སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞི་ཅིན་ཕིང་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱི་སྐབས་86པའི་ཚང་འཛོམས་ཚོགས་ཆེན་གྱི་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བ།
སྤེལ་དུས། 2017-09-28   ཡོང་ཁུངས། མི་དམངས་ཉིན་ཚགས།   རྩོམ་སྒྲིག་པ།  པ་སངས་ཀྱིས་བསྒྱུར།

          འདི་ནི་ཟླ་9ཚེས་26ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་རྒྱལ་ཁབ་ཚོགས་འདུ་ལྟེ་གནས་སུ་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱི་སྐབས་86པའི་ཚང་འཛོམས་ཚོགས་ཆེན་གྱི་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ《མཉམ་ལས་དང་། གསར་གཏོད། ཁྲིམས་སྐྱོང་། གཉིས་ཕན་བཅས་མཐའ་འཁྱོངས་བྱས་ཏེ་ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་བདེ་འཇགས་བཅོས་སྐྱོང་བྱེད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བའི་གནས་ཚུལ་ཡིན་པ།
          ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་རྒྱལ་ཁབ་ཚོགས་འདུ་ལྟེ་གནས་སུ་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱི་སྐབས་86པའི་ཚང་འཛོམས་ཚོགས་ཆེན་གྱི་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ《མཉམ་ལས་དང་། གསར་གཏོད། ཁྲིམས་སྐྱོང་། གཉིས་ཕན་བཅས་མཐའ་འཁྱོངས་བྱས་ཏེ་ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་བདེ་འཇགས་བཅོས་སྐྱོང་བྱེད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གཏམ་བཤད་གནང་ནས་ཀྲུང་གོས་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་དེ་བཞིན་དེའི་ཁྲིམས་འཛིན་སྒྲིག་གཞི་དང་རྒྱལ་སྤྱིའི་རྩ་འཛུགས་ཁག་དང་མཉམ་དུ་མཉམ་ལས་དང་། གསར་གཏོད། ཁྲིམས་སྐྱོང་། གཉིས་ཕན་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ་ཐུན་མོང་ཐོག་ཁྱོན་ཡོངས་བདེ་འཇགས་ཀྱི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་འདོད་ཡོད་ཅེས་ནན་བཤད་ཀྱང་གནང་བ་རེད།
          སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་གཏམ་བཤད་གལ་ཆེན་གནང་ཞིང་། ཁོང་གིས་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་བཙུགས་ནས་ལོ་བརྒྱ་ཙམ་སོང་རིང་ཕན་ཚུན་ཡིད་ཆེས་དང་མཉམ་ལས་བྱ་རྒྱུ་ཟབ་ཏུ་གཏོང་རྒྱུ་དང་འཛམ་གླིང་གི་བདེ་འཇགས་ལ་སྐུལ་འདེད་གཏོང་རྒྱུ་དེ་རང་ཉིད་ཀྱི་འགན་འཁྲིར་བརྩི་བ་དང་། འཛམ་གླིང་དེ་བས་བདེ་འཇགས་ལྡན་པའི་འདུ་ཤེས་ལ་གཞི་ཚུགས་ཏེ་འཛམ་གླིང་རྒྱལ་ཁབ་ཁག་གི་ཉེན་རྟོག་ཕྱོགས་ཀྱི་ཐུན་མོང་ངོས་འཛིན་གཅིག་འགྲིལ་དང་། རྒྱལ་སྤྱིའི་ཁྲིམས་འཛིན་བདེ་འཇགས་མཉམ་ལས་ཟབ་གཏོང་། མཉམ་དུ་ཉེས་གསོག་ལ་རྡུང་རྡེག་གཏོང་བ་བཅས་ཀྱི་ཐད་ཚབ་བྱེད་ཐབས་བྲལ་བའི་ནུས་པ་གལ་ཆེན་བཏོན་ཡོད། 1984ལོར་ཀྲུང་གོའི་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱུང་བ་ནས་བཟུང་། རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱི་དམིགས་ཡུལ་ནན་པོ་བསྲུངས་བ། རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱི་སྒྲིག་ཡིག་ལ་བརྩི་སྲུང་ཞུ་བ་དང་། རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་དང་དེ་བཞིན་དེའི་ཁོངས་མིའི་རྒྱལ་སྤྱིའི་ཉེན་རྟོག་ཕྱོགས་དང་ཁྲིམས་འཛིན་བདེ་འཇགས་མཉམ་ལས་བྱ་རྒྱུ་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་བ་བཅས་བྱས་ཏེ་འཛམ་གླིང་གི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་ཕུལ་ཡོད་ཅེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས་དེང་སྐབས་འཛམ་གླིང་ཐོག་བདེ་འཇགས་གནད་དོན་གྱི་མཉམ་འགུལ་རང་བཞིན་དང་། རྒྱལ་སྒྲོལ་རང་བཞིན། སྣ་མང་རང་བཞིན་བཅས་དེ་བས་མངོན་གསལ་དོད་པོ་ཡོད། བདེ་འཇགས་ཀྱི་གནད་དོན་ནི་མིའི་རིགས་ཀྱི་མདུན་ལམ་ལས་དབང་དང་འབྲེལ་བའི་གནད་དོན་གལ་ཆེན་ཡིན། ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ན། དང་ཐོག་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས། བདེ་འཇགས་བརྟན་ལྷིང་མེད་ན་ཞི་བདེ་དང་འཕེལ་རྒྱས་གླེང་ཐབས་བྲལ། ཀྲུང་གོས་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་དེ་བཞིན་དེའི་ཁྲིམས་འཛིན་སྒྲིག་གཞི་དང་རྒྱལ་སྤྱིའི་རྩ་འཛུགས་ཁག་དང་མཉམ་དུ་མཉམ་ལས་དང་། གསར་གཏོད། ཁྲིམས་སྐྱོང་། གཉིས་ཕན་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་ཉེན་དོན་དང་བདེ་འཇགས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཐུན་མོང་ཐོག་ཁྱོན་ཡོངས་བདེ་འཇགས་ཀྱི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་བསྐྲུན་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་ཁྲིམས་འཛིན་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་དགོངས་ཚུལ་བཞི་བཏོན་གནང་བ་སྟེ།
          གཅིག མཉམ་ལས་མཉམ་སྐྲུན་མཐའ་འཁྱོངས་བྱས་ཏེ་ཡུན་རིང་བདེ་འཇགས་མངོན་འགྱུར་བྱེད་དགོས་པ་དང་། གཉིས། སྒྱུར་བཅོས་གསར་གཏོད་མཐའ་འཁྱོངས་བྱས་ཏེ་ཐུན་མོང་བཅོས་སྐྱོང་མངོན་འགྱུར་ཡོང་བ་བྱེད་དགོས་པ། གསུམ། ཁྲིམས་སྐྱོང་སྙིང་སྟོབས་མཐའ་འཁྱོངས་བྱས་ནས་གཞུང་དྲང་དྲང་བདེན་མངོན་འགྱུར་ཡོང་བ་བྱེད་དགོས་པ། བཞི། གཉིས་ཁེ་གཉིས་ཕན་མཐའ་འཁྱོངས་བྱས་ཏེ་དོ་སྙོམས་ཀུནཕན་་མངོན་འགྱུར་ཡོང་བ་བྱེད་དགོས་པ་བཅས་རེད།
          ཞི་ཅིན་ཕིང་གིས་རྒྱལ་ཁབ་དེ་རང་གི་འཕེལ་རྒྱས་མངོན་འགྱུར་བྱེད་པ་དེ་ནི་འཛམ་གླིང་ལ་ལེགས་སྐྱེས་ཕུལ་བ་ཞིག་ཡིན་ལ། རྒྱལ་ཁབ་དེ་རང་གི་བདེ་འཇགས་བརྟན་ལྷིང་མངོན་འགྱུར་བྱེད་པ་དེ་ཡང་འཛམ་གླིང་ལ་ལེགས་སྐྱེས་འབུལ་བ་ཞིག་ཀྱང་རེད། དམངས་ཚོགས་ལ་བདེ་འཇགས་བརྟན་ལྷིང་གི་འཚོ་གནས་དང་འཚོ་བའི་ཁོར་ཡུག་གཏོད་རྒྱུ་དེ་ནི་ཀྲུང་གོའི་རྒྱལ་སྲིད་སྐྱོང་ལུགས་ཀྱི་དམིགས་ཚད་གལ་ཆེན་ཡིན། ད་ཕན་ལོ་ཤས་རིང་ང་ཚོས་དུས་བདེའི་ཀྲུང་གོ་དང་ཁྲིམས་སྐྱོང་ཀྲུང་གོ་བསྐྲུན་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་། ཁྲིམས་འགལ་གྱི་ཉེས་གསོག་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནན་པོ་བཏང་བ་དང་དོགས་ཟོན་ནན་པོ་བྱེད་པ། སྤྱི་ཚོགས་བདེ་འཇགས་ཀྱི་སྔོན་འགོག་ཚོད་འཛིན་མ་ལག་བསྐྲུན་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ཡོད། མིག་སྔར། ཀྲུང་གོའི་སྤྱི་ཚོགས་ལྷིང་འཇགས་གོ་རིམ་ལྡན་པ་དང་མི་དམངས་བདེ་སྡོད་ལས་བརྩོན་ཡོད་ལ། མི་དེ་བས་མང་བ་ཞིག་གིས་ཀྲུང་གོ་ནི་འཛམ་གླིང་ཐོག་བདེ་འཇགས་ལེགས་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། དེ་ནི་ཀྲུང་གོས་འཛམ་གླིང་བདེ་འཇགས་བརྟན་ལྷིང་ལ་ལེགས་སྐྱེས་ཕུལ་བ་ཞིག་རེད་ཅེས་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་ཀྲུང་གོས་རང་ཉིད་ཀྱི་བྱ་བ་ཡག་པོ་བསྒྲུབས་པ་དང་ཆབས་ཅིག་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་འགན་འཁྲི་ནན་ཏན་ངང་བསྒྲུབས་པ་