སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཝུའུ་དབྱིང་ཅེས་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་དང་བཞུགས་མོལ་གནང་བ།
སྤེལ་དུས། 2017-12-18   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  རིག་རྡོར་གྱིས་བསྒྱུར།
ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱས་ནས་ཆོས་ལུགས་འཆམ་མཐུན་དང་བསྟན་དོན་ལམ་ལྷོངས་དགོན་སྡེ་ཞི་མཐུན་བཅས་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ།
ཟླ་12ཚེས་14ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དང་ཆོས་ལུགས་ལས་རིགས་ཀྱི་འཐུས་མིས་ལྷ་སར་བཞུགས་མོལ་གནང་ཞིང་། འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུའི་ཐོག་གཏམ་བཤད་གནང་བཞིན་པ།
          ཉིན་ཤས་གོང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དང་ཆོས་ལུགས་ལས་རིགས་ཀྱི་འཐུས་མིས་ལྷ་སར་བཞུགས་མོལ་གནང་བ་རེད།
          རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་སྦྲགས་གསུང་བཤད་ཀྱང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཏིང་ཡེ་ཤན་བཅས་དང་། དེ་བཞིན་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ནོར་བུ་དོན་གྲུབ་དང་། བསྟན་ཁོ། སྤེན་པ་བཀྲ་ཤིས། ཧོ་ཝུན་ཧའོ། པད་མ་དབང་འདུས། ཤིང་རྩ་བསྟན་འཛིན་ཆོས་གྲགས། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས། བློ་བཟང་འགྱུར་མེད། བསོད་ནམས་རིག་འཛིན་བཅས་ཚོགས་འདུར་ཕེབས་པ་རེད།
          ཚོགས་འདུ་མ་འཚོགས་གོང་ཝུའུ་དབྱིང་ཅེ་དང་། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ། ཏིང་ཡེ་ཤན་བཅས་ཀྱིས་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་རེ་རེ་བཞིན་ལ་ཕྱག་བཏང་བ་དང་འཚམས་འདྲི་ཞུས་པ་རེད།
          སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང་། འབྲི་གུང་ཁྱུང་ཚང་བློ་བཟང་བྱམས་པ། ཟླ་བ་ཚེ་རིང་། བཀྲ་ཤིས་རྒྱལ་མཚན། ཀུན་བཟང་སྙིང་པོ། བློ་གྲོས་ཡོན་ཏན། དགྲ་འདུལ། བསྟན་འཛིན་བཟང་པོ་སོགས་ཆོས་ལུགས་ལས་རིགས་ཀྱི་འཐུས་མིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པ་དང་ཟུང་འབྲེལ་གྱིས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་གཏམ་བཤད་སྤེལ་ཞིང་། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ། ཏང་གི་འགོ་ཁྲིད་ལ་མཐའ་གཅིག་ཏུ་བརྩི་བཀུར་ཞུ་བ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལ་མཐའ་གཅིག་ཏུ་བརྩི་བཀུར་ཞུ་བ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་པ། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣའི་ཡིད་ཆེས་དང་ཆོད་སེམས་མཚོན་པར་བྱས་ཡོད།
          ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས་ཝུའུ་དབྱིང་ཅེས་གསུང་བཤད་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ཆོས་ལུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་ཆོས་ལུགས་ལས་རིགས་ཀྱི་མི་སྣར་ཐུགས་ཁུར་ཟབ་མོ་དང་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་བ་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས། ང་ཚོར་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་གཙོ་བོ་མཁོ་འདོན་གནང་སྟབས། ང་ཚོས་ངེས་པར་དུ་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ནས་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
