སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་མཁན་འཐུས་མིར་མཇལ་འཕྲད་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།
སྤེལ་དུས། 2017-09-21   ཡོང་ཁུངས། མི་དམངས་ཉིན་ཚགས།   རྩོམ་སྒྲིག་པ།  མཚམས་གཅོད་ཀྱིས་བསྒྱུར།

          ཟླ་9ཚེས་19ཉིན། རྒྱལ་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་ཤིང་། ཚོགས་འདུ་མ་འཚོག་གོང་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཀའོ་ལི་སོགས་ཀྱིས་ཚོགས་ཞུགས་འཐུས་མི་དང་མཇལ་འཕྲད་གནང་བ།
          ཚེས་19ཉིན་གྱི་སྔ་དྲོ་རྒྱལ་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚོགས་ཞུགས་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་འཕེལ་རྒྱས་ནི་ལྡོག་མེད་ཀྱི་གནས་ལུགས་ཤིག་ཡིན་ལ་བརྟན་ལྷིང་ཡང་ལྡོག་མེད་ཀྱི་གནས་ལུགས་ཤིག་ཡིན་པས་འཕེལ་རྒྱས་དང་བརྟན་ལྷིང་གཉིས་ཀར་དམ་འཛིན་ནན་པོ་བྱེད་དགོས། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅོས་སྐྱོང་ལམ་བུའི་ཐོག་བསྐྱོད་དེ་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་སྤྱི་ཚོགས་བཅོས་སྐྱོང་གི་ལེགས་ཆར་བསྒྱུར་མཁས་པོ་བྱེད་པ་དང་། སྤྱི་ཚོགས་བཅོས་སྐྱོང་གོ་རིམ་ཅན་དང་། ཚན་རིག་ཅན། རིག་ནུས་ཅན། ཁྲིམས་སྐྱོང་ཅན་བཅས་སུ་འགྱུར་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་མི་དམངས་བདེ་སྡོད་ལས་བརྩོན་དང་། སྤྱི་ཚོགས་བདེ་འཇགས་གོ་རིམ་ལྡན་པ། རྒྱལ་ཁབ་ཡུན་རིང་བདེ་འཁོད་བཅས་ཡོང་རྒྱུ་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་མཇལ་འཕྲད་གནང་སྐབས་ལྷན་དུ་ཕེབས་པ་རེད།
          ཐལ་མོ་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། དང་ཐོག་ཁོང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་གཟེངས་བསྟོད་ཐོབ་མཁན་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུས་པ་མ་ཟད། རྒྱལ་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་འཐབ་ས་དང་པོའི་ཐོག་དཀའ་སྤྱད་ལས་ལ་བརྩོན་མཁན་བློ་མཐུན་ཚོར་ཟོལ་མེད་ཀྱི་འཚམས་འདྲི་ཡང་གནང་བ་རེད།
          ཞི་ཅིན་ཕིང་གིས་གསུངས་དོན། བློ་མཐུན་ཚོས་རང་འཁྲིའི་ལས་གནས་ཐོག་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་དང་དུས་བདེའི་ཀྲུང་གོ་གཏོད་རྒྱུའི་ཐད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བས། དེ་ནི་རྒྱལ་ཡོངས་ཕྱོགས་བསྡུས་བཅོས་སྐྱོང་འཐབ་ཕྱོགས་ཀྱི་ཚད་ཤིང་ཞིག་ཡིན་ལ། སྤྱི་ཚོགས་ཡོངས་ཀྱིས་སློབ་སྦྱོང་བྱེད་པའི་མིག་དཔེ་ཞིག་ཀྱང་ཡིན། ད་ཐེངས་གཟེངས་བསྟོད་བྱས་རྗེས་སྤྱོད་བཟང་དར་སྤེལ་དང་རྒྱལ་ཡོངས་ཕྱོགས་བསྡུས་བཅོས་སྐྱོང་འཐབ་ཕྱོགས་ཀྱི་རྒྱ་ཆེའི་ལས་བྱེད་ལས་བཟོས་ཏང་དང་མི་དམངས་ཀྱིས་དཀྲིས་པའི་ལས་འགན་གལ་ཆེན་དང་གཟི་བརྗིད་འགན་འཁྲི་དེ་བས་ལེགས་པའི་ངང་ཕྲག་ཐོག་ཏུ་འཁུར་རྒྱུར་སྐུལ་འདེད་ནུས་པ་གལ་ཆེན་ཐོན་རྒྱུའི་ཡིད་ཆེས་ཡོད།
          ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། འདི་ནི་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་འབད་བརྩོན་བྱས་པའི་གྲུབ་འབྲས་ཤིག་དང་དེར་རྒྱལ་ཡོངས་ཕྱོགས་བསྡུས་བཅོས་སྐྱོང་འཐབ་ཕྱོགས་ཀྱི་རྒྱ་ཆེའི་ལས་བྱེད་ལས་བཟོའི་བློ་རིག་དང་རྔུལ་ཆུ་འདུས་ཡོད། ལོ་ལྔའི་རིང་བློ་མཐུན་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱེད་པ། ཕྱོགས་གཅིག་ནས་བདེ་འཇགས་འགན་ལེན་དང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུར་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་རྨང་གཞི་འདིང་བ་དང་ཕུགས་ཀྱི་ཇུས་གཞི་འདིང་རྒྱུར་དམ་འཛིན་བྱེད་པ། སྤྱི་ཚོགས་བཅོས་སྐྱོང་འདུ་ཤེས་ཀྱི་བསམ་ཕྱོགས་དང་། སྒྲིག་སྲོལ་ལམ་སྲོལ། བྱེད་སྟངས་བཅས་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པ། སྤྱི་ཚོགས་བརྟན་ལྷིང་ལ་ཤུགས་རྐྱེན་ངན་པ་བཟོ་རིགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཁག་གཅིག་དོགས་ཟོན་དང་ཐག་གཅོད་བྱེད་པ། མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་བློ་ཡིད་ཚིམ་ཚད་ཆེ་རུ་གཏོང་བ་བཅས་བྱས་ནས་སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་ཕུལ་བས་སྔོན་ཐོན་དཔེ་མཚོན་འབོར་ཆེན་ཐོན་ཡོད།
          ཞི་ཅིན་ཕིང་གིས་བསྟན་དོན། དེ་རིང་གཟེངས་བསྟོད་ཐོབ་མཁན་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ནི་དེའི་ཁྲོད་ཀྱི་ཕུལ་བྱུང་འཐུས་མི་ཤ་སྟག་ཡིན། ཁྱེད་ཚོའི་ཁྲོད་བློ་མཐུན་ལ་ལས་རང་རྟོགས་ངང་ཡུལ་ཕྱོགས་དེ་གའི་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་དང་ཡུལ་ཕྱོགས་དེ་གའི་དུས་བདེ་སྲུང་རྒྱུ་འགན་ལེན་བྱེད་པའི་ཆབ་སྲིད་ལས་འགན་ཕྲག་ཐོག་ཏུ་འཁུར་ནས་ཧུར་ཐག་འབད་ཐག་གིས་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཁག་ཡག་པོ་བསྒྲུབས་ཡོད། བློ་མཐུན་ཁག་གཅིག་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་བདེ་སྡུག་སེམས་ལ་བཞག་ནས་དཀའ་ཉེན་འཕྲད་སྐབས་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་དུ་དོན་ཏེ་ཁྲག་ཤོར་བ་དང་ཚེ་སྲོག་ལ་བརྟེན་ནས་ཁྱིམ་ཚང་ཁྲི་སྟོང་མང་པོའི་ལྷིང་འཇགས་དང་བདེ་སྐྱིད་བསྲུངས་ཡོད། བློ་མཐུན་འགའ་ཞིག་གིས་བློ་ཁོག་ཆེན་པོས་དུས་རབས་ཀྱི་མདུན་གྲལ་དུ་སྙེགས་ཏེ་སྒྱུར་བཅོས་ཀྱི་བསམ་བློ་དང་གསར་གཏོད་ཀྱི་བྱེད་ཐབས་ཐོག་ནས་སྤྱི་ཚོགས་བཅོས་