སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཝུའུ་དབྱིང་ཅེས་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོར་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ།
སྤེལ་དུས། 2017-11-06   ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  ལྕགས་བྱམས།
མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་དེ་འབད་འཐབ་དམིགས་ཚད་དུ་བྱས་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ།

འདི་ནི་ཁེ་གསུམ་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཐང་ཆེན་དུ་ཝུའུ་དབྱིང་ཅེས་གྲོང་ཚོའི་མང་ཚོགས་རྣམས་ལ་གོ་བདེ་ལ་ཤེས་སླ་བའི་སྐད་ཆའི་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་འགྲེལ་བཤད་རྒྱག་པའི་གནས་ཚུལ་ཡིན་པ། 
          ཟླ་11ཚེས་3ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་སྣེ་ཁྲིད་ནས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁེ་གསུམ་གྲོང་ལྷན་དུ་ཕེབས་ཏེ་ངོ་ཐུག་གདོང་འཕྲད་ཀྱི་སྒོ་ནས་ཡུལ་མི་རྣམས་ལ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་མ་ཟད། ད་དུང་ཞི་ཅིན་ཕིང་གིས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་འབྲོག་མོ་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་ཀྱང་གནང་ཞིང་། ཁོང་གིས་བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་མཐའ་འཁྱོངས་ཀྱིས་མི་དམངས་མང་ཚོགས་ལ་བདེ་སྐྱིད་སྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
          རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་ལྷན་དུ་ཕེབས་ཡོད་པ་རེད། 
          ཁེ་གསུམ་གྲོང་ལྷན་ནི་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ་ཡིན། ཕར་བལྟས་ཚེ་སྤྱིར་བཏང་གི་གྲོང་སྡེ་ཆུང་ངུ་དེས་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་འཕེལ་རིམ་ཧྲིལ་པོར་སྐུལ་ཁྲིད་བྱས་ཡོད། དེ་གར་བོད་ཀྱི་གྲོང་གསེབ་ཀྱི་གཞི་རིམ་ཏང་ཀྲི་པུའུ་དང་པོ་དང་། ཞིང་པའི་མཐུན་ཚོགས་དང་པོ། མི་དམངས་ཀུང་ཧྲེ་དང་པོ་བཅས་བཙུགས་པ་རེད། ཁེ་གསུམ་གྲོང་ལྷན་བཤམས་སྟོན་ཁང་དུ་བསྐྱོད་ཚེ་དངོས་པོ་རེ་རེའི་ཐོག་ནས་ཁེ་གསུམ་གྲོང་ཚོའི་ལོ་རྒྱུས་ཀྱི་འཕོ་འགྱུར་མངོན་པ་དང་། ཞིང་བྲན་རྣམས་ཀྱི་ཡ་ང་བའི་འཚོ་བ་མཚོན་པ། བོད་རྙིང་པའི་སྤྱི་ཚོགས་ལམ་ལུགས་ཀྱི་གདུག་རྩུབ་དང་རྗེས་ལུས་གསལ་པོར་མངོན་བཞིན་འདུག