          ཝུའུ་དབྱིང་ཅེས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། སྤྱི་ཁྱབ་ཧྲུའུ་ཅིའི“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་དགོངས་པ་གལ་ཆེན་དང་། “མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་དགོས”པའི་མཛུབ་སྟོན་གལ་ཆེན། ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་སྤྲིངས་གནང་བའི་འཕྲིན་ལན་གྱི་དགོངས་དོན་བཅས་ལག་བསྟར་དོན་འཁྱོལ་དང་། ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས། ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས། བློ་བརྟན་འགྱུར་མེད་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ་དང་། བློ་བརྟན་འགྱུར་མེད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད། བློ་བརྟན་འགྱུར་མེད་ཀྱིས་དམངས་འཚོ་འགན་སྲུང་དང་ལེགས་བཅོས། བློ་བརྟན་འགྱུར་མེད་ཀྱིས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད། བློ་བརྟན་འགྱུར་མེད་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཤུགས་སྣོན་བཅས་ལ་དམིགས་ཏེ་རྒྱལ་ཁབ་བདེ་འཇགས་དང་ཡུན་རིང་བདེ་འཁོད་གྱི་འགན་ལེན་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་འགན་ལེན། མི་རིགས་ཁག་གི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཟམ་མི་ཆད་པར་སྐོང་བའི་འགན་ལེན། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་འགན་ལེན། སྣོད་བཅུད་ཁོར་ཡུག་བཟང་པོ་འགན་ལེན་བཅས་བྱུང་ནས་ལས་དོན་ཁག་ལ་འཕེལ་རིམ་གསར་པ་ཐོབ་པར་སྐུལ་འདེད་ཐུབ་སྟེ་འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་ལོ་རྒྱུས་ཐོག་གི་དུས་སྐབས་བཟང་ཤོས་གྲས་སུ་སླེབས་ཡོད། གྲུབ་འབྲས་འདི་དག་ཐོབ་དོན་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་དོན་དུམཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་གལ་ཆེན་གྱི་དགོངས་པས་མཛུབ་ཁྲིད་ཡང་དག་གནང་བའི་གྲུབ་འབྲས་ཤིག་ཡིན་ལ། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཐུན་མོང་ཐོག་འབད་འཐབ་བྱས་པའི་གྲུབ་འབྲས་ཤིག་ཀྱང་རེད། དེ་ཡང་རྒྱ་ཆེའི་ཆོས་ལུགས་ལས་རིགས་མི་སྣའི་རྒྱབ་སྐྱོར་ཤུགས་ཆེན་དང་ཁ་བྲལ་ཐབས་མེད། ངས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ནང་བསྟན་མཐུན་ཚོགས་དང་རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣར་སྙིང་དབུས་ནས་ཐུགས་རྗེ་ཆེ་དང་བླ་ན་མེད་པའི་གུས་འདུད་ཀྱང་ཞུ་རྒྱུ་ཡིན་ཞེས་གསུངས།