དང་འབྲེལ་རྒྱལ་སྤྱིའི་སྒྲིག་སྲོལ་ལ་སྲུང་བརྩི་ཞུ་བ་དང་རྒྱལ་སྤྱིའི་འོས་འགན་བསྒྲུབས་ཏེ་རྒྱལ་སྤྱིའི་ཁྲིམས་འཛིན་མཉམ་ལས་དང་གོ་ལ་ཧྲིལ་པོའི་བདེ་འཇགས་བཅོས་སྐྱོང་ནང་ཧུར་ཐག་ཞུགས་པ་དང་ཁྲིད་སྟོན་བྱས་ཡོད། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་རྒྱལ་སྤྱིའི་འཇིགས་རྒོལ་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་པ་དང་། དྲ་རྒྱའི་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་སྤེལ་བ། འགན་འཁྲི་མཉམ་འཁུར་དང་སྤྱི་ཚོགས་མཉམ་བཅོས་ཀྱི་རྒྱལ་སྤྱིའི་དུག་འགོག་མཉམ་ལས་ཇུས་གཞི་བཏོན་པ། རྒྱལ་ཁབ་ཁག་དང་མཉམ་འབྲེལ་བྱས་ཏེ་རྒྱལ་སྤྱིའི་བྲོས་འདེད་དངུལ་འདེད་དང་གློག་འཕྲིན་ཁ་བསླུས་ལ་རྡུང་རྡེག་གཏོང་བ་སོགས་ཁྲིམས་འཛིན་བྱ་སྤྱོད་སྤེལ་བ། ཕྱོགས་ཡོངས་ནས་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས། ཧྲང་ཧའེ་མཉམ་ལས་རྩ་འཛུགས། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་སོགས་རྒྱལ་སྤྱི་དང་ས་ཁོངས་མཉམ་ལས་ཀྱི་སྒྲོམ་གཞིའི་ནང་གི་ཁྲིམས་འཛིན་བདེ་འཇགས་མཉམ་ལས་ནང་ཞུགས་པ། མའེ་ཀུང་གཙང་པོ་རྒྱུག་ཁུལ་གྱི་ཁྲིམས་འཛིན་བདེ་འཇགས་མཉམ་ལས་ལམ་སྲོལ་བཙུགས་པ། ཨེ་ཤེ་ཡ་དང་ཡོ་རོབ་གསར་པའི་སྐམ་ས་ཆེ་མོའི་འབྲེལ་ཟམ་གྱི་བདེ་འཇགས་བར་ཁྱམས་ཀྱི་རྒྱལ་སྤྱིའི་ཁྲིམས་འཛིན་མཉམ་ལས་གླེང་སྟེགས་བཙུགས་པ་བཅས་བྱས་ཡོད། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་མཉམ་འབྲེལ་རྒྱལ་ཚོགས་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ལ་རྒྱབ་སྐྱོར་དང་དེའི་ནང་ཧུར་ཐག་ཞུགས་པ་དང་། ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་ལྔའི་ནང་ཞི་བདེ་སྲུང་སྐྱོང་མི་སྣ་གཏོང་མཁན་མང་ཤོས་ཀྱི་རྒྱལ་ཁབ་ཡིན་ཞེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས་ཀྲུང་གོས་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱིས་འཛམ་གླིང་གི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་ཆེད་ཕུལ་བའི་ལེགས་སྐྱེས་ལ་ཚད་མཐོའི་བསྔགས་བརྗོད་བྱ་རྒྱུ་ཡིན། རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་པོའི་བདེ་འཇགས་བཅོས་སྐྱོང་ནང་དེ་བས་ཆེ་བའི་ནུས་པ་འདོན་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་ཡིན། མ་འོངས་ལོ་ལྔའི་ནང་ཀྲུང་གོ་སྲིད་གཞུང་གིས་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱི་གོ་ལ་ཧྲིལ་པོའི་བྱ་སྤྱོད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱི་ཁྲིམས་འཛིན་ནུས་པ་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱི་གོ་ལ་ཧྲིལ་པོའི་ཤུགས་རྐྱེན་ནུས་པ་དང་འགོ་ཁྲིད་ནུས་པ་ཆེ་རུ་འགྲོ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་ཞི་བདེ་དང་འཕེལ་རྒྱས་ཀྱི་འགྲོ་ལམ་ལ་འགོག་རྐྱེན་འཕྲད་སྲིད་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་དམིགས་ཚད་འཛུགས་རྒྱུའི་ཐད་རྒྱལ་ཁབ་ཁག་གིས་འབད་འཐབ་ལྷོད་མེད་བྱེད་དགོས། ཀྲུང་གོས་རྒྱ་ཆེའི་ཁོངས་མིའི་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་སྒྲིག་གཞི་དང་གཞོགས་འདེགས་དམ་ཟབ་དང་མཉམ་ལས་བྱས་ཏེ་གོ་ལ་ཧྲིལ་པོའི་བདེ་འཇགས་བཅོས་སྐྱོང་ནང་ཧུར་ཐག་ཞུགས་ནས་མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་ན་མེད་པའི་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716