སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞི་ཅིན་ཕིང་གིས་ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་པུན་དབྱང་དང་སླར་ཡང་མཇལ་འཛོམས་གནང་བ།
སྤེལ་དུས། 2017-11-16   ཡོང་ཁུངས། མི་དམངས་ཉིན་ཚགས།   རྩོམ་སྒྲིག་པ།  ཆོས་སྒྲོན།
པུན་དབྱང་དང་ལྷན་དུ་མ་ཧོ་སུའོ་ཕྱོགས་བསྡུས་སྨན་ཁང་གི་རྩིག་རྨང་འདིང་བའི་མཛད་སྒོར་ཞུགས་པ།
ཟླ་11ཚེས་14ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་སིའི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་པུན་དབྱང་དང་ལྷན་དུ་མ་ཧོ་སུའོ་ཕྱོགས་བསྡུས་སྨན་ཁང་གི་རྩིག་རྨང་འདིང་བའི་མཛད་སྒོར་ཞུགས་པ།
          ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝན་ཐེན་ནས་ཟླ་11ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝན་ཐེན་གྱི་བཞུགས་གནས་གསོལ་མགྲོན་ཁང་དུ་ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་པུན་དབྱང་དང་སླར་ཡང་མཇལ་འཛོམས་གནང་བ་རེད།
          ཞི་ཅིན་ཕིང་གིས་ལོ་སི་ཕྱོགས་ཀྱིས་སྤྲོ་སེམས་འཁོལ་ལ་མཛའ་མཐུན་གྱི་སྣེ་ལེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་འཚམས་འདྲི་མཇུག་འགྲིལ་མཚམས་སུ་པུན་དབྱང་ཆེད་མངགས་ཞལ་གྱེས་གནང་བར་ཕེབས་པར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ད་ཐེངས་ཀྱི་འཚམས་འདྲིའི་དུས་ཚོད་ཐུང་མོད། འོན་ཀྱང་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ངས་ལོ་སིའི་ཏང་སྲིད་འགོ་ཁྲིད་བློ་མཐུན་དང་སྤེལ་རེས་གཏིང་ཟབ་བྱས་ཡོད་ལ་ལས་རིགས་ཁག་གི་མཛའ་གྲོགས་མི་སྣ་དང་བར་ཐག་ཉེ་པོས་ཐུག་འཕྲད་ཀྱང་བྱས་ཡོད། ཀྲུང་ལོ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་བཏང་ནས་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ཕྱོགས་གཉིས་པོར་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། འཚམས་འདྲི་བྱེད་རིང་ངས་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་པུན་དབྱང་དང་ལྷན་དུ་ཀྲུང་ལོ་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་གཏོད་རྒྱུར་མོས་མཐུན་གཅིག་གྱུར་བྱས་ནས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་དང་གཉིས་ཁེ་གཉིས་ཕན་ཡོང་བའི་མཉམ་ལས་ཀྱི་ནང་དོན་འཆར་འགོད་དང་། སྲོལ་རྒྱུན་མཛའ་གྲོགས་འབྲེལ་བ་དར་སྤེལ་གཏོང་བ་དང་གཞི་རིམ་དམངས་འཚོར་ཕན་པའི་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད། འཚམས་འདྲི་ཐུགས་གྲ་ལེགས་འགྲིག་བྱུང་བས་ངས་ཀྲུང་ལོ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཀྱི་མདུན་ལམ་ལ་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་ད་ཐེངས་ཀྱི་འཚམས་འདྲིའི་གྲུབ་འབྲས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་འཐབ་ཇུས་ཀྱི་སྣེ་ཁྲིད་ལ་དམ་འཛིན་ཡག་པོ་བྱེད་པ་དང་། འཐབ་ཇུས་ཀྱི་སྦྲེལ་མཐུད་ཡག་པོ་བྱེད་པ། དམངས་འཚོའི་ལས་དོན་ལེགས་པར་སྒྲུབ་པ་བཅས་བྱས་ཏེ་དུས་སྐབས་གསར་པའི་ཀྲུང་ལོ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་དེ་བས་ལེགས་པ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