          ཝུའུ་དབྱིང་ཅེས་བོད་ཀྱི་ལོ་རྒྱུས་དང་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་བབ་ཆགས་པའི་བཀའ་མོལ་དང་གསོན་ཉམས་ལྡན་པའི་དཔེ་མཚོན་སྤྱད་ནས་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་ཚོར་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ལྷག་དོན་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཕུན་སུམ་ཚོགས་པའི་ནང་དོན་་སྒྲོག་འགྲེལ་གནང་བ་རེད། ཝུའུ་དབྱིང་ཅེས་ནན་བཤད་གནང་དོན། ལོ་རྒྱུས་དང་དོན་དངོས་ལས་ར་སྤྲོད་བྱས་དོན། ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ་བོད་ལྗོངས་གསར་པ་མེད་པ་དང་། སྟོབས་འབྱོར་མངའ་ཐང་རྒྱས་པའི་མེས་རྒྱལ་མེད་ན། དེང་གི་བོད་ལྗོངས་ཀྱི་འཕེལ་རྒྱས་བརྟན་ལྷིང་གི་རྣམ་པ་བཟང་པོ་མེད་པ་དང་། མི་རིགས་ཁག་གི་མི་དམངས་ཀྱི་མ་འོངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པའང་མེད། ཚོགས་ཆེན་བཅུ་དགུ་པའི་ཐོག་བཏིངས་པའི་འཆར་གཞི་ནི་ཀྲུང་གོ་བ་མི་རེ་ངོ་རེའི་བརྗིད་ཆེའི་འཆར་གཞི་རེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ། “ཁྲིད་སྟོན”ལ་ཤུགས་སྣོན་ཧུར་ཐག བོད་བརྒྱུད་ནང་བསྟན་གྱི་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས། ཁྲིམས་ལྟར་ཆོས་ལུགས་ལས་སྒོའི་དོ་དམ་ལ་ཤུགས་སྣོན། ཁྲིམས་ལྟར་སྤྱི་དམངས་ཀྱིས་ཆོས་དད་བྱེད་པའི་རང་དབང་ལ་འགན་ལེན། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་པ་བཅས་བྱས་ཏེ་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་འགན་ལེན་བྱེད་དགོས། རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་ཡག་པོ་ལེན་པ་དང་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས་དུས་བབ་གསར་པ་དང་ལས་འགན་གསར་པ་དང་རང་འགུལ་ངང་འཚམ་པར་བྱེད་པ་དང་། “མོས་སེམས་ལྔ”ཟབ་ཏུ་ཏན་ཏིག་གཏོང་བ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་སྐྲུན་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུའི་ཐུགས་རེ་གནང་བ་རེད།
          གཅིག་ནས་ཆབ་སྲིད་ཐད་བློས་འཁེལ་ཆོག་པའི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས་དར་ཆ་གསལ་སྟོན་དང་ལངས་ཕྱོགས་བརྟན་པའི་དཔེ་བཟང་བ་ཞིག་བྱེད་དགོས། སྲོག་ཤིང་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོབ་བཅས་མཐའ་གཅིག་ཏུ་བྱས་ནས་མེས་རྒྱལ་ལ་དགའ་ཞེན་དང་། ཁ་ཕྲལ་ལ་ངོ་རྒོལ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བཅས་བྱས་ཏེ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ཀྱི་ངོ་བོར་ངོས་འཛིན་གཏིང་ཟབ་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་སོགས་ཡིན་མིན་ཆེན་པོའི་མདུན་དུ་སྔ་བར་ཕྱི་གསུམ་དུ་ལངས་ཕྱོགས་ཧ་ཅང་བརྟན་པོ་དང་། དར་ཆ་ཧ་ཅང་གསལ་པོ། བྱ་སྤྱོད་ཧ་ཅང་བརྟན་པོ་བཅས་བྱེད་དགོས།
          གཉིས་ནས་ཆོས་ལུགས་ཐད་ཡོན་ཚད་ལྡན་དགོས་པའི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས་ཤེས་ཡོན་ལེགས་པར་སྦྱོང་བ་དང་སྒོམ་སྒྲུབ་ཧུར་ཐག་བྱེད་པའི་དཔེ་བཟང་བ་ཞིག་བྱེད་དགོས། ནང་བསྟན་གྱི་གསུང་རབ་ལ་མུ་མཐུད་གཞོལ་ནས་མཁྱེན་རྒྱ་ཡངས་སུ་གཏོང་བ་དང་། རྟོགས་པ་མཐོ་རུ་གཏོང་བ། རང་འགུལ་ངང་ཞབས་འདེགས་ཞུ་བ་བཅས་བྱས་ཏེ་ཆོས་ལུགས་ཀྱི་སྡོམ་ཁྲིམས་དང་བསྟན་དོན་གྱི་ནང་ནས་སྤྱི་ཚོགས་ཞི་མཐུན་དང་སྐྱོན་བྲལ་ཤེས་དཔལ་ལ་ཕན་པའི་ནང་དོན་སྔོག་འདོན་བྱེད་དགོས། བརྗོད་བྱ་གཙོ་བོ་དར་སྤེལ་དང་དྲང་ནུས་བརྒྱུད་སྤྲོད་ལ་འགྲེལ་བཤད་བརྒྱབ་སྟེ་རྒྱ་ཆེའི་གྲྭ་བཙུན་ཚོས་རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། བརྟན་ལྷིང་སྲུང་སྐྱོང་བཅས་བྱེད་པར་སློབ་གསོ་བཏང་ནས་དད་ལྡན་མང་ཚོགས་ཚོས་ལས་བརྩོན་ཕྱུག་འགྱུར་དང་། ཤེས་དཔལ་དོན་གཉེར། མི་ཚེ་འདི་ཡག་པོ་སྐྱེལ་བར་ཁྲིད་སྟོན་བྱེད་དགོས།
          གསུམ་ནས་ཀུན་སྤྱོད་ཐད་ཀུན་གྱིས་ཁས་ལེན་ཐོབ་དགོས་པའི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས་སྒྲིག་བཀུར་ཁྲིམས་སྲུང་དང་ཡ་རབས་ཚུལ་ལྡན་གྱི་དཔེ་བཟང་བ་ཞིག་བྱེད་དགོས། བཅའ་ཁྲིམས་སྲུང་མཁན་གྱི་མིག་དཔེ་བྱས་ནས་བཅའ་ཁྲིམས་སློབ་སྦྱོང་དང་བརྩི་སྲུང་ལ་སྣེ་ཁྲིད་དེ་ཁྲིམས་སྦྱོང་ཁྲིམས་སྲུང་གིས་བཅའ་ཁྲིམས་དང་མཐུན་པའི་ཁྱབ་ཁོངས་སུ་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་དགོས། སྡོམ་ཁྲིམས་ནན་སྲུང་གི་མིག་དཔེ་བྱས་ཏེ་སྡོམ་ཁྲིམས་ལ་བརྟེན་ནས་དགེ་འདུན་པའི་ཆ་བྱད་ཆ་ལུགས་སྒམ་ནན་དང་། ཀུན་སྤྱོད་ཚད་ལྡན། ཞི་མཐུན་རྒྱུན་འཁྱོངས། སྒྲིག་ལམ་སྲུང་སྐྱོང་བཅས་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རང་འགུལ་ངང་ལག་བསྟར་བྱས་ནས་ལོ་རྒྱུས་ཀྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། རྒྱལ་ཁབ་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ་བཅས་ཡང་དག་བཙུགས་ཏེ་གོམས་སྲོལ་ཧུར་ཐག་སྒྱུར་བ་དང་རང་འགུལ་ངང་སྲོལ་གསར་དར་སྤེལ་གཏོང་དགོས།
          བཞི་ནས་འགག་རྩའི་དུས་སུ་ནུས་པ་ཐོན་དགོས་པའི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས་བྱས་རྗེས་ཧུར་ཐག་འཇོག་པ་དང་ནུས་པ་ཐོན་པའི་དཔེ་བཟང་བ་ཞིག་བྱེད་དགོས། སྤྱི་ཡོངས་ཀྱི་བརྟན་ལྷིང་དང་འབྲེལ་བ་ཡོད་པའི་ཛ་དྲག་ཆེ་བའི་དུས་སྐབས་སུ་བློ་བརྟན་འགྱུར་མེད་ངང་ཏང་དང་མི་དམངས་དང་མཉམ་དུ་གནས་ཏེ་འགན་འཁྲི་འཁུར་ཕོད་པ་དང་། དར་ཆ་གསལ་སྟོན། བློ་ཁོག་ཆེན་པོས་ཤོད་ཕོད་པ། ཕྱིར་བཤོལ་གཏན་ནས་མི་བྱེད་པ་བཅས་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་ལ་གཞོགས་འདེགས་བྱས་ནས་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་སློབ་གསོ་ཁྲིད་སྟོན་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་ནས་ཁོང་ཚོའི་བསམ་བློ་དང་འཇོན་ཐང་དེ་ཐོན་སྐྱེད་འཕེལ་རྒྱས་གཏོང་བ་དང་། སྐྱོན་བྲལ་ཤེས་དཔལ་གྱི་འཚོ་བ་སྐྱེལ་སྟངས་དོན་གཉེར། མིག་སྔའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་བ་བཅས་ཀྱི་ཐད་སྒྱུར་དགོས།
          ཝུའུ་དབྱིང་ཅེས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་པ་ནི་ལྗོངས་ཡོངས་ཀྱི་ཡུན་རིང་གི་ལས་འགན་ཞིག་ཡིན་པས་ངེས་པར་དུ་འགོ་ཁྲིད་ལ་ཤུགས་སྣོན་དང་། ཁྱོན་ཡོངས་ལ་སྤྱི་འདོམས། མཉམ་ཤུགས་ཆགས་པ་བཅས་བྱས་ནས་ལས་དོན་ཁག་རྒྱུན་ཆད་མེད་པར་གཏིང་ཟབ་ཕྱོགས་སུ་སྤེལ་དགོས། ཁྲིམས་བཞིན་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་དུས་མཚུངས་ལྷག་བསམ་རྣམ་དག་གིས་ཞབས་འདེགས་ཞུ་བ་དང་ཆོས་ལུགས་ལས་རིགས་མི་སྣའི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་ཁོང་ཚོས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཚོར་བ་བྱེད་དགོས་ཞེས་གསུངས།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716