སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་འཕེལ་རྒྱས་ལས་དོན་ཆུ་བོའི་རྒྱུན་བཞིན་སྤེལ་བ།
སྤེལ་དུས། 2016-11-19   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བསོད་ནམས་འཚོས་བསྒྱུར།

          —ཀྲུང་གོ་བོད་རིག་གནས་སྲུང་སྐྱོང་དང་གོང་སྤེལ་མཐུན་ཚོགས་ཀྱི་ལས་དོན་ལ་ཕྱི་མིག་ལྟ་བ། 
                2016ལོའི་ཟླ11པའི་ཚེས10ཉིན།
  2004ལོར། ཀྲུང་གོ་སྲིད་གཞུང་གི་ཐུགས་བཞེས་ཟབ་མོ་དང་བོད་རིག་གནས་ལ་དོ་ཁུར་དང་དགའ་ཞེན་གནང་མཁན་གྱི་ལས་རིགས་ཁག་གི་མི་སྣ་འགའ་ཤས་ཀྱིས་རྒྱབ་སྐྱོར་དང་ཡར་སྐུལ་གང་ལེགས་གནང་འོག ཀྲུང་གོ་བོད་རིག་གནས་སྲུང་སྐྱོང་དང་གོང་སྤེལ་མཐུན་ཚོགས་པེ་ཅིང་དུ་དངོས་སུ་དབུ་ཚུགས། མཐུན་ཚོགས་དབུ་ཚུགས་པའི་ཚུན་དུ། རྒྱལ་ཁབ་ཕྱི་ནང་གི་འབྲེལ་ཡོད་རྩ་འཛུགས་དང་མི་སྣར་འབྲེལ་གཏུག་རྒྱ་ཆེར་བྱས་ཏེ། རིག་གནས་འགྲེམ་སྟོན་དང་རིག་གཞུང་ཞིབ་འཇུག་གྲོས་བསྡུར་ཐེངས་མང་པོར་སྤེལ་བ་བརྒྱུད། བོད་རིག་པའི་ཆེད་མཁས་པ་དང་བོད་སྒྱུ་རྩལ་ཚོགས་པ་རྩ་འཛུགས་བྱས་ཏེ་ཕྱི་རྒྱལ་ལ་འཚམས་འདྲིར་ཕྱིན་ཅིང་། རྒྱལ་ཁབ་ཕྱིའི་མཛའ་མཐུན་མི་སྣ་གདན་ཞུ་བྱས་ཏེ་བོད་ལྗོངས་ལ་འཚམས་འདྲིར་ཕེབས་པ་དང་། ཚོགས་པ་དང་ཁེ་ལས། མི་སྒེར་བཅས་ཀྱིས་རོགས་དངུལ་གཏོང་བར་སྐུལ་འདེད་བྱེད་པ་སོགས་རྣམ་པར་བརྟེན་ནས་བོད་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་སུ་བཏང་བ་དང་། འགྲོ་མིའི་ཐོབ་ཐང་སྲུང་སྐྱོབ་དང་བོད་ཀྱི་མི་རིགས་སོ་སོ་མཐུན་སྒྲིལ་འཆམ་མཐུན་དང་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་། 2007ལོར། མཐུན་ཚོགས་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་དམིགས་བསལ་གྲོས་དོན་གོ་གནས་ཐོབ་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྱབ་ཁོངས་ཀྱི་གྲོས་ཚོགས་སོ་སོར་ཞུགས་ཏེ།  ཀྲུང་གོ་སྲུང་སྐྱོང་དང་བོད་རིག་གནས་འཕེལ་རྒྱས་ཀྱི་གནས་ཚུལ་རྒྱལ་སྤྱིའི་སྤྱི་ཚོགས་ལ་མཚམས་སྦྱོར་གནང་།