          པུན་དབྱང་གིས་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་སིར་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་གནང་བ་ཐུགས་གྲ་ལེགས་འགྲིག་བྱུང་བ་དེས་ཡུན་རིང་བརྟན་ལྷིང་གི་ལོ་ཀྲུང་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཆུ་ཚད་གསར་པ་ཞིག་ཏུ་སླེབས་ཡོད། དེ་ཐོག་ནས་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་འབྲེལ་བ་གང་ལེགས་མཚོན་ཡོད། ལོ་སིའི་ཏང་ཡོངས་དང་རྒྱལ་ཡོངས་གོང་འོག་ཚང་མ་དགའ་སྤྲོ་རབ་ཏུ་འཕེལ་ནས་ལོ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འབྱུང་འགྱུར་འཕེལ་རྒྱས་ཐད་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། ལོ་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་འཚམས་འདྲི་གནང་བའི་གཡུར་ཟའི་གྲུབ་འབྲས་དག་དོན་འཁྱོལ་ནན་ཏན་བྱས་ནས“ཡག་པོ་བཞིའི”སྙིང་སྟོབས་ཀྱི་རྨང་གཞིའི་ཐོག་ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་འཕེལ་རྒྱས་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་རྒྱལ་ཁ་དེ་བས་ཆེ་བ་འཐོབ་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
          མཇལ་འཛོམས་མཇུག་འགྲིལ་རྗེས་ཞི་ཅིན་ཕིང་དང་པུན་དབྱང་རྣམ་གཉིས་ཀྱིས་ལྷན་དུ《དུས་བབ་གསར་པའི་འོག་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཕྱི་འབྲེལ་པུའུ་དང་ལོ་སི་མི་དམངས་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཕྱི་འབྲེལ་པུའི་གྲོས་མཐུན》ལ་མཚན་རྟགས་བཀོད་པར་དཔང་པོ་གནང་བ་རེད།
          མཚན་རྟགས་བཀོད་གནང་རྗེས་ཞི་ཅིན་ཕིང་གིས་པུན་དབྱང་དང་ཞལ་གྱེས་ཞུས་པ་རེད། དེ་དང་ཆབས་ཅིག་ལོ་སིའི་གཞོན་ནུ་ལོ་ཆུང་གིས་ཞི་ཅིན་ཕིང་ལ་མེ་ཏོག་སོས་པ་ཕུལ་བ་རེད།
          ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝན་ཐེན་ནས་ཟླ་11ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་སིའི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་པུན་དབྱང་དང་ལྷན་དུ་མ་ཧོ་སུའོ་ཕྱོགས་བསྡུས་སྨན་ཁང་གི་རྩིག་རྨང་འདིང་བའི་མཛད་སྒོར་ཞུགས་པ་རེད།
          ཞི་ཅིན་ཕིང་ཕེབས་ཊོར་བཞུགས་ནས་མ་ཧོ་སུའོ་ཕྱོགས་བསྡུས་སྨན་ཁང་དུ་ཕེབས་འབྱོར་ཟིན་སྐབས་པུན་དབྱང་གིས་རླངས་འཁོར་ཁ་བཀག་སར་ཕེབས་བསུ་ཞུས་པ་རེད། ཞི་ཅིན་ཕིང་དང་པུན་དབྱང་རྣམ་གཉིས་ཀྱིས་ལྷན་དུ་མ་ཧོ་སུའོ་ཕྱོགས་བསྡུས་སྨན་ཁང་གི་རྣམ་གྲངས་གྲུབ་རིས་འགྲེམས་པང་ལ་གཟིགས་པ་དང་འབྲེལ་རྣམ་གྲངས་སྐོར་གྱི་ཀྲུང་གོ་ཕྱོགས་ཀྱི་སྤྱི་ཁྱབ་བཟོ་སྐྲུན་པའི་ངོ་སྤྲོད་གསན་པ་རེད། རྩིག་རྨང་འདིང་བའི་མཛད་སྒོ་འགོ་ཚུགས་པ་དང་བསྟུན་ནས་ཞི་ཅིན་ཕིང་དང་པུན་དབྱང་རྣམ་གཉིས་ཀྲུའུ་ཞི་སྡིངས་ཆའི་ཐོག་ཕེབས་ནས་རྨང་རྡོར་ས་སྣོན་བསྐྱོན་པ་དང་མེ་ཏོག་སོས་པ་སྟོར་གནང་བ་རེད།
