སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞི་ཅིན་ཕིང་གིས་དུས་གནས་རྟོག་དཔྱོད་དང་། ཐབས་ཇུས་ཞིབ་འགོད། དེང་བརྒལ་བཀོད་སྒྲིག རང་འགུལ་བརྩོན་ལེན་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་གྲངས་གཞི་ཆེ་མོའི་འཐབ་ཇུས་ལག་བསྟར་བྱས་ནས་གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་མགྱོགས་པོ་བྱེད་དགོས་ཞེས་ནན་བཤད་གནང་བ།
སྤེལ་དུས། 2017-12-11   ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་སྒྲིག་པ།  དཀོན་མཆོག་སྒྲོལ་མས་བསྒྱུར།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་གཉིས་པའི་ཐོག
          ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་8ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་རྒྱལ་ཁབ་ཀྱི་གྲངས་གཞི་ཆེ་མོའི་འཐབ་ཇུས་ལག་བསྟར་བྱ་རྒྱུའི་སྐོར་མཉམ་སྡེབ་སློབ་སྦྱོང་ཐེངས་གཉིས་པ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གྲངས་གཞི་ཆེ་མོ་ཉིན་བཞིན་འཕེལ་རྒྱས་འགྲོ་བའི་དུས་འདིར་ང་ཚོས་དུས་གནས་རྟོག་དཔྱོད་དང་། ཐབས་ཇུས་ཞིབ་འགོད། དེང་བརྒལ་བཀོད་སྒྲིག རང་འགུལ་བརྩོན་ལེན་བཅས་ཡོང་བ་བྱེད་དགོས་ཤིང་། གྲངས་གཞི་ཆེ་མོ་འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ་དང་། འཕེལ་ཕྱོགས། དེ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐེབས་པའི་ཤུགས་རྐྱེན་བཅས་ཤེས་རྟོགས་གཏིང་ཟབ་བྱེད་པ་དང་། རང་རྒྱལ་གྱི་གྲངས་གཞི་ཆེ་མོ་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་དང་ལྷག་པའི་གནད་དོན་ལ་དབྱེ་ཞིབ་བྱེད་པ། རྒྱལ་ཁབ་ཀྱི་གྲངས་གཞི་ཆེ་མོའི་འཐབ་ཇུས་ལག་བསྟར་ལ་སྐུལ་འདེད་གཏོང་བ། གྲངས་འཛིན་རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ། གྲངས་གཞིའི་ཐོན་ཁུངས་བསྡུ་སྒྲིལ་དང་སྒོ་དབྱེ་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ། གྲངས་གཞིའི་བདེ་འཇགས་འགན་ལེན་བྱེད་པ། གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་མགྱོགས་པོ་བྱེད་པ་བཅས་བྱས་ནས་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བ་ལེགས་སུ་འགྲོ་རྒྱུར་ཞབས་འདེགས་ཡག་པོ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།
          པེ་ཅིང་རང་བྱུང་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲེ་མའེ་ཧུང་གིས་གནད་དོན་དེར་འགྲེལ་བཤད་བརྒྱབ་པ་དང་འབྲེལ་བསམ་འཆར་དང་གྲོས་འགོ་ཡང་བཏོན་པ་རེད།
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་འགྲེལ་བཤད་བརྒྱབ་པ་ནན་ཏན་ངང་གསན་པ་དང་འབྲེལ་གྲོས་བསྡུར་ཡང་གནང་བ་རེད།
          ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གནང་ཞིང་། ཁོང་གིས་གྲངས་གཞི་ཆེ་མོ་ནི་ཆ་འཕྲིན་ཅན་དུ་འཕེལ་རྒྱས་འགྲོ་བའི་དུས་མཚམས་གསར་པ་ཞིག་ཡིན། ཆ་འཕྲིན་ལག་རྩལ་དང་མིའི་རིགས་ཀྱི་ཐོན་སྐྱེད་འཚོ་བ་སྣོལ་འབྲེལ་དང་མཉམ་འདྲེས་བྱུང་བ་དང་ཆབས་ཅིག་དྲ་སྦྲེལ་ཁྱབ་གདལ་མགྱོགས་པོ་བྱུང་ནས་སའི་གོ་ལ་ཧྲིལ་པོར་གློ་བུར་དུ་མང་དུ་སོང་བ་དང་འཕོན་ཆེན་དང་མཉམ་སྡུད་བཅས་ཀྱི་ཁྱད་ཆོས་མངོན་པ་ལས་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་བཅོས་སྐྱོང་། རྒྱལ་ཁབ་དོ་དམ། མི་དམངས་ཀྱི་འཚོ་བ་བཅས་ཚང་མར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། འཛམ་གླིང་རྒྱལ་ཁབ་ཁག་གིས་དཔལ་འབྱོར་གྲངས་འཛིན་ཅན་ལ་སྐུལ་འདེད་གཏོང་རྒྱུ་དེ་གསར་གཏོད་འཕེལ་རྒྱས་ཡོང་བ་བྱེད་པའི་སྒུལ་ནུས་གལ་ཆེན་ཞིག་ཏུ་བརྩིས་ཏེ་མདུན་ཕྱོགས་ཀྱི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་། གྲངས་གཞི་སྒོ་དབྱེ་མཉམ་སྤྱོད། གསང་དོན་གྱི་བདེ་འཇགས་སྲུང་སྐྱོང་། ཤེས་ལྡན་པ་གསོ་སྐྱོང་སོགས་ཐད་སྔ་བལྟས་ཕྱི་བསམ་རང་བཞིན་གྱི་བཀོད་སྒྲིག་བྱས་ཡོད་ཅེས་བསྟན་གནང་བ་རེད།
          ཞི་ཅིན་ཕིང་གིས་གྲངས་གཞི་ཆེ་མོའི་ལག་རྩལ་ཐོན་ལས་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རང་རྒྱལ་གྱི་དྲ་ཐོག་ཉོ་སྒྲུབ་དང་། སྒུལ་བདེ་གཏོང་སྤྲོད། མཉམ་སྤྱོད་དཔལ་འབྱོར་སོགས་གྲངས་འཛིན་དཔལ་འབྱོར་གྱི་ལས་རྣམ་གསར་པ་དང་དཔེ་དབྱིབས་་གསར་པ་དབྱར་མཚོ་རྒྱས་པ་བཞིན་གོང་འཕེལ་བྱུང་ནས་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད། ང་ཚོས་འཛམ་གླིང་གི་ཚན་རྩལ་མདུན་གྲལ་ལ་དམ་པོར་དམིགས་པའི་ཁར་ལེགས་ལྡན་ཐོན་ཁུངས་གཅིག་སྡུད་ཀྱིས་གྲངས་གཞི་ཆེ་མོའི་སྲོག་ཤིང་ལག་རྩལ་ཚད་བརྒལ་ཡོང་བ་བྱས་ནས་རང་བརྟེན་དང་ཁ་ལོ་སྒྱུར་ཐུབ་པའི་གྲངས་གཞི་ཆེ་མོའི་ཐོན་ལས་ཀྱི་སྦྲེལ་ཐག་དང་། རིན་ཐང་གི་སྦྲེལ་ཐག སྣོད་བཅུད་མ་ལག་བཅས་མགྱོགས་ནས་མྱུར་དུ་འཛུགས་དགོས། ཆེས་མྱུར་དང་། སྒུལ་བདེ། བདེ་འཇགས། ཡོངས་ཁྱབ་བཅས་ཀྱི་དུས་རབས་གསར་པའི་ཆ་འཕྲིན་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་པོ་བྱེད་པ་དང་། སྲིད་དོན་གྲངས་གཞིའི་ཐོན་ཁུངས་དང་སྤྱི་ཚོགས་ཀྱི་གྲངས་གཞིའི་ཐོན་ཁུངས་སྤྱི་འདོམས་འཆར་འགོད་བྱེད་པ། རྨང་གཞིའི་ཆ་འཕྲིན་ཐོན་ཁུངས་དང་གལ་ཆེའི་ཁྱབ་ཁོངས་ཀྱི་ཆ་འཕྲིན་ཐོན་ཁུངས་འཛུགས་སྐྲུན་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་དངོས་པོ་ཡོད་ཚད་གཅིག་སྦྲེལ་དང་། མི་འཕྲུལ་སྣོལ་རེས། གནམ་ས་གཞི་གཅིག་བཅས་ཀྱི་དྲ་རྒྱའི་བར་མཐོངས་ཤིག་ཆགས་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་གྲངས་གཞི་ཆེ་མོ་འགག་རྩའི་རྒྱུ་རྐྱེན་གཙོ་བོར་བྱས་པའི་གྲངས་འཛིན་དཔལ་འབྱོར་འཛུགས་གཏོད་བྱེད་དགོས། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་པར་གྲངས་གཞི་ཆེ་མོ་འཕེལ་རྒྱས་དང་བེད་སྤྱོད་གཏོང་རྒྱུ་དང་ཁ་འབྲལ་ཐབས་མེད། ང་ཚོས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་དེ་ལམ་ཕྱོགས་གཙོ་བོར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་བཏང་ནས་དངོས་ཚན་དཔལ་འབྱོར་དང་གྲངས་འཛིན་དཔལ་འབྱོར་མཉམ་འདྲེས་