  ལོ་ངོ་བཅུ་ལྷག་གི་རིང་ལ། མཐུན་ཚོགས་ཀྱི་ལས་དོན་ལ་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཡུས་ཀྲེན་ཧྲེང་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ལས་དོན་པུའུ་ཡི་པུའུ་ཀྲང་སུང་ཁྲུན་ལན་སོགས་ཀྲུང་དབྱང་མགོ་ཁྲིད་ཀྱིས་ཁས་ལེན་གང་ལེགས་གནང་མྱོང་། 2011ལོར་བློ་མཐུན་ཅ་ཆིན་ལིན་གྱིས་ཀྲུང་གོ་བོད་རིག་གནས་སྲུང་སྐྱོང་དང་གོང་སྤེལ་མཐུན་ཚོགས། ཀྲུང་གོ་མཛེས་རྩལ་པའི་མཐུན་ཚོགས། རྒྱལ་སའི་དགེ་ཐོན་སློབ་ཆེན་བཅས་ཀྱིས་མཉམ་དུ་གཙོ་སྐྱོང་གནང་བའི“བོད་ཞི་བའི་བཅིངས་འགྲོལ་ཐོབ་ནས་ལོ་འཁོར60ལོན་པའི་མཛེས་རྩལ་བརྩམས་ཆོས་འགྲེམ་སྟོན”ལ་གཟིགས་རྗེས་གདེང་འཇོག་ཆེན་པོ་གནང་། ཁོང་གིས་རི་མོ་ཆེད་མཁས་པ་དང་སྒྱུ་རྩལ་པ་མང་པོས་སྒྱུ་རྩལ་གྱི་རྣམ་པ་སྣ་མང་ལ་བརྟེན་ནས་སྤྱི་ཚོགས་དང་ཕྱི་རྒྱལ་ལ་ང་ཚོ་བོད་ངོ་སྤྲོད་གནང་བ་དང་། རི་མོ་ཆེད་མཁས་པ་སྔར་ལས་མང་པོ་བོད་དུ་བསྐྱོད་དེ། ཡུལ་དེའི་ཐུན་མིན་གྱི་མཛེས་ལྗོངས་དང་རིགས་སོ་སོའི་མི་དམངས་ཀྱི་འཛུགས་སྐྲུན་གྲུབ་འབྲས་མཚོན་གང་ལེགས་བྱེད་པར་སྐུལ་ལྕག་གནང་དགོས་ཞེས་གསུང་།
    ཧ་ལས་ཧང་སངས་པའི་ཐོག་མའི་ཚོད་ལྟ།(འགྲེམ་སྟོན་སྣ་ཚོགས)
    2004ལོའི་ཟླ6པའི་ཚེས22ཉིན་ཏེ། མཐུན་ཚོགས་དབུ་ཚུགས་པའི་ཉིན་གཉིས་པར། རྒྱལ་ཁབ་དངོས་མང་བཤམ་སྟོན་ཁང་དུ“བོད་ཀྱི་རིག་གནས་འགྲེམ་སྟོན”ཞེས་པ་སྤེལ་བར། སྤྱི་ཚོགས་ལས་རིགས་ཁག་གིས་གདེང་འཇོག་མཐོན་པོ་གནང་།  ཆ་མི་ཚང་བའི་སྡོམ་རྩིས་ལྟར་ན། ལོ་ངོ་བཅུ་ལྷག་གི་རིང་ལ། མཐུན་ཚོགས་དང་ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས། ཀྲུང་གོ་མཛེས་རྩལ་པའི་མཐུན་ཚོགས་དང་ཕྱི་རྒྱལ་གྱི་ལས་ཁུངས་ཁ་ཤས་བཅས་ཀྱིས་མཉམ་འབྲེལ་སྒོས“ཀྲུང་གོའི་གཅེས་ནོར•བོད་ཀྱི་རིག་གནས་འགྲེམ་སྟོན”དང“བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཡང་སྲིད་ཆེད་དོན་འགྲེམ་སྟོན”“ཕྱི་རྒྱལ་ནས་ཕྱིར་ཐོན་པའི་བོད་ཀྱི་རིག་དངོས་འགྲེམ་སྟོན”“མཚོ་བོད་ལྕགས་ལམ་སྟེང་མེ་འཁོར་ཤར་གཏོང་བྱུང་ནས་ལོ་འཁོར10ལོན་པར་དྲན་གསོ་ཞུ་བའི་རི་མོ་འགྲེམ་སྟོན”སོགས་འགྲེམ་སྟོན་རབས་དང་རིམ་པ་སྤེལ་ཏེ། པེ་ཅིང་དང་ཧྲང་ཧའེ། ལྷ་ས། ཐའེ་ཀང་ཨོ་བཅས་ས་གནས་སོ་སོར་ཞབས་རྗེས་བཀོད་ཅིང་། འགྲེམ་དངོས་ཁྲོད་རིག་དངོས་ཡོད་ལ་གསར་འགྱུར་རི་མོ་དང་མཛེས་རྩལ་བརྩམས་ཆོས་ཀྱང་ཡོད་པས། ཕྱོགས་གནས་ཡོངས་དང་ཟུར་ཚད་མང་པོ་ནས་བོད་རིག་གནས་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་ད་ལྟའི་གནས་བབ་མངོན་པར་མཚོན།
  དོན་དངོས་ལས་ར་སྤྲད་པ་སྟེ། འགྲེམ་སྟོན་ནི་བོད་ཀྱི་རིག་གནས་སྲུང་སྐྱོང་དང་བརྒྱུད་སྒྲོག་བྱེད་པ་དང་།  མཐུན་ཚོགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཇེ་དྲག་ཏུ་གཏོང་བའི་ཐེག་ནུས་གལ་ཆེན་ཡིན། མཐུན་ཚོགས་ཀྱིས་བོད་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་ཆེད་དུ་གོམ་པ་དང་པོ་རྒྱལ་ཁའི་ངང་སྤོས་སོང་།
     གཡུར་དུ་ཟ་བའི་གྲུབ་འབྲས་མོད་པོ། (རིག་གནས་ཐོན་རྫས)
    མཐུན་ཚོགས་དབུ་ཚུགས་ཚུན་དུ། བོད་ཀྱི་རིག་གནས་དང་འབྲེལ་བའི་དཔེ་ཚོགས་དང་བརྙན་འཕྲིན། དངོས་བཤུས་གློག་བརྙན་སོགས་རིག་གནས་ཐོན་རྫས་རབས་དང་རིམ་པ་པར་སྐྲུན་སྒྲིག་བཟོ་བྱེད་པར་རྒྱབ་སྐྱོར་གནང་སྟེ། བོད་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གནང་། 2005ལོའི་ཟླ7པར། མཐུན་ཚོགས་ཀྱིས་ཀྲུང་གོ་མི་རིགས་སྒྲ་བརྙན་དཔེ་སྐྲུན་ཁང་ལ་མཉམ་འབྲེལ་གྱིས་ཕབ་སྐྲུན་གནང་བའི་མི་རིགས་བརྗོད་གཞིའི་བརྙན་འཕྲིན་མུ་འབྲེལ་ཟློས་གར《ཇ་རྟའི་གནའ་ལམ》དེ་ཀྲུང་དབྱང་བརྙན་འཕྲིན་ཁང་གི་འཕྲིན་གཏོང་ལམ་དང་པོ་ནས་བཏང་། ལོ་དེའི་ཟླ9པར། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར40ལོན་པར་དགའ་སྟོན་རྟེན་འབྲེལ་ཞུ་ཆེད། མཐུན་ཚོགས་དང་ཀྲུང་གོ་རིག་རྩལ་མཉམ་འབྲེལ་འཁྲབ་སྟོན་ལྟེ་གནས་ཀྱིས་མཉམ་དུ་བསྒྲུབས་པའི་གླུ་གར་ཆེན་མོ《བོད་དུ་བསྐྱོད་པ》ཞེས་པ་པེ་ཅིང་དུ་འཁྲབ་སྟོན་བྱས། 