སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱིས་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་དུ་བཏང་བ།
སྤེལ་དུས། 2017-09-01   ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  ལྕགས་བྱམས།
རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་བརྒྱ་ཆ་བདུན་ཅུ་ཙམ་གསར་སྤེལ་བྱེད་མི་ཆོག་པའམ་ཡང་ན་གསར་སྤེལ་བྱ་རྒྱུ་ཚོད་འཛིན་བྱས་པ།
          ཧི་མ་ལ་ཡའི་རི་རྒྱུད་ཀྱི་བྱང་ངོས་སུ་གནས་པའི་ལྷུན་རྩེ་ལུང་གཞུང་དུ་ས་ཕྱོགས་གང་སར་བལྟས་ཀྱང་མུ་མཐའ་མེད་པའི་སྔོ་ལྗང་རྩི་ཤིང་གིས་ཁེངས། ཉེ་བའི་ལོ་ཤས་རིང་ཡུལ་དེར་མུའུ་ཁྲི་6.78ཟིན་པ་དང་རིང་ཚད་སྤྱི་ལེ་40ལྷག་ཙམ་ཡོད་པའི་སྟར་བུའི་སྐྱེད་ཚལ་འདེབས་འཛུགས་བྱས་པ་ནས་བཟུང་ཡུན་རིང་གནོད་འཚེ་བཟོ་མཁན་གྱི་བྱེ་རླུང་འཇགས་པ་རེད། “དེ་སྔོན་གཙང་འགྲམ་དུ་གྲམ་རྡོ་དང་བྱེ་མ་ཡོད་པ་ལས་རྩྭ་རྩི་ཤིང་གཏན་ནས་སྐྱེ་གི་མེད། ད་ཆ་གང་སར་སྔོ་ལྗང་ལྗོན་ཤིང་གིས་ཁེངས་ནས་མཁའ་རླུང་ཡང་གཙང་མར་གྱུར”ཞེས་བོད་ལྗོངས་ལྷུན་རྩེ་རྫོང་བྱ་ཡུལ་ཤང་སྒོམ་ལྷ་གྲོང་ཚོའི་ལོ་61ལ་སླེབས་པའི་ནགས་སྲུང་བ་ཚེ་རིང་དབང་པོས་བཤད།
          བོད་ཀྱི་ཆ་སྙོམས་ས་བབ་སྨི་4000ཡན་དུ་བདག་ཏུ་མ་བཟུང་བའི་སྐྱེ་དངོས་ཀྱི་ཐོན་ཁུངས་དང་། ཆུའི་ཐོན་ཁུངས། གཏེར་ཁའི་ཐོན་ཁུངས་བཅས་ཕུན་སུམ་ཚོགས་པོ་ཡོད་པས་རང་རྒྱལ་གྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་མོད། འོན་ཀྱང་ས་མཐོའི་སྣོད་བཅུད་ཁོར་ཡུག་ཉམས་ཞན་ཡིན་པ་མ་ཟད། ད་དུང་གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་འགྲོ་བའི་རྒྱབ་ལྗོངས་འོག་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལས་འགན་ཧ་ཅང་དཀའ་ཚེགས་ཆེན་པོར་གྱུར་ཡོད།
          ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་སྣོད་བཅུད་སྲུང་སྐྱོང་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་རང་ཉིད་ཀྱི་མིག་ལ་གཅེས་སྤྲས་་བྱེད་པ་ལྟར་སྣོད་བཅུད་ཁོར་ཡུག་ལ་གཅེས་འཛིན་བྱས་ཡོད།
          རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་བར་ཁོར་ཡུག་སྲུང་སྐྱོང་གི་རྩེ་རིམ་ཇུས་འགོད་དང་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་འགག་རྩ་ཡིན། བོད་ཀྱིས་གསར་སྤེལ་བྱེད་མི་ཆོག་པ་དང་གསར་སྤེལ་བྱ་རྒྱུར་ཚོད་འཛིན་བྱེད་པའི་ས་ཁོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་80ལྷག་ཙམ་ཟིན་པ་དེས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་70%ཙམ་བཟུང་ཡོད། དེའི་ནང་སྤྱི་ལེ་ངོས་གྲུ་ཁྲི་41གི་ས་ཆའི་ཐོག་རང་བྱུང་སྲུང་སྐྱོང་ཁུལ་སྣ་ཚོགས་ཁག་61འཛུགས་སྐྲུན་བྱས་ཡོད།
