སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ།
སྤེལ་དུས། 2017-09-30   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  རིག་རྡོར་གྱིས་བསྒྱུར།
རྒྱལ་ཁབ་མི་རིགས་དོན་བྱེད་ཨུ་ལྷན་གྱིས་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། ཝུའུ་དབྱིང་ཅེས་གསུང་བཤད་གནང་བ། བློ་བཟང་རྒྱལ་མཚན་གྱིས་གཙོ་སྐྱོང་གནང་བ། ཆེ་དགྲ་ལྷས་གཟེངས་བསྟོད་ཀྱི་གཏན་འབེབས་སྒྲོག་སྦྱངས་གནང་བ། ཀྲོང་ཡན་ཚོགས་འདུར་ཕེབས་པ
ཟླ་9ཚེས་28ཉིན་གྱི་སྔ་དྲོར། ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་ཤིང་། འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་གཟེངས་བསྟོད་ཐོབ་མཁན་དཔེ་བཟང་མཉམ་སྡེབ་ཀྱི་འཐུས་མིར་བྱ་དགའ་གནང་བཞིན་པ།
ཟླ་9ཚེས་28ཉིན་གྱི་སྔ་དྲོར། ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་ཤིང་། འདི་ནི་ཚོགས་ཆེན་འཚོགས་ཡུལ་ཡིན་པ།
          ཟླ་9ཚེས་28ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྷ་སར་ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་ཤིང་། ཚོགས་ཆེན་གྱི་ལས་འགན་གཙོ་བོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པ་དང་དེ་བཞིན་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱེད་ཐེངས་གཉིས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་མཉམ་སྡེབ་དང་མི་སྒེར་ལ་གཟེངས་བསྟོད་དང་ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་བཀོད་སྒྲིག་བྱ་རྒྱུ་དེ་རེད།
          རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་2017ལོའི་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཏན་འབེབས་སྒྲོག་སྦྱངས་གནང་བ།
          ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་བསྟན་ཁོ། ཝང་གཡུང་ཅུན། ཅང་ཅེ། སྤེན་པ་བཀྲ་ཤིས། ཧོ་ཝུན་ཧའོ། པད་མ་དབང་འདུས་སོགས་ཚོགས་འདུར་ཕེབས་པ་རེད།
          ཚོགས་འདུའི་ཐོག་རྒྱལ་ཁབ་མི་རིགས་དོན་བྱེད་ཨུ་ལྷན་གྱི་རྟེན་འབྲེལ་གློག་འཕྲིན་སྒྲོག་སྦྱངས་བྱས་པ་དང་། ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་པའི་འགོ་ཁྲིད་བློ་མཐུན་གྱིས་གཟེངས་བསྟོད་ཐོབ་པའི་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་གྱི་འཐུས་མིར་བྱ་དགའ་སྤྲད་གནང་བ་རེད།
          རྒྱལ་ཁབ་མི་རིགས་དོན་བྱེད་ཨུ་ལྷན་གྱི་རྟེན་འབྲེལ་གློག་འཕྲིན་ནང་། དེང་སྐབས་རང་རྒྱལ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་འགག་རྩའི་དུས་མཚམས་དང་ཏག་ཏག་འཁེལ་བས། བོད་ཀྱི་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་ཧ་ཅང་གལ་འགངས་ཆེན་པོ་ཞིག་རེད། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་འོག“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། བློ་བརྟན་འགྱུར་མེད་ངང་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གྱི་མི་རིགས་ལས་དོན་གྱི་བརྗོད་དོན་གཙོ་བོ་ཁོང་དུ་བརྟན་པོ་ཆུད་པ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་ཆད་མེད་པར་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་གཏིང་ཟབ་སྤེལ་བ། འགན་འཁྲི་འཁུར་ཕོད་པ། གསར་འབྱེད་ཕོད་པ། དམངས་སེམས་གཅིག་མཐུན། འབད་འཐབ་ལྷོད་མེད་བཅས་བྱས་ཏེ“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པའི་ལེའུ་གསར་པ་ཐུན་མོང་ཐོག་རྩོམ་རྒྱུའི་རེ་བ་ཡོད་ཅེས་འཁོད་ཡོད།
          ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་དུས་ཡུན་རིང་པོའི་རིང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་དང་། གཟེངས་བསྟོད་ཐོབ་པའི་དཔེ་བཟང་མཉམ་སྡེབ་དང་མི་སྒེར་ལ་བཀྲ་ཤིས་བདེ་ལེགས། ལྗོངས་ཡོངས་ཀྱི་མི་རིགས་ལས་དོན་གྱི་འཐབ་ས་མདུན་མར་འབད་འཐབ་བྱེད་བཞིན་པའི་བློ་མཐུན་ཚོར་འཚམས་འདྲི། རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་ཕྱོགས་ཁག་གི་མི་སྣ་ཚང་མར་གུས་འདུད་བཅས་ཞུས་པ་རེད།
          ཝུའུ་དབྱིང་ཅེས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཐུགས་ནུས་འབོར་ཆེན་བཏོན་གནང་ཡོད། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུ་བའི་དུས་སུ་ཆེད་མངགས་རང་ལྗོངས་སུ“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་དགོས”ཞེས་པའི་མཛུབ་སྟོན་གལ་ཆེན་གནང་བ་དེར་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོར་ཐུགས་ཁུར་དང་ཐུགས་རེ་ཟབ་མོ་འཆང་ལུགས་འདུས་ཡོད་པས་དེ་ནི་ང་ཚོས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་བར་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་གནང་བ་ཞིག་རེད།
          ཝུའུ་དབྱིང་ཅེས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་དང་སྐབས་རིམ་བྱུང་གི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཏིངས་པའི་རྨང་གཞི་བཟང་པོའི་འོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་མི་རིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་དགོངས་པ་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་བཀོད་སྒྲིག་བླང་བྱར་གཞིགས་པ། ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུར་བྱེད་པ། “ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་བརྟན་པོ་འཆང་བ། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བར་བརྗོད་དོན་གཙོ་བོར་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དམ་འཛིན་བྱ་གཞིར་བྱེད་པ། སློབ་གསོ་དྲིལ་བསྒྲགས་དང་གཟེངས་བསྟོད་ལྕག་སྐུལ་གཞི་རྟེན་དུ་བྱེད་པ། མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་ཁུལ་གཏོད་པ་དམིགས་ཡུལ་དུ་བྱེད་པ་བཅས་ཀྱིས་མི་རིགས་ཁག་གི་མང་ཚོགས་ཀྱིས་སྒོ་འབྱེད་དང་། དགའ་བསུ། བསྟུན་མཁས་བཅས་ཀྱི་འདུ་ཤེས་འཛུགས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ་དང་། ནང་སའི་མང་ཚོགས་ཀྱིས་བོད་དུ་ལས་ཞུགས་ལས་གཏོད་དང་ལྗོངས་ནང་ཁུལ་གྱི་མང་ཚོགས་ནང་སར་ལས་ཀ་དང་འཚོ་བ་སྐྱེལ་རྒྱུར་ལྕག་སྐུལ་ཧུར་ཐག་བྱེད་པ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། འཕེལ་རྒྱས་དང་། འདྲ་མཉམ། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་བཅས་བྱས་པས་མི་རིགས་ཁག་གི་མང་ཚོགས་ཀྱི་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་པ་དང་། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པའི་བྱ་སྤྱོད་དེ་བས་རང་འགུལ་དུ་གྱུར་པ་མ་ཟད། མི་རིགས་ཁག་དབར་སྤུན་ཉེ་འཆམ་མཐུན་དང་། ཕན་ཚུན་ལྟ་སྐྱོང་། འཆམ་མཐུན་མཉམ་གནས། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད།
