སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱིས“ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”གི་ཞིང་ལས་ཐོན་རྫས་ཀྱི་དཔང་དངོས་ར་སྤྲོད་ཁ་གསབ་ཀྱི་ཚོད་ལྟར་སྤྱོད་པའི་བྱ་ཐབས་ཐོག་མར་བཏོན།
སྤེལ་དུས། 2017-11-17   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བཀྲ་རྒྱལ་གྱིས་བསྒྱུར།
བོད་ལྗོངས་ཀྱིས་ཐོག་མར“ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”གི་ཞིང་ལས་ཐོན་རྫས་ཀྱི་དཔང་དངོས་ར་སྤྲོད་ཁ་གསབ་ཀྱི་ཚོད་ལྟར་སྤྱོད་པའི་བྱ་ཐབས་བཏོན།
ལྗང་མདོག་ཐོན་རྫས་སྣ་གཅིག་ལ་དཔང་དངོས་ར་སྤྲོད་གསར་པ་གཅིག་བྱས་ཚེ་ཁ་གསབ་རོགས་དངུལ་སྒོར་ཁྲི5སྤྲོད་རྒྱུ་རེད།
          སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་སུ་ཕྱིན་པ་དང་བསྟུན་འཚོ་བའི་ཆུ་ཚད་ཉིན་བཞིན་མཐོ་རུ་འགྲོ་བཞིན་ཡོད་དེ། བཟའ་གྱོན་སྡོད་འགྲུལ་ཐད་མི་རྣམས་ཀྱིས་སྤུས་ཚད་མཐོན་པོར་དོ་སྣང་བྱེད་ཀྱི་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་།  སྤྱི་གནོད་མེད་པའི་ཞིང་ལས་ཐོན་རྫས་དང་ལྗང་མདོག་ཟས་རིགས། སྐྱེ་ལྡན་ཐོན་རྫས། ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས( གཤམ་དུ“ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”ཅེས་བསྡུས)མི་རྣམས་ཀྱི་འཚོ་བའི་ཁྲོད་ཐོན་གྱི་ཡོད་ལ། རིམ་བཞིན་སྔར་བས་དང་ལེན་དང་ཁས་ལེན་བྱེད་ཀྱི་ཡོད་པས། རང་རྒྱལ་གྱི་སྤྱི་པའི་བདེ་འཇགས་དང་སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་ཀྱི་མིང་རྟགས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།
           “ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་པ་དང་རང་ལྗོངས་ཀྱི་ཞིང་ལས་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་པ། བདེ་འཇགས་དང་སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་ཐོན་སྐྱེད་ཀྱི་གཞི་ཁྱོན་རྒྱ་བསྐྱེད་པ། ཞིང་ལས་ཐོན་རྫས་སྤུས་རྟགས་ཅན་གྱི་གཉེར་སྐྱོང་ལ་སྐུལ་འདེད་གནང་པ། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་དང་མི་དམངས་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་ལ་འགན་ལེན་གནང་ཆེད། ཞིང་ལས་པུའུ་ཡིས་ཤུགས་ཆེའི་རྒྱབ་སྐྱོར་འོག  