སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞི་ཅིན་ཕིང་གིས་ཆིང་ཧྭ་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་བློ་འདྲི་ཨུ་ལྷན་གྱི་ཕྱི་རྒྱལ་གྱི་ཨུ་ཡོན་དང་ཀྲུང་གོ་ཕྱོགས་ཀྱི་ཁེ་ལས་མཁས་ཅན་གྱི་ཨུ་ཡོན་ལ་མཇལ་འཕྲད་གནང་བ།
སྤེལ་དུས། 2017-11-01   ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་སྒྲིག་པ།  ལྕགས་བྱམས་ཀྱིས་བསྒྱུར།

          ཟླ་10ཚེས་30ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཆིང་ཧྭ་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་བློ་འདྲི་ཨུ་ལྷན་གྱི་ཕྱི་རྒྱལ་གྱི་ཨུ་ཡོན་དང་ཀྲུང་གོ་ཕྱོགས་ཀྱི་ཁེ་ལས་མཁས་ཅན་གྱི་ཨུ་ཡོན་ལ་མཇལ་འཕྲད་གནང་བ།
          ཚེས་30ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཆིང་ཧྭ་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་བློ་འདྲི་ཨུ་ལྷན་གྱི་ཕྱི་རྒྱལ་གྱི་ཨུ་ཡོན་དང་ཀྲུང་གོ་ཕྱོགས་ཀྱི་ཁེ་ལས་མཁས་ཅན་གྱི་ཨུ་ཡོན་ལ་མཇལ་འཕྲད་གནང་བ་རེད།
          ཞི་ཅིན་ཕིང་གིས་གྲོལ་མ་ཐག་པའི་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པར་དོན་སྙིང་གལ་ཆེན་ལྡན་ཡོད་པས་ང་ཚོས་མུ་མཐུད་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུའི་ཡིད་ཆེས་སྔར་བས་བརྟན་དུ་ཕྱིན་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འདི་ཉིད་དུས་རབས་གསར་པར་སླེབས་ཡོད། ཀྲུང་གོའི་དཔལ་འབྱོར་དེ་མྱུར་ཚད་མགྱོགས་པོས་འཕར་བའི་དུས་མཚམས་ནས་སྤུས་ཚད་མཐོ་པོས་གོང་འཕེལ་འགྲོ་བའི་དུས་མཚམས་སུ་འགྱུར་ཡོད། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་དམིགས་ཚད་ནི་སྤུས་ཚད་གསར་བསྒྱུར་དང་། ལས་ཕྱོད་གསར་བསྒྱུར། སྒུལ་ཤུགས་གསར་བསྒྱུར་བཅས་བྱེད་པའི་རྨང་གཞིའི་ཐོག་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་བསྐྲུན་ཏེ་གནད་ཆེའི་རྒྱུ་རྐྱེན་ཡོངས་རྫོགས་ཀྱི་ཐོན་སྐྱེད་ལས་ཕྱོད་གོང་མཐོར་བཏང་ནས་དཔལ་འབྱོར་གྱི་གསར་གཏོད་ནུས་པ་དང་འགྲན་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ང་ཚོས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་བྱ་རྒྱུ་དེ་གཙོ་རྐང་དུ་བྱས་ཏེ་དཔེ་གསར་གྱི་བཟོ་ལས་ཅན་དང་། ཆ་འཕྲིན་ཅན། གྲོང་ཁྱེར་དང་གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་གོམ་སྟབས་གཅིག་མཚུངས་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ་དང་། གསར་གཏོད་རྣམ་པའི་རྒྱལ་ཁབ་གང་མགྱོགས་བསྐྲུན་པ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་བ། ས་ཁོངས་མཐུན་སྦྱོར་གོང་འཕེལ་གྱི་འཐབ་ཇུས་ལག་ལེན་བསྟར་བ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་གང་མགྱོགས་འཐུས་སྒོ་ཚང་དུ་གཏོང་བ། དེ་བས་རིམ་པ་མཐོ་བའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་གོང་འཕེལ་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས་ཤེས་ལྡན་པ་ནི་གསར་གཏོད་ཀྱི་རྨང་གཞི་དང་གསར་གཏོད་ཀྱི་ལྟེ་བའི་གནད་ཆེའི་རྒྱུ་རྐྱེན་དེ་རེད། ཤེས་ལྡན་པ་གསོ་སྐྱོང་བྱེད་པར་གཞི་རྩ་ནི་སློབ་གསོར་རག་ལས་ཡོད། སློབ་གསོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་དགོས་པ་ལས་དེར་ལྟད་མོ་ལྟ་མཁན་དང་ངོ་རྒོལ་ཤོག་ཁག་ཅིག་མིན། མིག་སྔར་ཀྲུང་གོས་འཛམ་གླིང་ཐོག་གི་སློབ་ཆེན་རྩེ་གྲ་དང་རིག་ཚན་རྩེ་གྲ་གང་མགྱོགས་བསྐྲུན་རྒྱུའི་འཐབ་ཇུས་བཀོད་ཇུས་བཟོས་ཟིན་པས་མཐོ་སློབ་སློབ་གསོ་གོང་འཕེལ་གཏོང་བའི་ཆུ་ཚད་མཐོ་རུ་གཏོང་བ་དང་རྒྱལ་ཁབ་ཀྱི་སྲོག་ཤིང་འགྲན་ནུས་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས་ཀྲུང་གོས་སྔར་ན་བྱུང་མྱོང་མེད་པའི་ཆོད་སེམས་དང་ལས་དོན་སྒྲུབ་ཤུགས་ལ་བརྟེན་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུར་སྐུལ་མ་བཏང་སྟེ་མུ་མཐུད་སྒོ་འབྱེད་ལ་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད། ཀྲུང་གོས་རང་ངོས་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པ་དང་དུས་མཚུངས་ཕྱི་ཕྱོགས་སུ་སྒོ་མོ་དབྱེ་བའི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་ཐོག་གཉིས་ཁེ་གཉིས་ཕན་གྱི་སྒོ་དབྱེའི་འཐབ་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་མཐའ་གཅིག་ཏུ་བསྟར་ཏེ་ཕྱི་ཕྱོགས་སུ་སྒོ་མོ་དབྱེ་བའི་སྤུས་ཚད་དང་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་གཏོང་རྒྱུ་རེད། ཀྲུང་གོ་ནི་དཔལ་འབྱོར་གོ་ལ་ཅན་དུ་འགྱུར་བའི་ཕན་པ་ཐོབ་མཁན་ཡིན་ལ་དེ་བས་ལེགས་སྐྱེས་འབུལ་མཁན་ཞིག་ཀྱང་ཡིན་པས་ཀྲུང་གོ་འཕེལ་རྒྱས་འགྲོ་བ་ནི་འཛམ་གླིང་གི་ངོས་ནས་བརྗོད་ན་གོ་སྐབས་ཤིག་ཡིན། ཀྲུང་གོའི་སྒོ་འབྱེད་ནི་མཉམ་ལས་གཉིས་ཁེ་ཡིན་པ་ལས་ཁྱོད་ཕམ་ང་རྒྱལ་མིན། ཀྲུང་གོར་ཚོང་མ་འགྲིགས་ཀྱང་མཛའ་མཐུན་གནས་ཞེས་པའི་ཤོད་སྲོལ་ཞིག་ཡོད། ཀྲུང་གོས་བཙན་པོ་དབང་ཡོད་ཀྱི་དོན་ཚན་བཟོ་མི་སྲིད་ལ་དེ་བས་གཞན་གྱི་ཁེ་ཕན་ཧམ་བཟུང་ཡང་བྱེད་མི་སྲིད། ཀྲུང་གོས་སྔར་བས་སྒོ་འབྱེད་རྒྱ་ཆེར་གཏོང་རྒྱུའི་བྱ་ཐབས་རབ་དང་རིམ་པ་བཏོན་ཡོད་ལ་མུ་མཐུད་འདོན་རྒྱུ་ཡིན། ཀྲུང་ཧྭ་མི་རིགས་ཀྱིས་ལོ་ངོ་ལྔ་སྟོང་རིང་རྒྱུན་བསྐྱངས་པ་ནི་ཞི་བདེ་ཡིན། ཀྲུང་གོས་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ནས་འོས་འགན་དང་ཁེ་ཕན་གྱི་ལྟ་བ་ཡང་དག་ལག་ལེན་བསྟར་བ་དང་། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་ལྟ་བ་འཛིན་པ། གོ་ལ་ཧྲིལ་པོའི་བཅོས་སྒྲིག་མ་ལག་སྒྱུར་བཅོས་དང་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ་བཅས་ཀྱི་སྒོ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716