          ཝུའུ་དབྱིང་ཅེས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་མི་རིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་སྔ་ཕྱི་བར་གསུམ་དུ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་དགོས་ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བློ་ལ་བརྟན་པོར་ངེས་པ་དང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་མེས་རྒྱལ་གོང་བུ་གཅིག་གྱུར་མཐའ་འཁྱོངས་བྱེད་པ་མི་རིགས་ཀྱི་ཁེ་ཕན་ཆེ་ཤོས་སུ་བརྩི་བ། མི་རིགས་ཁག་གི་མང་ཚོགས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་གང་ཐུབ་བྱེད་པ། བློ་སེམས་གཅིག་མཐུན་ངང་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་པར་འབད་འཐབ་བྱེད་དགོས།
          གཅིག་ནས་སྤྱི་ཁྱབ་ཧྲུའུ་ཅིའི་མི་རིགས་མཐུན་སྒྲིལ་གྱི་དགོངས་པ་གལ་ཆེན་ཁོང་དུ་ཡང་དག་ཆུད་པར་བྱེད་དགོས། མི་རིགས་མཐུན་སྒྲིལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ཏེ་མི་རིགས་མཐུན་སྒྲིལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་དགོངས་པ་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་ལམ་བུའི་ཚན་རིག་དང་མཐུན་པའི་གོ་དོན་གནད་འཁེལ་ངང་ཁོང་དུ་ཆུད་པར་བྱེད་པ། བསམ་བློ་དང་ངོས་འཛིན་རབ་རིབ་གསལ་དུ་གཏོང་བ། མི་རིགས་ལས་དོན་གྱི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་ཁོང་དུ་བརྟན་པོར་ཆུད་པར་བྱེད་པ། བློ་བརྟན་འགྱུར་མེད་ངང་ཏང་གི་མི་རིགས་རིགས་པའི་གཞུང་ལུགས་ཀྱི་སྲིད་ཇུས་ལག་བསྟར་བཅས་བྱས་ནས་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།
          གཉིས་ནས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་དགོས། གཅིག་གྱུར་དང་རང་སྐྱོང་ཟུང་འབྲེལ་དང་མི་རིགས་རྒྱུ་རྐྱེན་དང་མི་རིགས་ས་ཁོངས་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་བྱ་གཞག་ཁག་ལ་དམིགས་བསལ་ཐུགས་ཁུར་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་དམིགས་བསལ་ཐུགས་ཁུར་གནང་ལུགས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་བརྩེ་བ་ཟབ་མོ་ཚོར་བར་ཁྲིད་སྟོན་བཅས་བྱས་ཏེ་ཏང་གི་འགོ་ཁྲིད་འོག་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་དགོས།
          གསུམ་ནས་བློ་བརྟན་འགྱུར་མེད་ངང་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་བསམ་བློ་བརྟན་པོ་བཅངས་ནས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་འབབ་སར་བྱེད་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆ་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱེད་པ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ། ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ལས་ཞུགས་ལས་གཏོད་ལས་དོན་ཡག་པོ་སྒྲུབ་པ། སྤྱི་པའི་ཞབས་འདེགས་ཆུ་ཚད་མཐོ་རུ་གཏོང་བ། མཛེས་སྡུག་ལྡན་པའི་བོད་ལྗོངས་མཉམ་གཏོད་མཉམ་རོལ་བཅས་བྱས་ཏེ་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ངོས་འཛིན་སྔར་བས་ཟབ་ཏུ་གཏོང་དགོས།
          བཞི་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས། མི་རིགས་ཀྱི་ཁྱད་པར་ལ་བརྩི་བཀུར་ཞུ་བ་ལས་ཁྱད་པར་ཆེ་རུ་མི་གཏོང་བ་དང་མི་རིགས་ཀྱི་དམིགས་བསལ་ཁྱད་ཆོས་རྒྱུན་འཁྱོངས་བྱེད་པ་ལས་ཆེ་རུ་མི་གཏོང་བ་མཐའ་འཁྱོངས་ཀྱིས་སློབ་གསོ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྒོ་འབྱེད་དང་། དགའ་བསུ། བསྟུན་མཁས་བཅས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱེད་པ། གྲོང་ཁྱེར་གྱི་མི་རིགས་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ། སྐད་གཉིས་སློབ་གསོ་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་མི་རིགས་མཐུན་སྒྲིལ་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ་བྱེད་དགོས།
          ལྔ་ནས་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་གཏིང་ཟབ་སྤེལ་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྣེ་ཁྲིད་དུ་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་དང་། འཐབ་རྩོད་ཀྱི་སློབ་གསོ་གཏིང་ཟབ་སྤེལ་བ་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དང་སློབ་གྲྭའི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་ཟུང་འབྲེལ་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ནས“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་སེམས་སུ་ཟུག་པར་བྱེད་དགོས།
          དྲུག་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་ཏང་གིས་འགོ་འཁྲིད་རྒྱུར་ཤུགས་སྣོན་རྒྱག་དགོས། བློ་བརྟན་འགྱུར་མེད་ངང་ཏང་གི་འགོ་ཁྲིད་མི་རིགས་མཐུན་སྒྲིལ་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ཏུ་ཁྱབ་པར་བྱས་ཏེ་ལས་བྱེད་པ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྒྱལ་གཅེས་ཀྱི་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་སྟོབས་ཆེར་བཏང་ནས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པའི་མི་རིགས་ཁག་གི་མང་ཚོགས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།
          ཝུའུ་དབྱིང་ཅེས་ནན་བཤད་གནང་དོན། ཚོགས་ཆེན་བཅུ་དགུ་པའི་རིང་ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བ་བྱ་རྒྱུ་ནི་དེང་གི་མཐའ་དག་ལས་ལྷག་པའི་ཆབ་སྲིད་ཀྱི་ལས་འགན་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ཚོས“འདུ་ཤེས་བཞི”བརྟན་པོ་བཅངས་ཏེ་་སྤྱི་ཁྱབ་ཧྲུའུ་ཅིའི“འཕེལ་རྒྱས་ནི་ལྡོག་མེད་ཀྱི་གནས་ལུགས་ཤིག་ཡིན་ལ་བརྟན་ལྷིང་ཡང་ལྡོག་མེད་ཀྱི་གནས་ལུགས་ཤིག་ཡིན”ཞེས་པའི་དགོངས་པ་གལ་ཆེན་བློ་བརྟན་འགྱུར་མེད་ངང་ལག་བསྟར་ཡག་པོ་བྱེད་པ་དང་། ཐམས་ཅད་ཚོགས་ཆེན་བཅུ་དགུ་པར་དམིགས་པ་དང་ཐམས་ཅད་ཚོགས་ཆེན་བཅུ་དགུ་པར་ཞབས་འདེགས་ཞུ་བ། མ་བྱུང་སྔོན་འགོག་རྩ་དོན་དུ་འཛིན་ནས་ལས་དོན་སྒྲུབ་པ། འགན་འཁྲི་དོན་འཁྱོལ་དང་འགན་འཁུར་ཕོད་པ་ཚད་གཞིར་འཛིན་ནས་ལས་བྱེད་པར་ལྟ་སྟངས་འཛིན་པ། གཏན་འགོག་དྲུག་གཙོ་གནད་དུ་བྱས་ཏེ་དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ནས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་བརྟན་ལྷིང་བཅས་ཡོང་བའི་འགན་ལེན་བྱེད་དགོས།
          གཟེངས་བསྟོད་ཐོབ་པའི་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་གྱི་འཐུས་མིས་ཚོགས་ཆེན་ཐོག་སྤེལ་རེས་གཏམ་བཤད་བྱས་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716