རང་ལྗོངས་ཀྱིས《བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གིས“ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”ཞིང་ལས་ཐོན་རྫས་ཀྱི་དཔང་དངོས་ར་སྤྲོད་ཁ་གསབ་ཀྱི་ཚོད་ལྟར་སྤྱོད་པའི་བྱ་ཐབས》( གཤམ་དུ《བྱ་ཐབས》ཞེས་བསྡུས)བཏོན་ལ།  དེ་ནི་རང་ལྗོངས་ཀྱི་རོགས་དངུལ་དེ་རིགས་ཐད་བཏོན་པའི་བྱེད་ཐབས་ཐོག་མ་ཡིན་པ་དང་། 2018ལོའི་ཟླ་1པའི་ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་ཡིན་ལ། ལོ་གཅིག་རིང་ཚོད་ལྟར་སྤྱོད་རྒྱུ་རེད།
          ཁ་གསབ་ཚད་གཞི།
          སྤྱི་གནོད་མེད་པའི་ཞིང་ལས་ཐོན་རྫས་རེར་དཔང་དངོས་བདེན་སྤྲོད་གསར་པ་གཅིག་བྱས་ཚེ་ཁ་གསབ་སྒོར་ཁྲི1རེ་གནང་རྒྱུ་རེད།
          “མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ཀྱི་རྟེན་གཞི་བསྐྲུན་པའི་འཐབ་ཇུས་ཀྱི་དམིགས་འབེན་མངོན་འགྱུར་དང་།‘ཐོན་རྫས་གསུམ་དང་མཚོན་རྟགས་གཅིག’འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་གཏོང་པ། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་འགན་ལེན་གནང་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་སྤུས་ཀའི་བདེ་འཇགས་སྐོར་གྱི་བཅའ་ཁྲིམས》《ལྗང་མདོག་བཟའ་བཅའི་མཚོན་རྟགས་དོ་དམ་བྱ་ཐབས》《ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་དོ་དམ་བྱ་ཐབས》《ཞིང་ལས་པུའུ་ཡིས‘ཐོན་རྫས་གསུམ་དང་མཚོན་རྟགས་གཅིག’རྒྱུན་མཐུད་དང་གེག་མེད་ངང་འཕེལ་རྒྱས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》སོགས་འབྲེལ་ཡོད་གཏན་འབེབས་ལྟར། རང་ལྗོངས་ཀྱི་དོན་དངོས་གཞིགས་ནས་ཆེད་དུ《བྱ་ཐབས》དེ་བཟོས་པ་རེད” ཅེས་རང་སྐྱོང་ལྗོངས་ཞིང་ཕྱུགས་ཐོན་ཟོག་སྤུས་ཚད་བདེ་འཇགས་ཞིབ་བཤེར་ཚད་ལེན་ལྟེ་གནས་། རང་སྐྱོང་ལྗོངས་ལྗང་མདོག་བཟའ་བཅའ་དོ་དམ་གཞུང་དོན་ཁང་གི་ཀྲུའུ་རེན་ཝང་ཧའེ་དེ་ལྟར་ངོ་སྤྲོད་གནང་སོང་།