          རྩིག་རྨང་འདིང་བའི་མཛད་སྒོ་མཇུག་འགྲིལ་རྗེས་ཞི་ཅིན་ཕིང་དང་པུན་དབྱང་རྣམ་གཉིས་ལྷན་དུ་སྨན་ཁང་གི་ནད་སྡོད་པུའི་ཐོག་བརྩེགས་ཁང་ཆེན་དུ་ཕེབས་ནས་ལོ་སིར་རོགས་སྐྱོར་བྱེད་མཁན་ཀྲུང་གོ་ཕྱོགས་ཀྱི་མིག་ནད་ཚན་ཁག་གི་སྨན་དོན་མི་སྣ་དང་སྤེལ་རེས་ཐུང་ངུ་གནང་བ་དང་འབྲེལ་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད། ཞི་ཅིན་ཕིང་གིས་འོད་སྣང་དང་མཛའ་མཐུན་གྱི་ཕོ་ཉ་ཡིན་པའི་ཆ་ནས་ཀྲུང་གོ་ཕྱོགས་ཀྱི་སྨན་དོན་མི་སྣས་ལོ་སིའི་ནད་པར་འོད་སྣང་སྦྱིན་པ་མ་ཟད། ཀྲུང་ལོ་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་གྱི་དམངས་འདོད་རྨང་གཞི་བརྟན་དུ་གཏོང་རྒྱུར་ཡང་ལེགས་སྐྱེས་གལ་ཆེན་ཕུལ་ཏེ་དུས་རབས་གསར་པའི་རྒྱལ་སྤྱིའི་རིང་ལུགས་ཀྱི་སྙིང་སྟོབས་མཚོན་པ་བྱས་པར་བསྔགས་བརྗོད་ཆེན་པོ་གནང་བ་རེད། ཞི་ཅིན་ཕིང་དང་པུན་དབྱང་ལྷན་དུ་མིག་ནད་ཚན་ཁག་གི་ནད་ཁང་དུ་ཕེབས་ནས་ཀྲུང་གོ་ཕྱོགས་ཀྱི་སྨན་དོན་མི་སྣའི་ངོ་སྤྲོད་གསན་པ་རེད། སྨན་དོན་མི་སྣས་ས་གནས་ས་ཐོག་ཏུ་ཀྲུང་གོ་ཕྱོགས་ཀྱི་སྐྱ་གྲིབ་གཤགས་བཅོས་དང་ལེན་བྱས་རྗེས་དྲག་སྐྱེད་བྱུང་བའི་ལོ་སི་ཕྱོགས་ཀྱི་ནད་པ་གཉིས་ཀྱི་མིག་རས་ཕྱེ་བ་རེད། ཞི་ཅིན་ཕིང་གིས་ནད་པ་དེ་གཉིས་སྔ་ཙམ་དྲག་སྐྱེད་དང་ཁྱིམ་ཚང་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུས་པ་རེད། སླར་ཡང་འོད་སྣང་མཐོང་བའི་ལོ་སིའི་ནད་པ་གཉིས་ཀྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་ཀྲུང་གོ་སྲིད་གཞུང་གིས་སྨན་དོན་མི་སྣ་མངགས་ནས་སྨན་བཅོས་བྱས་ཏེ་ང་ཚོ་སླར་ཡང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་བར་ཐུགས་རྗེ་ཆེ་ཞུས་པ་རེད།
          ཞི་ཅིན་ཕིང་གིས་ཀྲུང་ལོ་རྒྱལ་ཁབ་གཉིས་པོའི་མཉམ་ལས་དེ་དམངས་འཚོའི་ཁྱབ་ཁོངས་སུ་མང་ཙམ་ཕྱོགས་ནས་ས་གནས་དེ་གའི་དམངས་ཚོགས་དེ་བས་མང་བར་ཕན་པ་ཐོབ་པ་བྱེད་དགོས། མཁྲེགས་ཆས་ཡོད་པས་ད་དུང་མཉེན་ཆས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། རྒྱལ་ཁབ་གཉིས་པོའི་འཕྲོད་བསྟེན་གཙོ་གཉེར་སྡེ་ཚན་གྱིས་སྲིད་ཇུས་སྤེལ་རེས་དང་དོན་གཉེར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག་སྨན་བཅོས་ཆུ་ཚད་མཐོ་རུ་བཏང་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་ལེགས་པ་སྐྲུན་དགོས་ཞེས་གསུངས་པ་རེད།
          མ་ཧོ་སུའོ་ཕྱོགས་བསྡུས་སྨན་ཁང་ནི་ཀྲུང་གོས་ལོ་སིར་རོགས་སྐྲུན་བྱས་པའི་དམངས་འཚོའི་ཁྱབ་ཁོངས་ཀྱི་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་ཤིག་ཡིན་པ་དང་། མ་ཧོ་སུའོ་ཡི་ད་ཡོད་སྨན་ཁང་གི་རྨང་གཞིའི་ཐོག་གསར་སྐྲུན་རྒྱས་སྐྲུན་བྱས་པ་ཞིག་རེད། དེའི་དམིགས་ཡུལ་ནི་ལོ་སིས་སྨན་བཅོས་ཆ་རྐྱེན་ལེགས་སུ་གཏོང་རྒྱུར་རོགས་རམ་བྱེད་རྒྱུ་དེ་ཡིན་པ་དང་། སྔོན་དཔག་ལྟར་ན། 2021ལོར་བེད་སྤྱོད་གཏོང་ཐུབ་རྒྱུ་ཡིན་པ་རེད།
          དེ་ཉིན་ཞི་ཅིན་ཕིང་གིས་ལོ་སིའི་མིང་མེད་འཐབ་འཛིང་པའི་དྲན་གསོའི་རྡོ་རིང་ལ་འདས་མཆོད་མེ་ཏོག་ཕྲེང་བ་ཕུལ་བ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716