པའི་བོད་ལྗོངས་ཀྱི་ཤྭ་བ་སེར་ཆེན་གྱི་བསྡོམས་འབོར་1000ལྷག་ཙམ་ཟིན་ཡོད་པ་རེད། བོད་ལྗོངས་ཀྱི་གྲོང་ཁྱེར་གཙོ་བོའི་མཁའ་རླུང་གི་སྤུས་ཚད་ལེགས་པོ་ཆ་སྙོམས་90%ཡན་རྒྱུན་འཁྱོངས་བྱ་ཐུབ་པ་བྱུང་།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716