སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
《2018ལོའི་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་གི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ》བཀྲམ་པ།
སྤེལ་དུས། 2017-12-25   ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་སྒྲིག་པ།  སྐལ་མཆོག་གིས་བསྒྱུར།
ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས།
          ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《2018ལོའི་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་གི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ》བཀྲམ་པ་རེད།
          2018ལོའི་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་རྗེས་ཀྱི་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་དང་པོ་ཡིན་པས། ས་གནས་ཁག་དང་སྡེ་ཚན་ཁག་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། “འདུ་ཤེས་བཞི”བརྟན་པོ་འཆང་བ། དུས་ཆེན་རིང་གི་ལས་དོན་ཁག་སྤྱི་འདོམས་ཀྱིས་ཡག་པོ་སྒྲུབ་པ་བཅས་བྱས་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་བཀྲ་ཤིས་འཆམ་མཐུན་གྱི་དུས་ཆེན་ཞིག་གཏོང་རྒྱུ་ཡོང་བ་བྱེད་དགོས། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མོས་མཐུན་གནང་བ་བརྒྱུད། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《2018ལོའི་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་གི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ》བཀྲམ་པ་རེད།
          གཅིག་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བར་ཐུགས་ཁུར་གྱི་ལས་དོན་བློ་རྩེ་གཅིག་སྒྲིམ་དང་། བརྩེ་སེམས་ཟབ་མོ། ནུས་ཤུགས་ཡོད་རྒུ་བཅས་ཀྱིས་སྒྲུབ་དགོས། མི་དམངས་ཀྱི་སྣེ་ཁྲིད་དེ་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པ་ནི་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་པའི་རང་རེའི་ཏང་གི་འབད་འཐབ་དམིགས་ཚད་ཅིག་རེད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་བདེ་སྡུག་སེམས་ལ་འཇོག་དགོས་ཤིང་། འགན་འཁྲི་འཁུར་ཤུགས་ཆེ་རུ་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ་བཅར་འདྲི་འཚམས་འདྲི་དང་། རོགས་སྐྱོར་རོགས་སྐྱོབ། དྲོ་སྐྱིད་སྦྱིན་པ་སོགས་ཀྱི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་ནས་མི་དམངས་མང་ཚོགས་ལ་ཐོབ་སེམས་དང་བདེ་སྐྱིད་ཚོར་སེམས་སྔར་ལས་མང་བ་ཡོང་བར་བྱེད་དགོས་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་དྲོ་སྐྱིད་མི་དམངས་མང་ཚོགས་ཀྱིས་ཤེས་ཚོར་ཐུབ་པ་བྱེད་དགོས།
