སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།
སྤེལ་དུས། 2017-12-01   ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་སྒྲིག་པ།  དོན་གྲུབ་ཀྱིས་བསྒྱུར།
          ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་29ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
          ཞི་ཅིན་ཕིང་གིས་བསྟན་དོན། སྐུ་ཞབས་ཙུང་ཐུང་གིས་མི་རིང་བའི་སྔོན་དུ་ཀྲུང་གོར་གྲུབ་འབྲས་ཐོབ་པའི་རྒྱལ་དོན་འཚམས་འདྲི་གནང་བ་དང་། ང་ཚོས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་དབར་གྱི་འབྲེལ་བ་དང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས་ནས། ཕྱོགས་མང་པོའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད་པས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་བརྟན་པོ་ཡོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།
          ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཨ་རྒྱལ་ཁབ་གཉིས་པོས་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་ཡག་པོ་བྱེད་པ་དང་། རྒྱལ་ཁབ་གཉིས་པོའི་མཐོ་རིམ་དང་རིམ་ཁག་དབར་གྱི་སྤེལ་རེས་ལ་འཆར་འགོད་དང་བཀོད་སྒྲིག་ཞིབ་ཚགས་བྱེད་པ། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་མཐོ་རིམ་དབར་སྐད་ཆ་ཤོད་རེས་ཀྱི་ལམ་སྲོལ་བཞིའི་རེས་སྐོར་གཉིས་པའི་སྐད་ཆ་ཤོད་རེས་ཡག་པོ་བྱེད་པ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་དབར་གྱི་མཉམ་ལས་གྲོས་མཐུན་དང་རྣམ་གྲངས་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས། ཕྱོགས་གཉིས་པོས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་སྤེལ་རེས་དང་མཐུན་སྦྱོར་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས།
          ཐེ་རོན་ཕུས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ང་རང་ཀྲུང་གོར་འཚམས་འདྲིར་སླེབས་སྐབས་སེམས་རྩ་འཁོལ་བའི་སྣེ་ལེན་གནང་བར་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་པ་མ་ཟད། ཀྲུང་གོའི་ལོ་རྒྱུས་ཡུན་རིང་ལ་བཀྲག་མདངས་འཚེར་བའི་རིག་གནས་ལས་ཀྱང་ང་རང་ལ་བག་ཆགས་གཏིང་ཟབ་བཞག་བྱུང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཚམས་འདྲིའི་གྲུབ་འབྲས་ལ་དགེ་མཚན་ལྡན་པའི་གདེང་འཇོག་གནང་བ་དང་ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བར་སྐུལ་འདེད་གཏོང་རྒྱུའི་ཐད་ཀྱི་གཟིགས་སྟངས་ལའང་ང་རང་མོས་མཐུན་ཡོད་ཅེས་གསུངས་པ་རེད།
          ཐེ་རོན་ཕུས། ཨ་རི་ཕྱོགས་ནས་ཁྲའོ་ཞན་གྱིས་སླར་ཡང་མདེལ་ལམ་འཕུར་མདེལ་ཚོད་འཕེན་བྱས་པ་དེས་རྒྱལ་སྤྱིའི་བདེ་འཇགས་ལ་ཤུགས་རྐྱེན་བཟོས་པར་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། ཨ་རི་ཕྱོགས་ནས་ཁྲའོ་ཞན་གྱི་ཉིང་རྡུལ་གནད་དོན་ཐག་གཅོད་བྱེད་པའི་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་ནུས་པ་གལ་ཆེན་ལ་མཐོང་ཆེན་བྱེད་ཀྱི་ཡོད་པས། ཀྲུང་གོ་ཕྱོགས་དང་སྤེལ་རེས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་གནད་དོན་ཐག་གཅོད་བྱེད་པའི་ཐབས་ཤེས་འཚོལ་ཐབས་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་མེད་པ་དང་། ཉིང་རྡུལ་ཁྱབ་འགྱེད་མི་གཏོང་བའི་རྒྱལ་སྤྱིའི་མ་ལག་སྲུང་སྐྱོང་། ཨེ་ཤེ་ཡ་བྱང་ཤར་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བཅས་བྱ་རྒྱུ་ནི་ཀྲུང་གོ་ཕྱོགས་ཀྱི་བློ་བརྟན་འགྱུར་མེད་ཀྱི་དམིགས་ཚད་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཚུད་པའི་འབྲེལ་ཡོད་ཕྱོགས་དང་མུ་མཐུད་སྤེལ་རེས་རྒྱུན་འཁྱོངས་ཀྱིས་ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་གནད་དོན་དེ་སྐད་ཆ་ཤོད་རེས་ཀྱི་གྲོས་མོལ་དང་ཞི་བདེའི་ངང་ཐག་གཅོད་བྱེད་པའི་ཕྱོགས་སུ་འཕེལ་རྒྱས་གཏོང་རྒྱུར་སྐུལ་སྤེལ་གཏོང་འདོད་ཡོད།
 
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716