          《བྱ་ཐབས》བཏོན་རྗེས་མི་མི་ཉུང་བ་ཞིག་གིས་འབྲེལ་ཡོད་ཀྱི་ཞིབ་ཆའི་གནས་ཚུལ་ལ་འདྲི་རྩད་བྱེད་པར་ཡིད་ཆེས་ཡོད་ལ། དེའི་ཐད་འདི་ག་ཚགས་པར་ཁང་གི་གསར་འགོད་པས་སྔོན་ལ་ཤེས་རྟོགས་ཞིབ་ཕྲ་གནང་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། 《བྱ་ཐབས》ནང་ཁ་གསབ་རོགས་སྐྱོར་བྱ་ཡུལ་ནི་བོད་ཀྱི་ས་ཁོངས་ནང་ཐོ་འགོད་གནང་པའི་ཞིང་ལས་ཐོན་རྫས་ཐོན་སྐྱེད་དང་ལས་སྣོན། གཉེར་སྐྱོང་བྱེད་པའི་ཁེ་ལས་སྡེ་ཚན་དང་ལས་ཁུངས། ཞིང་པའི་མཉམ་ལས་ཁང་། ཁྱིམ་དུད་ཞིང་ར། དཔལ་འབྱོར་རྩ་འཛུགས་གཞན་དག་རེད།
          འོ་ན།  ཁ་གསབ་ཚད་གཞི་ག་འདྲ་ཞིག་ཡིན་ནམ་ཞེ་ན། “སྤྱི་གནོད་མེད་པའི་ཞིང་ལས་ཐོན་རྫས་རེར་དཔང་དངོས་ར་སྤྲོད་གསར་པ་གཅིག་བྱས་ཚེ་ཁ་གསབ་སྒོར་ཁྲི་1རེ་གནང་རྒྱུ་ཡིན་ལ། སྤྱི་གནོད་མེད་པའི་ཞིང་ལས་ཐོན་རྫས་རེར་འཁྲོལ་འཛིན་བརྗེ་བའི་བསྐྱར་ཞིབ་བརྒྱུད་ཚེ་ཁ་གསབ་སྒོར་ཁྲི་0.5སྤྲོད་རྒྱུ་རེད། ཁེ་ལས་རེར་ལོ་རེར་སྤྱི་གནོད་མེད་པའི་ཞིང་ལས་ཐོན་རྫས་ཀྱི་ཁ་གསབ་རིམ་རྩིས་བྱས་ན་སྒོར་ཁྲི་10ལས་མི་བརྒལ་བ། ལྗང་མདོག་བཟའ་བཅར་དཔང་དངོས་བདེན་སྤྲོད་གསར་པ་གཅིག་བྱས་ཚེ་ཁ་གསབ་རོགས་དངུལ་སྒོར་ཁྲི་5སྤྲོད་པ། ལྗང་མདོག་ཐོན་རྫས་གཅིག་ལ་བསྟུད་སྤྱོད་དཔང་དངོས་བདེན་སྤྲོད་བྱས་ཚེ་ཁ་གསབ་རོགས་དངུལ་སྒོར་ཁྲི་2སྤྲོད་པ། ཁེ་ལས་རེར་ལོ་རེར་རིམ་རྩིས་བྱས་ན་ཁ་གསབ་སྒོར་ཁྲི་10ལས་མི་བརྒལ་རྒྱུ ( མཆན། རིགས་འདྲའི་ཐོན་རྫས་དགཐུམ་སྒྲིལ་མི་འདྲ་བ་དང་།། ཇུས་འགོད་མི་འདྲ་ཡང་རིགས་གཅིག་ལ་བརྩི་བ)”ཞེས་ཝང་ཧའེ་ཡིས་ངོ་སྤྲོད་གནང་བྱུང་། “ སྐྱེ་ལྡན་ཐོན་རྫས་ལ་དཔང་དངོས་ར་སྤྲོད་གཅིག་བྱས་ཚེ་ཁ་གསབ་རོགས་དངུལ་སྒོར་ཁྲི་5སྤྲོད་རྒྱུ་དང་། ཡང་བསྐྱར་སྐྱེ་ལྡན་ཐོན་རྫས་ལ་དཔང་དངོས་ར་སྤྲོད་གསར་པ་གཅིག་བྱས་ཚེ་ཁ་གསབ་རོགས་དངུལ་སྒོར་ཁྲི་2སྤྲོད་པ། ཁེ་ལས་རེར་ལོ་རེར་སྐྱེ་ལྡན་ཐོན་རྫས་ཀྱི་ཁ་གསབ་རིམ་རྩིས་བྱས་ན་སྒོར་ཁྲི་10ལས་མི་བརྒལ་བ། ( མཆན། གཅིག་ནི་ཁ་གསབ་སྤྲད་པའི་ཐོན་རྫས་ངེས་པར་དུ་ཀྲུང་ལོས་ཧྭ་ཞས་སྐྱེ་ལྡན་ཟས་རིགས་དཔང་དངོས་ར་སྤྲོད་བྱེད་དགོས་པ། གཉིས་ནི་རིགས་འདྲའི་ཐོན་རྫས་དག་ཐུམ་སྒྲིལ་མི་འདྲ་བ་དང་།  