སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་དང་པོའི་ཐོག་ནན་བཤད་གནང་དོན།
སྤེལ་དུས། 2017-10-30   ཡོང་ཁུངས། ཞིན་ཧྭའི་དྲ་བ།   རྩོམ་སྒྲིག་པ།  སྐལ་མཆོག་གིས་བསྒྱུར།
ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་གིས་གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། ཏན་ཏིག་དོན་འཁྱོལ་བཅས་བྱས་ཏེ་དུས་རབས་གསར་པར་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་སྐྱོད་འགོ་བཙུགས་ནས་ལེའུ་གསར་པ་མུ་མཐུད་རྩོམ་དགོས་ཞེས་ནན་བཤད་གནང་བ།
          ཟླ་10ཚེས་27ཉིན་གྱི་སྔ་དྲོ་སྐབས་བཅུ་དགུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུའི་སྐོར་གྱི་མཉམ་སྡེབ་སློབ་སྦྱོང་ཐེངས་དང་པོ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ཆབ་སྲིད་དང་། རིགས་པའི་གཞུང་ལུགས། ལག་ལེན་བཅས་ཀྱི་ཐད་གྲུབ་འབྲས་ཆེན་པོ་རབ་དང་རིམ་པ་ཐོབ་པ་དང་། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་བྱ་རྒྱུ་དང་འཕེལ་རྒྱས་གཏོང་རྒྱུའི་རིགས་པའི་གཞུང་ལུགས་དང་ལག་ལེན་གལ་ཆེན་གྱི་གནད་དོན་རབ་དང་རིམ་པའི་སྐོར་གྱི་མཛད་ཇུས་གལ་ཆེན་གསལ་བཤད་བྱས་པ། ཏང་དང་རྒྱལ་ཁབ་ཀྱི་ཕྱོགས་ཁག་གི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་བྱས་ཡོད། དེ་དག་ནི་རང་རེའི་ཏང་གིས་དུས་རབས་གསར་པར་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་སྐྱོད་འགོ་འཛུགས་རྒྱུ་དང་ལེའུ་གསར་པ་མུ་མཐུད་བརྩམ་རྒྱུའི་ཆབ་སྲིད་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་ཡིན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་བྱ་རྒྱུ་དང་འཕེལ་རྒྱས་གཏོང་རྒྱུ་དེས་ཏང་ཡོངས་ལ་སློབ་སྦྱོང་གཞི་རྒྱ་ཆེན་པོ་ཞིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད་ཅེས་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་ནི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་དེ་ཡིན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གཞན་གྱི་སྔོན་ལ་སློབ་སྦྱོང་བྱས་ཏེ་ཏང་ཡོངས་ལ་མིག་དཔེ་སྟོན་དགོས། ཀྲུང་དབྱང་ཆབ་སྲིད་ཅུས་སུ་ཕྱག་ལས་གནང་བར་གསར་དུ་ཕེབས་པའི་འདིར་བཞུགས་བློ་མཐུན་མི་ཉུང་བ་ཞིག་གི་གོ་གནས་སྔར་བས་མཐོ་རུ་སོང་བ་དང་འབྲེལ་འགན་འཁྲི་ཡང་ལྗི་རུ་སོང་ཡོད། དེས་ན་ཚུགས་གནས་དེ་བས་མཐོ་པོ་དང་མཐོང་རྒྱ་དེ་བས་ཆེ་བ་དགོས། ཚང་མས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཏང་གི་ཤེས་བྱའི་སློབ་ཚན་ཞིག་དང་ངེས་པར་དུ་སྦྱོང་དགོས་པའི་ཆབ་སྲིད་སློབ་ཚན་ཞིག་ཏུ་བརྩིས་ཏེ་རང་ཉིད་ཀྱི་ཆབ་སྲིད་བྱང་ཚད་དང་བསམ་བློའི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་ནས་ཏང་དང་མི་དམངས་ཀྱིས་དཀྲིས་པའི་འགན་འཁྲི་གལ་ཆེན་སྔར་བས་ལེགས་པར་སྒྲུབ་དགོས་པ་དང་།
          ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རིང་གསལ་པོ་ཤེས་པར་བྱ་རྒྱུར་འབད་བརྩོན་བྱེད་དགོས། གསལ་པོ་ཤེས་པར་བྱ་རྒྱུ་ནི་སྔོན་འགྲོ་རེད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་འདུ་ཤེས་གསར་པ་དང་ཆོད་གཏམ་གསར་པ་མང་པོ་བཏོན་པ་དང་། ལས་འགན་གསར་པ་དང་བྱ་ཐབས་གསར་པ་མང་པོ་གཏན་འཁེལ་བྱས་པ་དག་སློབ་སྦྱོང་ལ་བརྟེན་ནས་གོ་བ་འཕྱུགས་མེད་ལེན་དགོས། དེ་ཡང་འགག་རྩ་ནི་བསམ་གཞིག་གང་མང་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་ཆབ་སྲིད་ཀྱི་དོན་སྙིང་དང་། ལོ་རྒྱུས་ཀྱི་དོན་སྙིང་། རིགས་པའི་གཞུང་ལུགས་ཀྱི་དོན་སྙིང་། ལག་ལེན་གྱི་དོན་སྙིང་བཅས་ཁོང་དུ་ཆུད་པར་བྱ་རྒྱུ་དེ་ཡིན། རིགས་པའི་གཞུང་ལུགས་དང་ལག་ལེན་དང་། ལོ་རྒྱུས་དང་དོན་དངོས། མིག་སྔ་དང་འབྱུང་འགྱུར་བཅས་ཟུང་འབྲེལ་གྱི་བྱ་ཐབས་སྤྱོད་རྒྱུར་སྣང་ཆེན་གྱིས་གནད་འགག་ཚང་མ་གོ་བ་གསལ་པོ་དང་གཏིང་ཟབ་པོ་ལེན་ཐུབ་པ་བྱེད་དགོས། མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱ་ཐབས་བཅས་མཐའ་འཁྱོངས་བྱེད་པ་དང་། རང་རྒྱལ་གྱི་དོན་དངོས་ལ་གཞི་ཚུགས་པ། རང་རྒྱལ་འཕེལ་རྒྱས་ཀྱི་གཏན་ཚིགས་རིག་པ་དང་བསྟུན་པ་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་ཆེ་རུ་གཏོང་དགོས།
          ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རིང་མཐར་ཕྱིན་པ་ཤེས་པ་བྱ་རྒྱུར་འབད་བརྩོན་བྱེད་དགོས། ཕན་ཚུན་ཟུང་འབྲེལ་བྱེད་པ་ལས་ཁེར་རྐྱང་མ་ཡིན་པ་དང་། བརྒྱུད་རིམ་ལྡན་པ་ལས་ཁ་ཐོར་མ་ཡིན་པ། ཧྲིལ་པོ་ཡིན་པ་ལས་ཆ་ཤས་མ་ཡིན་པ་བཅས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་གོ་བ་ལེན་དགོས་པ་ལས་དོན་དེ་རང་ལ་དམིགས་ནས་ཤོད་རྐྱང་བྱ་རྒྱུ་མེད་ལ་ཕྱི་ཚུལ་རིང་ལུགས་དང་དངོས་ཕན་རིང་ལུགས་ཀྱང་དོན་གཉེར་བྱ་རྒྱུ་མེད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་རྒྱུ་དང་ཟུང་འབྲེལ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ང་ཚོས་རླབས་ཆེན་གྱི་འཐབ་རྩོད་བྱས་པ་དང་། རླབས་ཆེན་གྱི་འདུ་འགོད་འཛུགས་སྐྲུན་བྱས་པ། རླབས་ཆེན་གྱི་བྱ་གཞག་ལ་སྐུལ་འདེད་བཏང་བ། རླབས་ཆེན་གྱི་ཕུགས་འདུན་འགྲུབ་པ་བཅས་ཀྱི་ལག་ལེན་དང་ཟུང་འབྲེལ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་ཁག་དང་ཟུང་འབྲེལ་བཅས་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྐོར་གྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐབ་ཇུས་བཀོད་སྒྲིག་ཁག་གི་ཁྱོན་ཡོངས་རང་བཞིན་དང་། འབྲེལ་གྲུབ་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁག་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་དགོས།
          ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རིང་ཏན་ཏིག་དོན་འཁྱོལ་བྱ་རྒྱུར་འབད་བརྩོན་བྱེད་དགོས། སྟོང་གཏམ་གྱིས་རྒྱལ་དོན་འཕྱུག དོན་དམ་གྱིས་རྒྱལ་ཁབ་དར། བཀོད་སྒྲིག་བྱས་པ་ཕལ་པ་དང་དོན་འཁྱོལ་བྱ་རྒྱུ་གཙོ་བོ་ཡིན། ཏན་ཏན་ཏིག་ཏིག་གི་བྱ་ཐབས་བཏོན་ཏེ་དུས་ཚོད་ཀྱི་མཚམས་ཚིགས་རེ་རེ་ནས་མདུན་སྐྱོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། གཟེར་འདེབས་ཀྱི་སྙིང་སྟོབས་ཐོག་ནས་དོན་འཁྱོལ་བྱ་རྒྱུར་ཕྱོགས་ཡོངས་ནས་དམ་འཛིན་བྱེད་དགོས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་འགོ་ཡག་པོ་འཁྲིད་པ་དང་། དངོས་འཛིན་དངོས་སྒྲུབ། དཀའ་སྤྱད་འབད་འཐབ་བཅས་བྱས་ཏེ་ལས་འགན་ཁག་བགོས་བྱས་པའི་ལས་ཀ་དམ་འཛིན་ནན་པོ་དང་ཏན་ཏིག་བྱེད་དགོས་ལ་ཕན་འབྲས་ཀྱང་ཐོན་པ་བྱེད་དགོས། ཏང་ཀྲུང་དབྱང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པས་བཏོན་པའི་དམིགས་ཚད་ལས་འགན་ཁག་སྤྱི་འདོམས་བྱས་ཏེ་དམིགས་ཚད་ལས་འགན་གལ་ཆེན་ཐད་རྩེ་རིམ་ཇུས་འགོད་དང་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱེད་དགོས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་སོགས་འབྲེལ་ཡོད་སྡེ་ཚན་དང་འབྲེལ་ཡོད་ཕྱོགས་ཁག་གིས་རང་རྟོགས་ངང་བྱ་སྤྱོད་སྤེལ་ཏེ་རང་ཉིད་ཀྱི་འགན་འཁྲིའི་ཁོངས་སུ་གཏོགས་པའི་ལས་འགན་གསལ་པོ་བཟོ་དགོས་པ་དང་། ལས་ཀའི་ཇུས་གཞི་གནད་ལ་འཁེལ་པོས་འཚོལ་དགོས། ལས་འགན་རེའུ་མིག་དང་། དུས་ཚོད་རེའུ་མིག ལམ་ཐིག་དཔེ་རིས་བཅས་འགོད་དགོས། ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་ཁ་གསལ་འདོན་དགོས། དེའི་ནང་གཙོ་བོ་ནི་སྤུས་ཚད་ཐད་བླང་བྱ་འདོན་རྒྱུ་དེ་རེད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གཏན་ལ་ཕབ་པའི་དམིགས་ཚད་ལས་འགན་ལ་དུས་ཐུང་དང་དུས་འབྲིང་ཡོད་ལ་དུས་རིང་ཡང་ཡོད། དེས་ན་གལ་ཆེ་ཆུང་དང་མྱུར་བུལ་བཅས་དབྱེ་བ་གསལ་པོ་ཕྱེ་སྟེ་འཆར་གཞི་ཡོད་པ་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་དེ་ས་ཁུལ་དེ་ག་དང་ཚན་པ་དེ་གའི་ལས་འགན་ལ་སྒྱུར་དགོས། རྒྱལ་ཡོངས་མིག་མངས་སྒྲིག་སྐོར་གཅིག་ལྟ་བུ་ཡིན་པའི་བསམ་བློ་བརྟན་པོར་བཙུགས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱ་རྒྱུ་སྔོན་འགྲོར་བྱས་ནས་ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་དམིགས་ཚད་ལས་འགན་དང་འཐབ་ཇུས་བཀོད་སྒྲིག་བདེ་བླག་ངང་མངོན་འགྱུར་ཐུབ་རྒྱུའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716