སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་བཙུགས་ནས་ལོ་ངོ་30འཁོར་བའི་དྲན་གསོའི་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
སྤེལ་དུས། 2017-09-11   ཡོང་ཁུངས། མི་དམངས་དྲ་བ།   རྩོམ་སྒྲིག་པ།  སྙིང་ལྕགས་ཀྱིས་བསྒྲིགས།

          ཉེ་སྔོན། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་བཙུགས་ནས་ལོ་ངོ་30འཁོར་བའི་དྲན་གསོའི་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འགོ་འཛིན་གཞོན་པ་ཀྲང་དབྱི་ཅུང་ཚོགས་འདུར་ཞུགས་པ་མ་ཟད། གསུང་བཤད་ཀྱང་གནང་བ་དང་། རྒྱལ་ཁབ་ཆོས་ལུགས་ཅུད་ཀྱི་འགོ་འཛིན་ཝང་ཙུའོ་ཨན་གྱིས་ཚོགས་འདུའི་མདོ་འཛིན་གནང་། ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་། འབྲེལ་ཡོད་ཚོགས་པའི་འགན་ཁུར་བ། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་བོད་བརྒྱུད་ནང་བསྟན་སློབ་གླིང་གི་འཐུས་མི་སོགས་མི་གྲངས་180ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།
          ཀྲང་དབྱི་ཅུང་གིས། ཀྲུང་གོའི་བོད་སྐད་མཐོ་རིམ་ནང་བསྟན་སློབ་གླིང་བཙུགས་ཚུན་གྱི་ལོ་ངོ་30ཡི་རིང་ལ། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ཁ་ཕྱོགས་དང་མི་སྣ་གསོ་སྐྱོང་གི་ཁྲིད་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱས་ཏེ་བོད་བརྒྱུད་ནང་བསྟན་གྱི་གྲྭ་བཙུན་གསོ་སྐྱོང་གི་རྣམ་པ་གསར་པ་ཞིག་བསྐྲུན་ནས་སྲོལ་རྒྱུན་ཆོས་རའི་སློབ་གསོ་དང་དེང་རབས་སློབ་གླིང་རྣམ་པའི་སློབ་གསོ་ཟུང་འབྲེལ་ལེགས་པོ་མངོན་འགྱུར་བྱུང་སྟེ་རྒྱལ་གཅེས་ཆོས་གཅེས་ཀྱི་འཐུས་ཚབ་མི་སྣ་ཁག་གཅིག་གསོ་སྐྱོང་བྱས་ཡོད་པས། བོད་བརྒྱུད་ནང་བསྟན་གྱི་རྒྱུན་འཛིན་དང་འཕེལ་རྒྱལ་སྲུང་སྐྱོབ་བྱས་པ་དང་། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་ཞི་མཐུན་བརྟན་ལྷིང་ལ་བྱས་རྗེས་གལ་ཆེན་བཞག་ཡོད་ཅེས་བསྟན་པ་རེད།
          ཤེས་རྟོགས་བྱུང་གསལ་དུ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་གནང་བ་བརྒྱུད། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནི་1987ལོའི་ཟླ་9ཚེས་1ཉིན་པེ་ཅིང་དུ་བཙུགས་པ་ཡིན་ལ། 2004ལོར། བོད་བརྒྱུད་ནང་བསྟན་གྱི་མཐོ་རིམ་བསླབ་གནས་ལམ་ལུགས་བཙུགས་ཤིང་། དེ་ནི"མཐོ་རམས་པ"ཡི་མཐོ་རིམ་བསླབ་གནས་གསོ་སྐྱོང་གི་ལས་ཁུངས་ཉག་ཅིག་ཡིན་པ་རེད།
          མཚམས་སྦྱོར་བྱས་པར་གཞིགས་ན། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ། ད་ལྟ་མཐོ་རམས་པའི་མཐོ་རིམ་བསླབ་གནས་ཐོབ་མཁན་148གསོ་སྐྱོང་བྱས་ཡོད་པ་ལ། ཁོང་ཚོ་ནི་ཆབ་སྲིད་གོ་རྟོགས་མཐོ་ལ། ཆོས་ལུགས་ཤེས་བྱ་ནང་བྱན་ཆུད་པ། ཕྱོགས་བསྡུས་ཀྱི་ནུས་པ་ཆེ་བ་ཞིག་ཡིན་སྟབས། སྤྱི་ཚོགས་ཀྱི་ལས་རིགས་ཁག་གིས་ཁས་ལེན་བཞིན་ཡོད་པ་རེད། དེའི་ཁྲོད་ཀྱི་མི་100ལྷག་ཙམ་ནི་རིམ་ཁག་མི་དམངས་འཐུས་མི་དང་། སྲིད་གྲོས། ནང་བསྟན་མཐུན་ཚོགས། དགོན་སྡེའི་དོ་དམ་རྩ་འཛུགས་སོགས་སུ་ལས་འགན་ཁུར་བའམ་ཡང་ན་དབུ་མཛད་གནང་བཞིན་ཡོད་པ་རེད། པར་ལེན་མཁན། ཁྲེང་ཀའོ་ཝེ་དང་ཞུས་ནཱ།
 
 
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716