ཇུས་འགོད་མི་འདྲ་ཡང་རིགས་གཅིག་ལ་བརྩི་བ། གསུམ་ནི་ལས་ཁུངས་གཞན་ནས་ཀྲུང་ལོས་ཧྭ་ཞ་སྐྱེ་ལྡན་བཟའ་བཅའ་བདེན་དཔང་ར་སྤྲོད་ལྟེ་གནས་སུ་སྐོར་པ་དག་བསྐྱར་དུ་དཔང་དངོས་བདེན་སྤྲོད་ལྟར་བརྩི་དགོས། བཞི་ནི་སྐོར་པའི་དུས་རིམ་གྱི་ཐོན་རྫས་མི་བརྩི)" གཞན་ཡང་།  གསར་འགོད་པས་ཤེས་རྟོགས་བྱུང་བར། རྒྱལ་ཁབ་ཞིང་ལས་པུའུ་ཐོན་རྫས་ས་ཁམས་མཚོན་རྟགས་གསར་དུ་ཐོབ་པ་གཅིག་ལ་ཐེངས་གཅིག་རང་བཞིན་གྱི་ཁ་གསབ་རོགས་དངུལ་སྒོར་ཁྲི5གནང་པ།  རེ་འདུན་ཞུ་མཁན་རེ་རེར(ཐོ་འགོད་ལག་ཁྱེར་འཛིན་མཁན)ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་ཐོབ་པའི་ཁ་གསབ་རིམ་རྩིས་བྱས་ན་སྒོར་ཁྲི་10ལས་མི་བརྒལ་བ། མ་ཟད་རྒྱལ་ཡོངས་ཀྱི་ལྗང་མདོག་བཟའ་བཅའི་རྒྱུ་ཆ་ཚད་ལྡན་ཅན་ཐོན་སྐྱེད་རྟེན་གཞི་དང་སྐྱེ་ལྡན་ཞིང་ལས་དཔེ་སྟོན་རྟེན་གཞི་གཅིག་རེ་གསར་དུ་བསྐྲུན་ཚེ་ཁ་གསབ་རོགས་དངུལ་སྒོར་ཁྲི་20སྤྲོད་པ། རྒྱལ་ཡོངས་ཀྱི་ལྗང་མདོག་བཟའ་བཅའི་རྒྱུ་ཆ་ཚད་ལྡན་ཅན་ཐོན་སྐྱེད་རྟེན་གཞི་དང་སྐྱེ་ལྡན་ཞིང་ལས་དཔེ་སྟོན་རྟེན་གཞི་གཅིག་རེ་བསྟུད་སྤྱོད་གནང་ཚེ་ཁ་གསབ་རོགས་དངུལ་སྒོར་ཁྲི5རེ་སྤྲོད་རྒྱུ་རེད།
          འཆར་གཞིའི་དམིགས་ཚད།
          2020ལོར་སླེབས་ཚེ་སྐྱེ་ལྡན་ཐོན་རྫས་ལ་དཔང་དངོས་ར་སྤྲོད་བྱེད་ཚད་30ཟིན་ཐུབ་པར་བྱེད་པ།
          གསར་འགོད་པས་བོད་རང་སྐྱོང་ལྗོངས་ཞིང་ཕྱུགས་ཐོན་ཟོག་སྤུས་ཚད་བདེ་འཇགས་ཞིབ་བཤེར་ཚད་ལེན་ལྟེ་གནས་ནས་ཤེས་རྟོགས་བྱུང་དོན། “ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”འཕེལ་རྒྱས་གཏོང་པ་ནི་ལྗང་མདོག་འཕེལ་རྒྱས་ཀྱི་ལྟ་བ་ལག་བསྟར་བྱེད་པའི་ཐབས་ལམ་ནུས་ལྡན་ཞིག་ཡིན་ལ། ཞིང་ལས་ཐོན་རྫས་ཀྱི་སྤུས་ཀའི་བདེ་འཇགས་ཀྱི་གལ་ཆེའི་བྱ་ཐབས་ཤིག་ཀྱང་རེད།  རང་ལྗོངས་ཀྱིས་ས་མཐོའི་དམིགས་བསལ་གྱི་སྣོད་བཅུད་ཁོར་ཡུག་ལ་བརྟེན་ནས “ ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”འཕེལ་རྒྱས་གཏོང་བར་ཐུན་མོང་མ་ཡིན་པའི་ཆ་རྐྱེན་བསྐྲུན་ཡོད་པ་རེད།