          གཉིས་ནས་དུས་ཆེན་རིང་གི་ཁྲོམ་རའི་མཁོ་སྤྲོད་བརྟན་པོ་ཡོང་བའི་འགན་ལེན་ཏན་ཏིག་བྱེད་དགོས། ཁྲོམ་རའི་ལམ་སྲོལ་ལེགས་སྒྲིག་དང་སྲིད་འཛིན་ལྟ་སྡོམ་བྱེད་ཐབས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་འབྲུ་རིགས་དང་། བཟའ་སྣུམ། ཤ་རིགས། སྔོ་ཚལ། འོ་མ་སོགས་ཞིང་ཞོར་ཐོན་རྫས་གལ་ཆེན་ཁྲོམ་ར་ནས་མཁོ་སྤྲོད་འདང་ངེས་ཡོང་བའི་འགན་ལེན་བྱེད་པ་དང་། རྡོ་སོལ་དང་། གློག སྣུམ་རླངས་སོགས་སྐྱེལ་འདྲེན་དང་། མཁོ་སྤྲོད། དགོས་མཁོ་གསུམ་སྦྲེལ་མཐུད་ཡག་པོ་བྱེད་པ། སྨན་བཅོས་དང་། འགྲིམ་འགྲུལ། ཡུལ་སྐོར། ཚོང་ལས་སིལ་ཚོང་སོགས་ཀྱི་རིན་གོང་ལྟ་སྡོམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཁྲོམ་རའི་སྒྲིག་ལམ་བརྟན་པོ་དང་ཟོག་གོང་རྩ་བའི་ཆ་ནས་བརྟན་པོ་ཡོང་བ་བྱེད་དགོས།
          གསུམ་ནས་མང་ཚོགས་ཀྱི་བསམ་བློ་དང་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་དགོས། རྣམ་པ་སྣ་ཚོགས་དང་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དྲིལ་བསྒྲགས་གཏིང་ཟབ་བྱེད་པ་དང་ཏང་ཡོན་ལས་བྱེད་པས་བཅར་འདྲི་འཚམས་འདྲི་དང་།
          དབུལ་སྐྱོར། གཉེན་གྲོགས་ཐུག་འཕྲད་སོགས་ལ་སྐྱོད་པའི་གོ་སྐབས་དང་བསྟུན་ནས་དྲིལ་བསྒྲགས་གསལ་འགྲེལ་ལས་དོན་ཡག་པོ་སྤེལ་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མི་རྣམས་ཀྱི་སེམས་གཏིང་དུ་ཟུག་པར་བྱེད་དགོས། ཡུལ་སྐོར་ཐོན་རྫས་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཡུལ་སྐོར་ཁྲོམ་རར་ལྟ་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བ། ཡ་རབས་ཀྱི་ཡུལ་སྐོར་དར་སྤེལ་གཏོང་བ་བཅས་བྱས་ནས་ཡུལ་སྐོར་གྱི་སྤུས་ཚད་དང་ཡུལ་སྐོར་ཉམས་ལེན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས།
          བཞི་ནས་དཔྱིད་འདྲེན་ལས་དོན་ཏན་ཏན་ཏིག་ཏིག་གི་སྒོ་ནས་ཡག་པོ་སྒྲུབ་དགོས། དཔྱིད་འདྲེན་ལས་དོན་ཐད་ཀྱི་མཐུན་སྦྱོར་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་བྱེད་པ་དང་། དཔྱིད་འདྲེན་གྱི་ལས་འགན་ཁག་སྤྱི་འདོམས་བཀོད་སྒྲིག་ཡག་པོ་བྱེད་པ། སྐྱེལ་འདྲེན་བྱེད་ནུས་ཆེ་རུ་གཏོང་བ། ལྕགས་ལམ་དང་། གཞུང་ལམ། ཆུ་ལམ། དམངས་སྤྱོད་མཁའ་འགྲུལ། གྲོང་ཁྱེར་གྱི་སྤྱི་སྤྱོད་འགྲིམ་འགྲུལ་སོགས་སྦྲེལ་མཐུད་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་མང་ཚོགས་ཕྱིར་སྐྱོད་ཐུབ་པ་དང་ཕྱིར་སྐྱོད་བདེ་པོ་ཡོང་བར་བྱེད་དགོས།
          ལྔ་ནས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས། བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཆང་བ་དང་། ཁོངས་གཏོགས་ས་ཆས་དོ་དམ་དང་སྡེ་ཚན་གྱི་ལྟ་སྡོམ་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་བཅོས་སྒྲིག་ལས་དོན་གཏིང་ཟབ་སྤེལ་ཏེ་སོལ་གཏེར་དང་། སོལ་གཏེར་མིན་པའི་གཏེར་རི། ཉེན་ཆེའི་རྫས་འགྱུར་དངོས་རྫས། དམངས་སྤྱོད་འབར་གས་དངོས་རྫས། ཤོག་སྦག ཨར་ལས་འཛུགས་སྐྲུན། ཆུ་གློག་དྲོད་རླངས། རླངས་འཁོར་བབས་ཚུགས་དང་གྲུ་ཁ་སོགས་གཙོ་གནད་ལས་རིགས་ཀྱི་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་ལེབ་བཤེར་བཅོས་སྒྲིག་བྱེད་པ། མི་ཚོགས་མང་བའི་ཁུལ་དང་། འབར་གས་སླ་བའི་ཁུལ། ངལ་རྩོལ་པ་འདུ་ཆེ་བའི་ཁེ་ལས་སོགས་གཙོ་གནད་ཁྱབ་ཁོངས་སུ་བདེ་འཇགས་ཐད་ཀྱི་འགོག་ཟོན་བྱེད་ཐབས་དོན་འཁྱོལ་ནན་པོ་བཅས་བྱས་ནས་བདེ་འཇགས་ཐད་ཀྱི་ལས་འཛོལ་ཆེ་རིགས་དང་ཚབས་ཆེ་རིགས་མ་ཐོན་སྔོན་འགོག་བྱེད་དགོས།