          ཉེ་བའི་ལོ་ཤས་རིང་བོད་ཀྱིས་ཁོར་ཡུག་སྲུང་སྐྱོང་ལམ་ལུགས་དང་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག་དང་། འདམ་ར་སྲུང་སྐྱོང་སྲོལ་ཡིག སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་དོ་དམ་བྱ་ཐབས། གཏེར་ཁའི་ཐོན་ཁུངས་ཚོད་ཞིབ་གསར་སྤེལ་གྱི་ལྟ་སྐུལ་དོ་དམ་བྱ་ཐབས་སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྲིད་གཞུང་གི་སྒྲིག་ཡིག་30ལྷག་ཙམ་སྔ་རྗེས་སུ་བཏོན་ནས་ལག་བསྟར་བྱས་ཏེ་རྣོ་ལྕགས་དང་། བཙོ་སྦྱངས། རྫས་འགྱུར་བཟོ་ལས། ཤོག་བཟོ་སོགས་ཁོར་ཡུག་ལ་སྦགས་བཙོག་བཟོ་ཉེན་ཆེ་བའི་རྣམ་གྲངས་བོད་དུ་འཛུགས་རྒྱུ་གཏན་འགོག་བྱས་པ་ཕུད། གཏེར་ཁའི་ཐོན་ཁུངས་གསར་སྤེལ་རང་སྐྱོང་ལྗོངས་སྲིད་གཞུང་གིས་མ་གཏོགས་ཞིབ་མཆན་འགོད་མི་ཆོག་པའི་ལམ་ལུགས་དང་ཁོར་ཡུག་སྲུང་སྐྱོང་ཐད་སྤ་སེ་གཅིག་གིས་ཁྲུ་སློག་པའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཡོད། བོད་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་གཙོ་ཆེ་ཤོས་ཀྱི་ལྟེ་བའི་དམིགས་ཚད་གྲས་ཤིག་ཏུ་བརྩིས་ནས་ལྗོངས་ཡོངས་ཀྱི་རྫོང(ཆུས)74ཡི་སྲིད་གཞུང་ལ་སྲིད་སྐྱོང་གི་བྱས་རྗེས་དཔྱད་ཞིབ་བྱས་ཡོད།
          སྣོད་བཅུད་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཕན་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱ་ཆེད། བོད་ཀྱིས་རྒྱ་ཆེའི་ཞིང་འབྲོག་པར་སྣོད་བཅུད་ཁ་གསབ་ལས་གནས་ཁྲི་70མཁོ་འདོན་བྱས་པ་མ་ཟད། ད་ལོ་ད་དུང་ལས་གནས་དེ་དག་གི་ལོ་རེར་མི་རེའི་ཆ་སྙོམས་ཁ་གསབ་ཚད་གཞི་སྒོར་3000བར་མཐོ་རུ་བཏང་ནས་མི་རབས་ནས་མི་རབས་བར་གྱི“རི་ཁའི་ལྟོ་རྟེན་རི་དང་། ཆུ་ཁའི་ལྟོ་རྟེན་ལ་རྟེན་མཁན”ཞིང་འབྲོག་པ་དང་། རྔོན་པ། ཤིང་གཅོད་བཟོ་པ་ཁྲི་བཅུ་གྲངས་ས་མཐོའི་སྣོད་བཅུད་ཀྱི་ལྟ་སྲུང་བར་བསྒྱུར་པ་རེད། འདི་ལོ་ནས་བཟུང་བོད་ཀྱིས་ས་བབ་སྨི་4500ཡན་གྱི་སྣོད་བཅུད་བྱེད་པོའི་ནུས་ཁུལ་དུ་འཚོ་སྡོད་བྱེད་བཞིན་པའི་ཞིང་འབྲོག་པའི་ཁྱིམ་ཚང་སྣོད་བཅུད་གནས་སྤོ་བྱེད་དུ་བཅུག་ནས་ལོ་གསུམ་ནང་མི་ཁྲི་13ཙམ་གནས་སྤོ་བྱས་ཏེ་འཛམ་གླིང་ཡང་རྩེའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་གནས་བཟོད་བདེ་པོ་ཡོང་བ་བྱ་རྒྱུ་རེད།
          སྣོད་བཅུད་སྲུང་སྐྱོང་ཐད་སྙིང་རུས་གཏན་འཁྱོངས་བྱེད་དགོས། འདས་ཟིན་པའི་ལོ་བཅུའི་ནང་བོད་ཀྱི་འདམ་རའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་52.42མང་དུ་ཕྱིན་པ་དང་བྱེ་འགྱུར་ས་ཆའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་10.71ཆུང་དུ་ཕྱིན་ཡོད། གཙོད་ཀྱི་ཁྱུ་ཚོགས་1995ལོའི་མགོ་གྲངས་ཁྲི་6ཙམ་ནས་ཁྲི་20ཙམ་བར་མང་དུ་ཕྱིན་པ་དང་དེ་སྔོན་སྟོངས་ཟིན་པའི་སྲོག་ཆགས་ལ་ངོས་འཛིན་པའི་ཤྭ་བ་སེར་ཆེན་གྱི་མགོ་གྲངས་བསྡོམས་འབོར་1000ལྷག་ཙམ་ཟིན་ཡོད། བོད་ཀྱི་གྲོང་ཁྱེར་གཙོ་བོའི་མཁའ་རླུང་གི་སྤུས་ཀ་ལེགས་ཚད་ཆ་སྙོམས་90%ཡན་དུ་རྒྱུན་འཁྱོངས་བྱས་ཡོད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716