པར་རིས་རེ་རེ་ལས་ཁེ་གསུམ་མི་དམངས་ཀྱི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས་རང་བཞིན་མངོན་ཡོད། ཝུའུ་དབྱིང་ཅེ་དེ་གར་ཕེབས་ནས་རེ་རེ་བཞིན་ལ་ཞིབ་པར་གཟིགས་པ་དང་། འགྲེལ་བཤད་ནན་ཏན་ངང་གསན་པ། སྐབས་རེ་ཕེབས་མཚམས་བཞག་ནས་བཀའ་འདྲི་གནང་བ་མ་ཟད། ད་དུང་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་རྣམས་ལ་ཁེ་གསུམ་གྲོང་ལྷན་བཤམས་སྟོན་ཁང་གི་ཐོན་ཁུངས་རྩ་ཆེན་ལ་སྲུང་སྐྱོང་ཡག་པོ་དང་། སྔོག་འདོན་ཡག་པོ། བེད་སྤྱོད་ཡག་པོ་བཅས་བྱས་ཏེ་ཏང་གི་བཀའ་དྲིན་ཚོར་བའི་སློབ་གསོ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ཁྲོད་ཀྱི་དེའི་དམིགས་བསལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་། ལོ་རྒྱུས་ཀྱི་དུས་སྐབས་ཁག་ཏུ་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་ལ་ལེགས་སྐྱེས་འབུལ་མཁན་ཏང་ཡོན་རྒན་གྲས་ལ་སེམས་ཁུར་དང་གཅེས་སྐྱོང་བྱས་ཏེ་ཁོང་ཚོར་ཆབ་སྲིད་ཐད་ལ་རྒྱ་ཡོད་པ་དང་། སྤྱི་ཚོགས་ཐད་གནས་བབ་ཡོད་པ། འཚོ་བའི་ཐད་འགན་སྲུང་ཡོད་པ་བཅས་བྱས་ནས་ཕྱོགས་སྟོན་ཆགས་པར་བྱེད་དགོས་ཞེས་མངགས་བཅོལ་གནང་བ་རེད། 
          ཟླ་10ཚེས་28ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་འབྲོག་མོ་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་སྤྲིངས་པའི་འཕྲིན་ལན་ནང་ཁོང་ཚོ་ཕ་དང་བུ་མོ་མི་རབས་གཉིས་ཀྱིས་རྒྱལ་ཁབ་ཀྱི་དོན་དུ་མཐའ་མཚམས་བརྟན་སྲུང་བྱས་པའི་བྱ་སྤྱོད་ལ་ཁས་ལེན་གནང་བ་དང་འབྲེལ་དུས་ཡུན་རིང་པོའི་ནང་མཐའ་བརྟན་མཐའ་སྲུང་གི་ལས་ལ་གཞོལ་ནས་ལྷག་བསམ་ཟོལ་མེད་ངང་ལེགས་སྐྱེས་ཕུལ་བའི་བློ་མཐུན་རྣམས་ལ་ཐུགས་རྗེ་ཆེའང་ཞུས་པ་དང་། རྒྱ་ཆེའི་ཞིང་འབྲོག་པ་ཚོར་མཐའ་མཚམས་སུ་གཞིས་བཙུགས་ཏེ་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་ཡག་པོ་དང་ཕ་ཡུལ་འཛུགས་སྐྲུན་ཡག་པོ་བྱེད་དགོས་པའི་སྐུལ་ལྕག་ཀྱང་གནང་ཡོད། འཕྲིན་བཟང་དེ་ཁྱབ་མ་ཐག་རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་སེམས་འགུལ་ཟབ་མོ་དང་སྐུལ་མ་ཆེན་པོ་ཐེབས་ཡོད། བཤམས་སྟོན་ཁང་གི་གྲོས་ཚོགས་ཁང་དུ་ཝུའུ་དབྱིང་ཅེས་སྒྲོག་འགྲེལ་ཚོགས་འདུར་ཞུགས་མཁན་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་དང་མཐའ་མཚམས་རྫོང་གི་འགན་འཁུར་བློ་མཐུན་ལ་བྱམས་བརྩེའི་ངང་བཞུགས་མོལ་གནང་ཞིང་། ཁོང་གིས། ཚོགས་ཆེན་བཅུ་དགུ་པ་འཚོགས་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྱེད་གཅེན་གཅུང་གཉིས་ལ་བྱམས་བརྩེའི་འཚམས་འདྲི་གནང་རོགས་ཞེས་ང་ལ་ཆེད་དུ་མངགས་བཅོལ་གནང་བྱུང་། མཛད་འབྲེལ་ཆེ་རུང་སླར་ཡང་ཁྱེད་གཉིས་ལ་འཕྲིན་ལན་སྤྲིངས་ཏེ་ཁྱེད་ཚོ་ཕ་དང་བུ་མོ་མི་རབས་གཉིས་ཀྱིས་མུ་མཐུད་ནས་རྒྱལ་ཁབ་ཀྱི་དོན་དུ་མཐའ་མཚམས་བརྟན་སྲུང་བྱས་པའི་བྱ་སྤྱོད་ལ་ཁས་ལེན་གནང་བ་དང་འབྲེལ་དུས་ཡུན་རིང་པོའི་ནང་ཚང་མས་མཐའ་བརྟན་མཐའ་སྲུང་གི་ལས་ལ་གཞོལ་ནས་ལྷག་བསམ་ཟོལ་མེད་ངང་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེའང་ཞུས་ཡོད། འདི་ནི་སྤྱི་ཁྱབ་ཧྲུའུ་ཅིས་ཁྱེད་ཚོར་ཐུགས་རེ་ཟབ་མོ་བཅངས་པ་ཞིག་ཡིན་ལ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་ཚོ་300ལྷག་ཙམ་ལ་བྱམས་བརྩེའི་ཐུགས་ཁུར་གནང་བ་དང་སྐུལ་ལྕག་བཏང་བ་ཞིག་ཀྱང་ཡིན་ཁར་དེ་ལས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་བཅངས་པའི་ཏང་ཀྲུང་དབྱང་གི་བརྩེ་བ་ཟབ་མོའང་མཚོན་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གལ་ཆེན་དེ་གོ་སྐབས་ཡག་པོ་དང་སྒུལ་ཤུགས་སུ་བརྩིས་ནས་མཐའ་སྐྱོང་བོད་བརྟན་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་འཐབ་ཇུས་དགོངས་པ་གལ་ཆེན་གྱི་ཚན་རིག་དང་མཐུན་པའི་བསྟན་དོན་ལ་ནན་ཏན་ངང་གོ་བ་ཡག་པོ་ལེན་པ་དང་། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་ཏན་ཏིག་གཏོང་བ། མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཟམ་མི་ཆད་པར་ལེགས་སུ་གཏོང་བ་བཅས་བྱས་ནས་མེས་རྒྱལ་མཐའ་མཚམས་སྲ་བརྟན་ཡག་པོ་དང་། གོང་འཕེལ་ཡག་པོ། འཛུགས་སྐྲུན་ཡག་པོ་བཅས་བྱེད་དགོས། ཁྱེད་ཚོས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བྱམས་བརྩེ་ཟབ་མོ་ཕ་ཡུལ་དུ་འཁྱེར་བ་དང་ཁྱེད་ཚོས་གཏམ་རྒྱུད་ལྗོངས་ཡོངས་ཀྱི་མང་ཚོགས་ཚོར་བཤད་དེ་མི་རིགས་ཁག་གི་མང་ཚོགས་ལ་བླ་ན་མེད་པའི་རྒྱལ་ཁབ་ས་ཆ་སྲུང་མཁན་དང་བདེ་སྐྱིད་ཁྱིམ་གཞིས་སྐྲུན་མཁན་བྱ་རྒྱུར་ཁྲིད་སྟོན་བྱེད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། 
          བཤམས་སྟོན་ཁང་ནས་ཐོན་ཏེ་ཁོད་སྙོམས་པའི་ཨར་འདམ་ལམ་དང་ལམ་འགྲམ་དུ་ཡིད་དུ་འོང་ཞིང་གྲལ་སྟར་འགྲིག་པའི་བོད་བཟོའི་སྡོད་ཁང་རེ་རེས་མི་རྣམས་ལ་བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་ཁེ་གསུམ་གྲོང་ཚོར་བྱུང་བའི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བརྗོད་བཞིན་ཡོད། གྲོང་ཚོ་ཨུ་ལྷན་གྱི་ཐང་ཆེན་དུ་ཝུའུ་དབྱིང་ཅེ་རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོ་དང་སྒོར་སྒོར་དུ་བཞུགས་ཏེ་གོ་བདེ་ལ་ཤེས་སླ་བ་དང་གསོན་ཉམས་དོད་པའི་སྐད་ཆའི་ཐོག་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་འགྲེལ་བཤད་བརྒྱབ་པ་དང་། མི་སེར་ཚོའི་འཚོ་བའི་ཆ་ཤས་ནས་འགོ་བཙུགས་ཏེ་དུས་རབས་གསར་པའི་མཛེས་སྡུག་ལྡན་པའི་འཆར་གཞི་བཀོད་པ་དང་། ཚང་མ་དང་མཉམ་དུ་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་སློབ་སྦྱོང་གི་བསམ་ཚུལ་དང་མྱོང་ཚོར་གླེང་ཞིང་། ཝུའུ་དབྱིང་ཅེས་ཏང་གི་ཚོགས་ཆེན་བཅུ་དགུ་པ་ནི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ལོ་རྒྱུས་རང་བཞིན་གྱི་ཚོགས་འདུ་གཟབ་རྒྱས་ཤིག་རེད། དེ་ནི་རྒྱལ་ཁབ་དང་མི་རིགས་ཀྱི་འབྱུང་འགྱུར་དང་འབྲེལ་བ་ཡོད་ལ། ང་ཚོ་ཚང་མའི་འཚོ་བ་དང་ཡང་འབྲེལ་བ་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ཞིག་ཡིན་པའི་ངོས་ནས་བརྗོད་ན། ཚོགས་ར་དངོས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་སྙན་སྒྲོན་ཉན་རྒྱུ་བྱུང་བས་ངའི་སེམས་ཤུགས་འཕེལ་བྱུང་ལ་སྐུལ་མ་ཡང་ཚད་མེད་ཐེབས་བྱུང་། ཚོགས་ཆེན་ཐོག་འཕེལ་རྒྱས་ཀྱི་དུས་བབ་ཁོང་དུ་ཏན་ཏིག་ཆུད་པ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པའི་ཆོད་གཏམ་གལ་ཆེན་བཏོན་ནས་རང་རྒྱལ་གྱི་འཕེལ་རྒྱས་ཆེད་ལོ་རྒྱུས་ཀྱི་ཁ་ཕྱོགས་གསར་པ་ཞིག་གཏན་འཁེལ་བྱས་ཡོད། ཚོགས་ཆེན་དེ་ཏང་སེམས་དང་དམངས་སེམས་དང་མཐུན་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་ཏང་གི་མཛུབ་ཁྲིད་དགོངས་པར་གཏན་འཁེལ་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་ཆེད་བསམ་བློའི་མཚོན་ཆ་ཆེན་པོ་ཞིག་མཁོ་འདོན་བྱས་པ་དང་། ཚོགས་ཆེན་ཐོག་ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་བཏང་སྟེ་སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་བདམས་ཐོན་བྱུང་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་གཏོང་ཆེད་ཞུམ་པ་མེད་པའི་འགོ་ཁྲིད་མཁོ་འདོན་བྱས་པ། ཚོགས་ཆེན་ཐོག་འཕེལ་རྒྱས་ཀྱི་སྤྱི་ཚོགས་ལ་སྤྱི་འདོམས་བྱེད་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཐབ་ཇུས་བཀོད་སྒྲིག་བརྒྱུད་རིམ་ལྡན་པའི་སྒོ་ནས་གསལ་བཤད་བྱས་ནས་འབྱུང་འགྱུར་དུས་སྐབས་ཤིག་རིང་གི་འཕེལ་རྒྱས་ཆེད་མཛུབ་སྟོན་གལ་ཆེན་མཁོ་འདོན་བྱས་ཡོད། ང་ཚོས་དུས་རབས་གསར་པ་དང་མཐུན་པ་དང་། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སྐྱོད་པ། རྣམ་པ་གསར་པ་མངོན་པར་བྱེད་པ། ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམས་པ་བཅས་ཀྱི་ཐོག་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལས་དོན་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་ལ་སྐུལ་མ་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད། 
          ཝུའུ་དབྱིང་ཅེས་གསུངས་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པ་གྲོལ་ནས་གཟའ་འཁོར་གཅིག་སོང་བའི་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་མཉམ་སྡེབ་ཀྱི་སྣེ་ཁྲིད་དེ་ཀྲུང་གུང་ཚོགས་ཆེན་དང་པོ་ཚོགས་ཡུལ་གནས་མཆོག་དང་ནན་ཧུའུ་གྲུ་གཟིངས་དམར་པོ་མཇལ་ནས་ཏང་ཡོངས་ལ་གསོན་ཉམས་ལྡན་པ་དང་སེམས་ལ་ཟུག་པའི་ཏང་གི་སློབ་ཚན་ཞིག་འཁྲིད་གནང་བ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་ཡོངས་ལ་འོད་སྟོང་འབར་བའི་མིག་དཔེ་ཞིག་བསྟན་པ། སྤྱི་ཁྱབ་ཧྲུའུ་ཅི་དང་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པ་དང་། འགན་འཁྲི་བློ་ལ་