          དྲུག་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས། སྤྱི་ཚོགས་ཀྱི་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་མེད་པར་བཟོ་བའི་ལས་དོན་གཏིང་ཟབ་སྤེལ་ཏེ་ཁོར་ཡུག་སྲུང་སྐྱོང་དང་། ས་ཆ་བསྡུ་ལེན་དང་ས་ཆ་བཤིག་སྤོ། གླ་བུན་འདེད་ལེན། སྨན་བཅོས་རྩོད་གཞི། མ་འཇོག་དང་མ་དངུལ་བསྡུ་སྒྲིལ། ལས་སྒྱུར་བཀོད་སྒྲིག སློབ་གྲྭ་དོ་དམ་སོགས་ཀྱི་རྐྱེན་ལས་བྱུང་བའི་འགལ་ཟླ་ཐག་གཅོད་འོས་འཚམ་བྱེད་པ་དང་ཡིག་བསྐུར་ངོ་བཅར་གྱི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་སྟེ་ཡིག་བསྐུར་ངོ་བཅར་གྱི་གནད་དོན་གནས་དེ་གར་དུས་ཐོག་ཏུ་ཐག་གཅོད་བྱས་ནས་རིགས་ཁག་གི་ཚོགས་སྤྱིའི་རང་བཞིན་གྱི་དོན་རྐྱེན་མ་ཐོན་སྔོན་འགོག་ནུས་ལྡན་བྱེད་དགོས།
          བདུན་ནས་གྲོན་ཆུང་དང་ཡ་རབས་ངང་ལོ་གསར་གཏོང་བའི་སྤྱོད་བཟང་དར་སྤེལ་གཏོང་དགོས། གཉེན་ཉེ་དང་རྒན་རབས་ལ་བསྙེན་བཀུར་ཞུ་བའི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་དང་ནང་མི་མཉམ་འཛོམས་ཀྱིས་ལོ་གསར་གཏོང་བའི་ཀྲུང་གོའི་རིག་གནས་རྒྱུན་འཛིན་བྱེད་པ་དང་། ཚུལ་མཐུན་དང་། ཡ་རབས། བདེ་ཐང་བཅས་ཀྱི་འཛད་སྤྱོད་ཀྱི་ལྟ་བ་དང་མི་གཤིས་ཀྱི་ལྟ་བ་དར་སྤེལ་གཏོང་བ། མི་རྣམས་ལ་གྲོན་ཆུང་བསྲི་ཚགས་དར་སྤེལ་དང་བག་མེད་ལོངས་སྤྱོད་གཏན་འགོག་བྱ་རྒྱུའི་ཁྲིད་སྟོན་བཅས་བྱས་ནས་གསོལ་སྟོན་གྲ་རྒྱས་དང་རྒྱས་སྤྲོས་ཆུད་ཟོས་སོགས་ཀྱི་སྲོལ་ངན་རང་རྟོགས་ངང་བཀག་འགོག་བྱེད་དགོས།
          བརྒྱད་ནས་རྒྱུན་འཁྱོངས་ལྷོད་མེད་ངང་སྤྱོད་པ་གཙང་བ་དང་སྒྲིག་ཁྲིམས་ནན་དུ་གཏོང་དགོས། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་སྲོལ་ནན་དུ་གཏོང་བ་བཅས་བྱས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།
          དགུ་ནས་ལས་རེས་དང་འཕྲལ་སྡོམ་གྱི་ལས་དོན་ཡག་པོ་སྒྲུབ་དགོས། ལས་གནས་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ཡག་པོ་བྱེད་པ་དང་། འགོ་ཁྲིད་ཕྱོགས་ཐོན་གྱི་གོང་ཞུ་ཐོ་འགོད་ཀྱི་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ། ཆུ་ཚོད་24ཡི་ཆེད་མིའི་སྡོད་བྱ་དང་འགོ་ཁྲིད་ལས་བྱེད་པའི་སྡོད་བྱའི་སྣེ་ཁྲིད་ལམ་ལུགས་ལག་བསྟར་ནན་པོ་བཅས་བྱས་ནས་དུས་ཆེན་རིང་ལས་དོན་ཁག་རྒྱུན་གཏན་ལྟར་གོ་རིམ་ལྡན་པའི་སྒོ་ནས་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས།
          ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན། གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་གི་འབྲེལ་ཡོད་ལས་དོན་ཁག་བཀོད་སྒྲིག་དང་དོན་འཁྱོལ་ནན་ཏན་བཅས་བྱས་ཏེ་བརྡ་ཐོའི་དགོངས་དོན་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716