སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་གེགས་སེལ་གྱི་འཐབ་ས་དང་པོར་བྱམས་བརྩེའི་འཚམས་འདྲི་གནང་ལུགས་བརྒྱུད་བསྒྲགས་གནང་བ།
སྤེལ་དུས། 2017-11-20   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  ལྷག་ཚེས་བསྒྱུར།
ཝུའུ་དབྱིང་ཅེས་སྨན་གླིང་རྫོང་གི་ས་ཡོམ་རིམ་པ་6.9ཡི་གེགས་སེལ་ལས་དོན་བཀོད་སྒྲིག་གནང་བ།
ཙུང་ལི་ལི་ཁེ་ཆང་སོགས་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་ཚོའི་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་གནང་བ།
ཆེ་དགྲ་ལྷ་དང་ཏིང་ཡེ་ཤན་གྱིས་བླང་བྱ་བཏོན་གནང་བ། མིག་སྔའི་བར་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཚབས་ཆེན་སྐོར་གྱི་སྙན་སེང་འབྱོར་མེད་པ་དང་། མང་ཚོགས་ཀྱི་སེམས་རྣལ་ལ་ཕབ་པ། སྤྱི་ཚོགས་ཀྱི་སྒྲིག་ལམ་ཡག་པོ་ཡོད་པ།
          ཟླ་11ཚེས་18ཉིན་གྱི་ཆུ་ཚོད་6དང་སྐར་མ་34ཡི་ཐོག་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང(བྱང་གི་འཕྲེད་ཐིག་ཏུའུ་29.75དང་ཤར་གྱི་གཞུང་ཐིག་ཏུའུ་95.02)དུ་ས་ཡོམ་རིམ་པ་6.9བརྒྱབ་པ་དང་ཡོམ་ཁུངས་གཏིང་ཚད་སྤྱི་ལེ་10ཟིན་པ་དང་ཡོམ་ལྟེ་ཡར་ཀླུང་གཙང་པོའི་རོང་ཆེན་གྱི་ལྟེ་བའི་མི་མེད་ཁུལ་དུ་ཡིན་པ་རེད།
          ས་ཡོམ་བརྒྱབ་རྗེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་གནང་ཞིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཏིང་ཡེ་ཤན་བཅས་ཀྱིས་འཕྲལ་དུ་ཞལ་པར་བསྐྱོན་ནས་ཉིང་ཁྲི་གྲོང་ཨུད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དང་འབྲེལ་གཏུག་གནང་སྟེ་ས་ཡོམ་གྱི་འབྲེལ་ཡོད་གནས་ཚུལ་མཁྱེན་རྟོགས་གནང་བ་དང་འབྲེལ། ནུས་ཤུགས་ཡོད་རྒུས་ཡོམ་འགོག་གེགས་སེལ་གྱི་ལས་དོན་ཁག་ཡག་པོ་སྒྲུབ་པ་དང་བྱེད་ཐབས་ནུས་ལྡན་སྤྱད་ནས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
          སྔ་དྲོ་ཝུའུ་དབྱིང་ཅེ་ཆེད་མངགས་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་རུ་ཕེབས་ཏེ་བརྙན་ལམ་དང་ཁ་པར་སོགས་བརྒྱུད། ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོའི་གཞི་རིམ་ལས་བྱེད་པ་དང་དཔུང་སྡེའི་དཔོན་དམག་ཚོར་གེགས་ཁུལ་གྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་དང་ཆབས་ཅིག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་གེགས་སེལ་གྱི་འཐབ་ས་དང་པོར་གནས་པའི་ལས་བྱེད་མང་ཚོགས་དང་དཔུང་སྡེའི་དཔོན་དམག་ལ་བྱམས་བརྩེའི་འཚམས་འདྲི་གནང་ལུགས་དང་ཙུང་ལི་ལི་ཁེ་ཆང་སོགས་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་ཚོའི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་གནང་ཞིང་། མིག་སྔར་གེགས་ཁུལ་དུ་མི་སྣ་ཤི་རྨས་བྱུང་མེད་པ་དང་། ཁང་པ་རྡིབ་མེད་པ། མང་ཚོགས་ཚོའི་སེམས་རྣལ་ལ་ཕབ་པ། ཡོམ་འགོག་གེགས་སེལ་ལས་དོན་ཛ་དྲག་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་མཁྱེན་རྗེས་ཝུའུ་དབྱིང་ཅེས་འབྲེལ་ཡོད་ལས་དོན་ཐད་བཀོད་སྒྲིག་གནང་ནས་གེགས་ཁུལ་གྱི་ཞི་མཐུན་བརྟན་ལྷིང་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
          རང་སྐྱོང་ལྗོངས་དང་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་འགོ་ཁྲིད་ཧོ་ཝུན་ཧའོ་དང་། ལིའུ་ཅང་། ལིའུ་གོ་རུང་བཅས་ཞུགས་ཡོད་པ་རེད།