          རེ་ཞུ་མཁན་གྱི་ཧུར་སེམས་ལ་སྐུལ་འདེད་གཏོང་ཆེད། རྒྱལ་ཡོངས་ཀྱི་ཞིང་ཆེན་མང་ཆེ་བས“ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”གི་དཔང་དངོས་ར་སྤྲོད་ཐོ་འགོད་ལ་རོགས་དངུལ་ལམ་ཡང་ན་བྱ་དགའི་སྲིད་ཇུས་ལག་བསྟར་བྱས་ཡོད་པ་རེད། དེར་བརྟེན། རང་ལྗོངས་ཀྱིས་ཀྱང་འབྲེལ་ཡོད་བྱེད་ཐབས་བཏོན་ཡོད། ཝང་ཧའེ་ཡིས། “དམིགས་ཡུལ་ནི་ཞིང་ལས་ཐོན་རྫས་ཐོན་སྐྱེད་དང་ལས་སྣོན།  གཉེར་སྐྱོང་བྱེད་པའི་ཁེ་ལས་སྡེ་ཚན་དང་ལས་ཁུངས། ཞིང་པའི་མཉམ་ལས་ཁང་། ཁྱིམ་ཚང་གི་ཞིང་ར། དེ་མིན་གྱི་དཔལ་འབྱོར་རྩ་འཛུགས་ཀྱིས་རོགས་དངུལ་ལམ་ཡང་ན་བྱ་དགའི་སྲིད་ཇུས་ཤེས་སུ་འཇུག་རྒྱུ་དང་། ‘ཐོན་རྫས་གསུམ་དང་མཚོན་རྟགས་གཅིག’ གི་ཞིང་ལས་ཐོན་རྫས་ཀྱི་དཔང་དངོས་ར་སྤྲོད་ལ་རེ་ཞུ་ཕུལ་བའི་ཧུར་བརྩོན་རང་བཞིན་ཇེ་མཐོར་བཏང་ནས་རང་ལྗོངས་ཀྱི་ཞིང་ལས་ཐོན་རྫས་ཀྱི་ཁྱོན་ཡོངས་་སྤུས་ཚད་བདེ་འཇགས་ཆུ་ཚད་ཇེ་མཐོར་བཏང་ཐོག བྱ་གཞག་དེ་རྒྱུན་མཐུད་དང་བདེ་བླག་ངང་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས་ཞེས་བརྗོད་བྱུང་།
          ཤེས་རྟོགས་བྱུང་བར་གཞིགས་ན།རང་ལྗོངས་ཀྱི་འཆར་གཞིན་ནི་2020 ལོར་སླེབས་སྐབས་ སྐྱེ་ལྡན་ཐོན་རྫས་དཔང་དངོས་ར་སྤྲོད་བྱེད་ཚད་30ལ་སླེབས་ཐུབ་ཅིང་། ཐོན་ཡུལ་གྱི་དཔང་དངོས་ར་སྤྲོད་15ལ་སླེབས་ཐུབ་པ། ས་གཤིས་མཚོན་རྟགས་ཐོན་རྫས་རེ་ཞུ་ཕུལ་མཁན་20ལ་སླེབས་ཐུབ་དེ་ཡིན། ད་བར་དུ་རང་ལྗོངས་ཀྱིས་སྤྱི་གནོད་མེད་པའི་ཞིང་ལས་ཐོན་རྫས་རྟེན་གཞིར་ངོས་འཛིན་བྱས་པའི་གནས་22དང་། སྤྱི་གནོད་མེད་པའི་ཞིང་ལས་ཐོན་རྫས་205ལ་དཔང་དངོས་ར་སྤྲོད་བྱས་ཤིང་།  ལྗང་མདོག་བཟའ་བཅའི་ཁེ་ལས་13དང་ཐོན་རྫས་33ལ་དཔང་དངོས་ར་སྤྲོད་བྱས་པ།  སྐྱེ་ལྡན་བཟའ་བཅའི་ཁེ་ལས་3དང་ཐོན་རྫས་6དཔང་དངོས་ར་སྤྲོད་བྱས་ཡོད་ནའང་དེ་ཙམ་གྱིས་འདང་གི་ཡོད་པ་མ་རེད།
          ཁ་གསབ་གོ་རིམ།
          འབྲེལ་ཡོད་རྒྱུ་ཆ་གྲ་སྒྲིག་བྱས་ཏེ་ཕྱི་ལོའི་ཟླ་3པའི་ཚེས་1ཉིན་གྱི་སྔོན་ཡར་ལ་སྤྲོད་ཆོག
          《བྱ་ཐབས》ཀྱི་ཁ་གསབ་སྤྲོད་པའི་ཆ་རྐྱེན་དང་མཐུན་པའི་ཞིང་ལས་ཐོན་རྫས་ཐོན་སྐྱེད་དང་ལས་སྣོན།  གཉེར་སྐྱོང་བྱེད་པའི་ཁེ་ལས་སྡེ་ཚན་དང་ལས་ཁུངས། ཞིང་པའི་མཉམ་ལས་ཁང་། དེ་མིན་དཔལ་འབྱོར་རྩ་འཛུགས་རང་གི་རེ་ཞུ་ཕུལ་དགོས།