བརྟན་པོར་ངེས་པ། ནམ་ཡང་འབད་འཐབ་བྱེད་པ་བཅས་ཀྱི་འགྱུར་མེད་དམ་བཅའ་འཇོག་ལུགས་གང་ལེགས་མངོན་ཡོད། ཁེ་གསུམ་གྲོང་ལྷན་ནི“གསར་བརྗེའི་ས་ཆ”ཞིག་ཡིན་པས་གསར་བརྗེའི་སྲོལ་རྒྱུན་བཟང་པོ་ལྡན་ཡོད། རྒྱ་ཆེའི་ཏང་ཡོན་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་དེ་འབད་འཐབ་དམིགས་ཚད་ལ་བརྩི་བ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱེད་པ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གཞི་རིམ་འཐབ་ཕྱོགས་དང་པོར་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་ལ་ལྷག་བསམ་རྣམ་དག་བྱེད་དགོས་པ་དང་། ཡུལ་མི་སྤུན་ཟླ་ཚོས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་བརྟན་ལྷིང་མཐུན་སྒྲིལ་གྱི་རྣམ་པ་བཟང་པོར་གཅེས་སྤྲས་བྱས་ཏེ་རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྐྱོང་བྱེད་པ་ལྟར་མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། ཞི་མཐུན་བརྟན་ལྷིང་བཅས་ལ་སྲུང་སྐྱོང་བྱས་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་འཐབ་ཀྱིས་རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་ད་ཆའི་བདེ་སྐྱིད་འཚོ་བ་ཡག་པོ་སྐྱེལ་དགོས་པའི་ཁར་ཀྲུང་གོའི་ཕུགས་འདུན་རླབས་པོ་ཆེ་མཉམ་དུ་གཏོད་རྒྱུའི་རེ་བ་ཡོད། 
          “ང་ཚོས་ཏང་ལ་ལྷག་བསམ་རྣམ་དག་དང་ལས་དོན་ཧུར་ཐག་བསྒྲུབས་ནས་གུང་ཁྲན་རིང་ལུགས་ཀྱི་ཆེད་དུ་ཚེ་གང་འབད་བརྩོན་བྱེད་པ་དང་ཏང་དང་མི་དམངས་ཀྱི་ཆེད་དུ་དུས་ནམ་ཡང་ཐམས་ཅད་བློས་གཏོང་རྒྱུའི་གྲ་སྒྲིག་བྱ་རྒྱུ་ཡིན”ཞེས་ཝུའུ་དབྱིང་ཅེས་ཏང་ཞུགས་དམ་བཅའི་ནང་གི་དུམ་བུ་གཅིག་འབྲངས་ཏེ་སྒྲོག་འགྲེལ་བྱེད་མཇུག་འགྲིལ་བ་རེད། 
          ཝུའུ་དབྱིང་ཅེའི་མང་ཚོགས་དང་ཉེ་བཅར་དང་འཚོ་བར་ཉེ་བཅར་གནང་ལུགས་མཚོན་པའི་གསུང་བཤད་དེར་གཞི་རིམ་ཏང་ཡོན་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཞིང་། ཚང་མས་ཧྲུའུ་ཅིའི་གསོན་ཉམས་ལྡན་པའི་སྒྲོག་འགྲེལ་ཉན་རྗེས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཤེས་རྟོགས་གཏིང་ཟབ་དང་ཁོང་དུ་ཏན་ཏིག་ཆུད་བྱུང་ལ། གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱེད་པ་དང་ཕྱུག་འགྱུར་གྱི་སྣེ་ཁྲིད་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་བྱེད་པའི་ཡིད་ཆེས་སྔར་བས་ཆེ་རུ་ཕྱིན་སོང་། ང་ཚོས་ངེས་པར་དུ་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་གཏོང་བ་དང་གསར་བརྗེའི་གཞི་རྒྱུ་བརྒྱུད་སྤྲོད་བྱས་ནས་ཁེ་གསུམ་འདི་ཉིད་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འབྱོར་འབྲིང་གྲོང་ཚོ་ཞིག་ཏུ་འཛུགས་སྐྲུན་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716