          ཀོང་ཏུང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་ཀྱིས་ཁ་པར་ཐོག་ནས་འབྲེལ་ཡོད་གནས་ཚུལ་མཁྱེན་རྟོགས་གནང་བ་དང་འབྲེལ་འཚམས་འདྲིའང་ཞུས་པ་རེད།
          ཉིང་ཁྲི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་འཕྲལ་དུ་གྲོང་ཁྱེར་ཡོངས་སུ་འཕྲལ་སྡོམ་སྔོན་ཇུས་ལག་བསྟར་བྱེད་འགོ་བཙུགས་ནས་གྲོང་ཨུད་ཧྲུའུ་ཅི་མཱ་ཧྲེན་ཁྲང་གིས་ཙུའུ་ཀྲང་གནང་བའི་འཕྲལ་སྡོམ་ཡོམ་འགོག་གེགས་སེལ་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་འབྲེལ་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་ཀྱི་མཛུབ་སྟོན་གལ་ཆེན་ལ་གཞིགས་ཏེ་རྫོང་དང་ཆུས་ཁག་དང་སྡེ་ཚན་ཁག་ལ་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་འཕྲལ་སྡོམ་བཀོད་སྒྲིག་ཚོགས་འདུ་འཚོགས་པ་དང་། ཡོམ་འགོག་གེགས་སེལ་གྱི་འཕྲལ་སྡོམ་ལས་དོན་ཚོགས་ཆུང་སྒྲིག་འཛུགས་བྱས་ཏེ་དུས་ཐོག་ཏུ་བྲག་ཡིབ་དང་སྨན་གླིང་སོགས་ཡོམ་ཁུལ་དུ་ཕེབས་ནས་གནོད་འཚེའི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་དང་ཁང་པ་རྡིབ་པ་དང་། རྒྱུ་ནོར་གྱི་གྱོང་གུན། མི་སྣ་ཤི་རྨས་སོགས་ཀྱི་གནས་ཚུལ་གྲལ་བཤེར་བྱེད་པ་དང་མང་ཚོགས་ལ་སེམས་གསོ་གཏོང་བའི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། འགྲིམ་འགྲུལ་དང་། འཕྲིན་གཏོང་། ཆུ་བེད། སྡོད་ཁང་འཛུགས་སྐྲུན། རྒྱལ་ཁབ་ས་ཆ་སོགས་སྡེ་ཚན་སྒྲིག་འཛུགས་བྱས་ཏེ་ཆུ་དང་། གློག ལམ། འཕྲིན་གཏོང་། གནམ་ཐང་སོགས་སྒྲིག་བཀོད་ཀྱི་གཏོར་སྐྱོན་ཕོག་པའི་གནས་ཚུལ་གྲལ་བཤེར་བྱེད་པ་དང་། མཛེས་ལྗོངས་ཁུལ་ཁག་གི་གནོད་འཚེའི་གནས་ཚུལ་དང་མི་སྣའི་བདེ་འཇགས་གནས་ཚུལ་ཤེས་རྟོགས་དང་གྲལ་བཤེར་བྱེད་པ། ལྷག་པར་དུ་ཡོམ་ཁུངས་ཉེ་འགྲམ་གྱི་གྲོང་གསེབ་ཁག་དང་། མཛེས་ལྗོངས་ཁུལ་ཁག ལུང་ཁུག་དང་ལུང་གཞུང་ས་ཁུལ་གྱི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་དང་བདེ་འཇགས་གནས་ཚུལ་ཐད་ཤེས་རྟོགས་ཞིབ་ཕྲ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། ཉིང་ཁྲི་གྲོང་ཁྱེར་གྱི་རྫོང་6དང་ཆུས་1གིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་ཀྱི་མཛུབ་སྟོན་གལ་ཆེན་དང་ཉིང་ཁྲི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་བཀོད་སྒྲིག་ལྟར་འཕྲལ་དུ་འཕྲལ་སྡོམ་གེགས་སེལ་སྔོན་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་བཙུགས་ཡོད། སྨན་གླིང་རྫོང་དང་བྲག་ཡིབ་ཆུས་སོགས་ཀྱིས་འཕྲལ་དུ་ལས་དོན་ཚོགས་ཆུང་སྒྲིག་འཛུགས་བྱས་ཏེ་ཡོམ་ལྟེའི་གྲོང་གསེབ་ཁག་ཏུ་བསྐྱོད་ནས་གནོད་འཚེའི་གནས་ཚུལ་ཤེས་རྟོགས་བྱས་ཐོག་མང་ཚོགས་ལ་སེམས་གསོ་གཏོང་བའི་ལས་དོན་ཡག་པོ་བསྒྲུབས་པ་རེད།
          གསར་འགོད་པར་ཟླ་11ཚེས་18ཉིན་གྱི་དགོང་མོ་ཉིང་ཁྲི་གྲོང་ཁྱེར་དུ་འཚོགས་པའི“11·18”ས་ཡོམ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཚེས་18ཉིན་གྱི་ཆུ་ཚོད་14བར། ཉིང་ཁྲི་གྲོང་ཁྱེར་དུ་མི་སྣ་ཤི་རྨས་ཀྱི་སྙན་སེང་འབྱོར་མེད་པ་དང་། གློག་ཤུགས་དང་འཕྲིན་གཏོང་རྒྱུན་གཏན་ལྟར་ཡིན་པ། རྦབ་རྡོ་ལྷུང་བ་དང་རི་ཉིལ་བའི་རྒྱལ་ལམ་318དང་སྨན་གླིང་ནས་ཕད་གྲོང་རྡལ་བར་གྱི་གཞུང་ལམ་སོགས་བཤངས་ཟིན་པ། རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་འགྲོ་ལམ་ཤར་གཏོང་ཐུབ་པ། མང་ཚོགས་ཀྱི་སེམས་རྣལ་ལ་ཕབ་པ། སྤྱི་ཚོགས་ཀྱི་སྒྲིག་ལམ་ཡག་པོ་ཡོད་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716