          རེ་ཞུའི་གོ་རིམ་སྐོར། རང་སྐྱོང་ལྗོངས་ཞིང་ཕྱུགས་ཐོན་ཟོག་སྤུས་ཚད་བདེ་འཇགས་ཞིབ་བཤེར་ཚད་ལེན་ལྟེ་གནས་ཀྱི་འབྲེལ་ཡོད་ལས་དོན་མི་སྣས་བཤད་རྒྱུར།  རེ་ཞུ་བྱེད་སྐབས་《བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གིས“ ཐོན་རྫས་གསུམ་དང་མཚོན་རྟགས་གཅིག” གི་ཁ་གསབ་རོགས་དངུལ་རེ་ཞུའི་རེའུ་མིག》སྐོང་དགོས་པ་དང་། ལོ་དེའི་དཔང་དངོས་ར་སྤྲོད(ངོས་འཛིན)དཔང་ཡིག་བཤར་འབེབས་བྱེད་པ་དང་། ལས་གཉེར་བྱས་འཐུས་དཔང་ཡིག   སྤྱི་ཚོགས་ཚོགས་པའི་ཐོ་འགོད་དཔང་ཡིག སྡོད་དམངས་ཀྱི་ཐོབ་ཐང་ལག་ཁྱེར་གྱི་ངོ་བཤུས་པར་མ་བཅས་ཕྱི་ལོའི་ཟླ3པའི་ཚེས1 ཉིན་གྱི་སྔོན་དུ་རང་སྐྱོང་ལྗོངས་ཀྱི་ཞིང་ཕྱུགས་ཐོན་ཟོག་སྤུས་ཚད་བདེ་འཇགས་ཞིབ་བཤེར་ཚད་ལེན་ལྟེ་གནས་ལ་སྤྲད་ཚེ་འཐུས།
          “རང་སྐྱོང་ལྗོངས་ཞིང་ཕྱུགས་ཐོན་ཟོག་སྤུས་ཚད་བདེ་འཇགས་ཞིབ་བཤེར་ཚད་ལེན་ལྟེ་གནས་ལ་རེ་ཞུའི་ཡིག་རིགས་འབྱོར་རྗེས། སྐབས་བསྟུན་རྟོག་ཞིབ་རྩ་འཛུགས་བྱས་ཏེ་ཞིབ་བཤེར་བསམ་འཆར་འདོན་རྒྱུ་མ་ཟད་བོད་ཀྱི་ཞིང་འབྲོག་ཆ་འཕྲིན་དྲ་བ་དང་། ཚགས་པར་སོགས་ཀྱི་ཐབས་ལམ་བརྒྱུད་དེ་ཉིན་བདུན་རིང་སྤྱི་བསྒྲགས་གནང་རྒྱུ། སྤྱི་བསྒྲགས་སྤེལ་ནས་བསམ་འཆར་མེད་ཚེ། རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་ལ་སྙན་ཞུ་བྱས་ནས་ཆོག་འཐུས་གནང་རྒྱུའི་རེ་ཞུ་བྱེད་ཅིང་།  འདྲ་མཉམ་དྲང་གཞག་དང་མངོན་གསལ་ལ་འགན་ལེན་བྱེད་དགོས། ལས་བྱེད་མི་སྣ་དེས“བྱ་དགའ་ཐོབ་པའི་སྡེ་ཚན་དང་རྩ་འཛུགས་ཀྱི་ཁ་གསབ་མ་དངུལ་དེ་ངེས་པར་དུ་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ཐད་སྤྱོད་རྒྱུར་འགན་ལེན་བྱས་ཏེ་ཞིང་ལས་ཐོན་རྫས་དང་ཁེ་ལས་ཀྱི་མིང་རྟགས་སྣང་བརྙན་སྔར་བས་མཐོར་འདེགས་གཏོང་རྒྱུ་དང་། ཞིང་ལས་ཐོན་རྫས་ཀྱི་སྤྱི་ཚོགས་ཤུགས་རྐྱེན་དང་ཚོང་རར་ཁྱབ་ཚད་ཧུར་ཐག་སྒོས་མཐོ་རུ་གཏོང་དགོས་ལ། འབྲེལ་ཡོད་སྡེ་ཚན་གྱི་ལྟ་སྐུལ་རང་རྟོགས་ཀྱིས་དང་ལེན་བྱེད་དགོས། ལྟ་སྐུལ་བརྒྱུད་རིམ་ནང་སྒྲིག་འགལ་གྱིས་ཚད་གཞི་སྤྱོད་པ་དང་།  རྒྱལ་ཁབ་ཀྱི་ཚད་གཞི་ལྟར་ཐོན་སྐྱེད་གཉེར་སྐྱོང་མ་བྱས་པའི་སྡེ་ཚན་དང་རྩ་འཛུགས་བཅས་ཀྱི་གནས་ཚུལ་ཤེས་ཚེ། ལོ་དེའི་ཐོན་རྫས་ཡོད་ཚད་ཀྱི་ཁ་གསབ་ཐོབ་ཐང་མེད་པ་བཟོ་རྒྱུ”ཡིན་ཞེས་བརྗོད་བྱུང་།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716