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། དྲ་སྦྲེལ་དང་། གྲངས་གཞི་ཆེ་མོ། མིས་བཟོས་རིག་ནུས་བཅས་དངོས་ཚན་དཔལ་འབྱོར་དང་མཉམ་འདྲེས་ཟབ་མོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ཆ་འཕྲིན་ཅན་དང་བཟོ་ལས་ཅན་མཉམ་འདྲེས་གཏིང་ཟབ་ཡོང་བར་བྱེད་པའི་བྱ་བ་ཆེན་པོ་དེ་མུ་མཐུད་ཡག་པོ་བསྒྲུབ་དགོས། བཟོ་སྐྲུན་ལས་རིགས་དེ་གྲངས་འཛིན་ཅན་དང་། དྲ་རྒྱ་ཅན། རིག་ནུས་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། བཟོ་ལས་དྲ་སྦྲེལ་གསར་གཏོད་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། བཟོ་ལས་དྲ་སྦྲེལ་གྱི་རྨང་གཞིའི་སྒྲིག་བཀོད་དང་གྲངས་གཞིའི་ཐོན་ཁུངས་དོ་དམ་མ་ལག་འཛུགས་སྐྲུན་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ། གྲངས་གཞིའི་རྨང་གཞིའི་ཐོན་ཁུངས་ནུས་པ་དང་གསར་གཏོད་སྒུལ་བྱེད་འཕྲུལ་འཁོར་གྱི་ནུས་པ་འདོན་སྤེལ་བྱེད་པ་བཅས་བྱས་ནས་གསར་གཏོད་ཀྱིས་སྣེ་འདྲེན་དང་འདེགས་སྐྱོར་གཙོ་བོར་བྱེད་པའི་གྲངས་འཛིན་དཔལ་འབྱོར་ཞིག་མགྱོགས་ནས་མྱུར་དུ་ཆགས་པ་བྱེད་དགོས་ཞེས་བསྟན་གནང་བ་རེད།
          ཞི་ཅིན་ཕིང་གིས་གྲངས་གཞི་ཆེ་མོ་བཀོལ་སྤྱོད་བྱས་ཏེ་རྒྱལ་ཁབ་བཅོས་སྐྱོང་གི་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། གྲངས་གཞི་ཆེ་མོར་བརྟེན་ནས་ཚན་རིག་དང་མཐུན་པའི་ངང་ཐབས་ཇུས་གཏན་འབེབས་བྱ་རྒྱུ་དང་སྤྱི་ཚོགས་བཅོས་སྐྱོང་བྱ་རྒྱུར་རམ་འདེགས་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་སྲིད་གཞུང་དོ་དམ་དང་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་གསར་གཏོད་ལ་སྐུལ་འདེད་བཏང་ནས་སྲིད་གཞུང་གི་ཐབས་ཇུས་ཚན་རིག་ཅན་དང་། སྤྱི་ཚོགས་བཅོས་སྐྱོང་གནད་སྨིན་ཅན། སྤྱི་པའི་ཞབས་ཞུ་ནུས་ཆེ་ཅན་བཅས་མངོན་འགྱུར་ཡོང་བ་བྱེད་དགོས། དྲ་ཐོག་སྲིད་དོན་ཁྱབ་སྤེལ་བྱ་རྒྱུ་དང་རིག་ལྡན་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུ་སོགས་དམ་འཛིན་བྱ་གཞིར་བྱས་ཏེ་གྲངས་གཞི་གཅིག་སྡུད་དང་མཉམ་སྤྱོད་གཉིས་ཐབས་ལམ་དུ་བཟུང་ནས་ལག་རྩལ་མཉམ་འདྲེས་དང་། ལས་སྒོ་མཉམ་འདྲེས། གྲངས་གཞི་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་། ཆ་འཕྲིན་གྱི་བཀག་རྒྱ་གཏོར་བ། རྒྱལ་ཡོངས་སུ་ཁྱབ་པ་དང་། སྤྱི་འདོམས་བེད་སྤྱོད། གཅིག་གྱུར་གཅིག་མཐུད་བཅས་ཀྱི་གྲངས་གཞི་མཉམ་སྤྱོད་ཀྱི་ལས་སྟེགས་ཆེན་པོ་ཞིག་ཆགས་པ་བྱེད་པ། རྒྱལ་ཡོངས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་མ་ལག་སྐྲུན་པ་བཅས་བྱས་ནས་རིམ་པ་བརྒལ་བ་དང་། ས་ཁོངས་བརྒལ་བ། ཁོངས་གཏོགས་བརྒལ་བ། སྡེ་ཚན་བརྒལ་བ། ལས་སྒོ་བརྒལ་བ་བཅས་ཀྱི་ཐུན་མོང་དོ་དམ་དང་ཞབས་ཞུ་མངོན་འགྱུར་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་བ།
          ཞི་ཅིན་ཕིང་གིས་གྲངས་གཞི་ཆེ་མོ་བཀོལ་སྤྱོད་བྱས་ནས་དམངས་འཚོ་འགན་ལེན་ལ་སྐུལ་འདེད་དང་ལེགས་སུའང་གཏོང་དགོས། གྲངས་གཞི་ཆེ་མོ་དེ་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་ཐད་བྱས་རྗེས་ཆེན་པོ་ཡོད། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་མཐའ་འཁྱོངས་བྱས་ཏེ“དྲ་སྦྲེལ+སློབ་གསོ”“དྲ་སྦྲེལ+སྨན་བཅོས”དང“དྲ་སྦྲེལ+རིག་གནས”སོགས་ལ་སྐུལ་འདེད་བཏང་ནས་མི་སེར་ཚོ་གང་སར་སྐྱོད་མི་དགོས་པ་དང་གྲངས་གཞི་སྤྱོད་ཆེན་པོ་ཡོང་བ་བྱས་ཏེ་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དང་། ཀུན་ཕན་ཅན། སྟབས་བདེ་ཅན་བཅས་སུ་གྱུར་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་དམངས་འཚོའི་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་འགལ་ཟླ་དང་གནད་དོན་ལ་དམ་འཛིན་བྱས་ནས་དམངས་འཚོ་ཞབས་ཞུར་ཤུགས་སྣོན་རྒྱག་པ་དང་། དམངས་འཚོའི་ཞན་ཆ་གསབ་པ། སློབ་གསོ་དང་། ལས་ཞུགས། སྤྱི་ཚོགས་འགན་སྲུང་། གསོ་རིག་འཕྲོད་བསྟེན། སྡོད་ཁང་། འགྲིམ་འགྲུལ་སོགས་ཁྱབ་ཁོངས་ལ་གྲངས་གཞི་ཆེ་མོ་ཁྱབ་གདལ་དང་བཀོལ་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ་རིགས་མི་འདྲ་བའི་དམངས་ཕན་གཉེར་སྤྱོད་གསར་སྤེལ་གཏིང་ཟབ་བྱེད་དགོས། གནད་སྨིན་དབུལ་སྐྱོར་དང་སྣོད་བཅུད་ཁོར་ཡུག་གི་ཁྱབ་ཁོངས་ཀྱི་གྲངས་གཞི་ཆེ་མོ་བཀོལ་སྤྱོད་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ལེན་པ་དང་སྣོད་བཅུད་ཁོར་ཡུག་ལེགས་སུ་མགྱོགས་མྱུར་གཏོང་ཆེད་འདེགས་སྐྱོར་བྱེད་དགོས་ཞེས་བསྟན་གནང་བ་རེད།
          ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་གྲངས་གཞིའི་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས། འགག་རྩའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་བདེ་འཇགས་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་ཀྱི་འགག་རྩའི་གྲངས་གཞིའི་ཐོན་ཁུངས་སྲུང་སྐྱོང་གི་ནུས་པ་ཆེ་རུ་དང་གྲངས་གཞིའི་བདེ་འཇགས་སྔོན་བརྡ་དང་ཁུངས་གཏུག་ཕུགས་འདེད་ཀྱི་ནུས་པ་ཆེ་རུ་གཏོང་དགོས། སྲིད་ཇུས་དང་། ལྟ་སྐུལ་དོ་དམ། ཁྲིམས་ལུགས་བཅས་ཀྱི་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་སྲོལ་ལམ་ལུགས་འཛུགས་མགྱོགས་སུ་གཏོང་དགོས། གྲངས་གཞིའི་ཐོན་ཁུངས་དབང་ཆ་གཏན་འཁེལ་དང་། སྒོ་དབྱེ། འཁོར་རྒྱུག ཉོ་ཚོང་བཅས་ཀྱི་འབྲེལ་ཡོད་ལམ་ལུགས་བཙུགས་ཏེ་གྲངས་གཞིའི་ཐོན་དབང་སྲུང་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། ལག་རྩལ་ཆེད་ཁེ་དང་། གྲངས་འཛིན་པར་དབང་། གྲངས་འཛིན་ནང་དོན་གྱི་ཐོན་རྫས་དང་དེ་བཞིན་མི་སྒེར་གྱི་གསང་དོན་སོགས་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཁེ་ཕན་དང་། སྤྱི་ཚོགས་ཀྱི་བརྟན་ལྷིང་། རྒྱལ་ཁབ་ཀྱི་བདེ་འཇགས་བཅས་སྲུང་སྐྱོང་བྱེད་དགོས། རྒྱལ་སྤྱིའི་གྲངས་གཞི་བཅོས་སྐྱོང་སྲིད་ཇུས་གསོག་འཇོག་དང་བཅོས་སྐྱོང་ལམ་སྲོལ་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་སྟེ་ཀྲུང་གོའི་ཇུས་གཞི་འདོན་དགོས་ཞེས་ནན་བཤད་གནང་བ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716