སྐྱོང་ཕན་ནུས་ཆེ་རུ་བཏང་བས་དཀའ་གནད་སེལ་མཁན་དང་། ཞན་ཆ་གསབ་མཁན། ཉེན་ཁ་དོགས་ཟོན་བྱེད་མཁན་བཅས་ཀྱི་དངོས་སྒྲུབ་མཁན་ཞིག་ཏུ་གྱུར་ཡོད། བློ་མཐུན་འགའ་ཤས་ཀྱིས་ལོ་བཅུ་ཕྲག་ཁ་ཤས་གཞི་རིམ་དུ་གཞི་ཚུགས་ནས་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་ཏེ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་མཁན་གྱི་གཅུས་གཟེར་ལྟ་བུ་ཞིག་བྱེད་ཀྱི་ཡོད། ཁྱེད་ཚོའི་ལུས་ཐོག་ནས་ཆབ་སྲིད་ཀྱི་ཀུན་སྤྱོད་བཟང་པོ་དང་། དམངས་ལ་ལྷག་བསམ་ཟོལ་མེད་འཆང་ལུགས། ལས་རིགས་ཀྱི་སྙིང་སྟོབས་བཟང་པོ། ལས་ཀའི་སྤྱོད་ཚུལ་བཟང་པོ་བཅས་མངོན་པ་དང་ཁྱེད་ཚོས་དཀའ་སྤྱད་འབད་བརྩོན་དང་ཐ་ན་རང་སྲོག་བློས་གཏོང་བའི་སྙིང་སྟོབས་ཐོག་ནས་རྒྱལ་ཁབ་བདེ་འཇགས་དང་། སྤྱི་ཚོགས་འཆམ་མཐུན། མི་དམངས་བདེ་སྐྱིད་ཡོང་ཐབས་བྱེད་ཀྱི་ཡོད་པས། ཁྱེད་རྣམས་ནི་ཏང་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་ལྷག་བསམ་རྣམ་དག་གི་སྲུང་དམག་དང་། དུས་བདེའི་ཀྲུང་གོའི་སྲུང་སྐྱོང་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་སྲུང་སྐྱོབ་པ་བཅས་ཡིན་པས་ཏང་དང་མི་དམངས་ཀྱིས་ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
          ཞི་ཅིན་ཕིང་གིས་བླང་བྱ་ཁག་གསུམ་བཏོན་གནང་བ་སྟེ། གཅིག་ནས་རང་འགུལ་ངང་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་བལྟོས་ཀྱི་འདུ་ཤེས་བཅས་ཟབ་ཏུ་གཏོང་དགོས་པ་དང་། གཉིས་ནས་དེང་སྐབས་ཀྱི་འཛམ་གླིང་གི་གནས་ཚུལ་དང་། རྒྱལ་ཁབ་ཀྱི་གནས་ཚུལ། ཏང་གི་གནས་ཚུལ་བཅས་ལ་དབྱེ་ཞིབ་གཏིང་ཟབ་དང་བརྡར་ཤ་ཡང་དག་གཅོད་དགོས་པ། གསུམ་ནས་སྤྱི་ཚོགས་བཅོས་སྐྱོང་གོ་རིམ་ཅན་དང་། ཚན་རིག་ཅན། རིག་ནུས་ཅན། ཁྲིམས་སྐྱོང་ཅན་བཅས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་སོ།
          ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱ་རྒྱུ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་འགན་འཁྲིའི་ལམ་ལུགས་འཐུས་སྒོ་ཚང་དུ་དང་དོན་འཁྱོལ་བྱེད་པ་དང་། སྒྲིག་སྲོལ་ལམ་སྲོལ་རང་བཞིན་གྱི་གནད་དོན་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་བྱེད་པ། ཕྱོགས་བསྡུས་བཅོས་སྐྱོང་འཐབ་ཕྱོགས་ཀྱི་རྒྱ་ཆེའི་ལས་བྱེད་ལས་བཟོར་ཐུགས་ཁུར་དང་གཅེས་སྐྱོང་བཅས་བྱས་ནས་ཁོང་ཚོར་རྩ་འཛུགས་ཐད་གཏོགས་སེམས་དང་། ལས་ཀའི་ཐད་གཟི་བརྗིད་ཚོར་སེམས། འཚོ་བའི་ཐད་བདེ་སྐྱིད་ཚོར་སེམས་བཅས་ཡོང་བ་བྱས་ནས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་ཏང་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་གསར་པ་གཏོད་དུ་འཇུག་དགོས།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716