2006ལོའི་ཟླ10པར། མཐུན་ཚོགས་དང་ཀྲུང་གོ་དེང་རབས་ཚད་ལྡན་ཡིག་ཆ་ཞིབ་འཇུག་ལྟེ་གནས། བོད་ལྗོངས་བརྙན་འཕྲིན་ཁང་། ཡུན་ནན་བརྙན་འཕྲིན་ཁང་བཅས་ཀྱིས་མཉམ་དུ་དབྱིན་ཡིག་དང་བོད་ཡིག་གི་ལམ་ནས《བོད་ལྗོངས་གསར་པ》ཞེས་པའི་ཆེད་དོན་གློག་བརྙན་སྒྲིག་སྒྱུར་གནང་ཞིང་། མཚུངས་སུ་གླིང་ལྔ་བརྒྱུད་གཏོང་ཀུང་སི་དང་མཉམ་དུ《གངས་ལྗོངས་དཔལ་ཡོན》ཞེས་པའི་ཆེད་དོན་གློག་བརྙན་སྒྲིག་བཟོ་གནང་།
  མཐུན་ཚོགས་ཀྱིས་ད་དུང་ཀྲུང་ཧྭ་རིག་གནས་དཔེ་སྐྲུན་ཁང་དང་མི་རིགས་དཔེ་སྐྲུན་ཁང་། པེ་ཅིང་དཔེ་སྐྲུན་ཁང་དང་ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་སོགས་ལས་ཁུངས་དང་མཉམ་དུ《བོད་ལྗོངས་རི་མོ》དང《དུས་རབས་ཀྱི་གནམ་ལམ་ཏེམཚོ་བོད་ལྕགས་ལམ་གྱི་གནས་མཇལ》《གཡག མཐོ་སྒང་གི་བླ་སྲོག》སོགས་བོད་ཀྱི་རིག་གནས་དྲིལ་སྒྲོག་བྱེད་པའི་དཔེ་དེབ་དང་སྒྲ་བརྙན་ཐོན་རྫས་མང་པོ་པར་སྐྲུན་བྱས། 2006ལོར་མཐུན་ཚོགས་ཀྱིས་པར་སྐྲུན་བྱས་པའི《གངས་ལྗོངས་བསྟོད་གླུ》ཞེས་པའི་དྲན་གསོའི་སྦྲག་དེབ་དང《ཡིད་འོང་གི་བོད་ལྗོངས》ཞེས་པའི་རང་གཤིས་ཅན་གྱི་སྦྲག་རྟགས་ལ་རྒྱལ་ཁབ་ཕྱི་ནང་གི་སྦྲག་རྟགས་ཉར་མོས་མཁན་གྱིས་སྦྲག་རྟགས་ཉར་བསྡུ་ཁྲོད་ཀྱི་སྦྲག་རྟགས་ཡག་ཤོས་ཞེས་བསྟོད་བསྔགས་བརྗོད།
  2007ལོའི་ཟླ6པར། མཐུན་ཚོགས་ཀྱིས《བོད་དུ་བསྐྱོད་པ》ཞེས་པའི་བོད་ཡིག་གི་ཁྲིད་སྟོན་སྒྲ་བརྙན་ཐོན་རྫས་བཟོས། ལེའུ40ཅན་གྱི་མུ་འབྲེལ་བརྙན་གར《གངས་ལྗོངས་གནམ་ལམ》ཞེས་པའི་སྒྲིག་འགན་ཁུར་ཅིང2010ལོར་ཀྲུང་དབྱང་འཕྲིན་གཏོང་ལམ་དང་པོ་ནས་བཏང་། ཟློས་གར་དེས་ཡུལ་ལྗོངས་ཧྲིལ་པོ་དང་དངོས་བྲིས་ཀྱི་རྣམ་པས་མཚོ་བོད་ལྕགས་ལམ་འཛུགས་སྐྲུན་མཁན་རྣམས་ཀྱིས་དཀའ་སྤྱད་སྡུག་རུས་དང་དཔའ་ངར་ཞུམ་མེད་ཀྱིས་མཚོ་བོད་ལྕགས་ལམ་གསར་སྤེལ་དང་འཛུགས་སྐྲུན་བྱས་པའི་བྱས་རྗེས་མཚོན་པར་བྱས་ཡོད། 2010ལོའི་ཟླ3པར། མཐུན་ཚོགས་ཀྱིས་ཕབ་སྐྲུན་བྱས་པའི་བརྙན་འཕྲིན་ཆེད་དོན་ལེ་ཚན《མི་ཚུལ་བོད་ལྗོངས》ཞེས་པ་ཀྲུང་དབྱང་བརྙན་འཕྲིན་ཁང་གི་འཕྲིན་གཏོང་ལམ4པའི《ཀྲུང་གོ་ཡོངས་ལ་བསྐྱོད་པ》ཞེས་པའི་ལེ་ཚན་དུ་བསྟུད་མར་ཐེངས6ལ་བཏང་། 2012ལོར། ཀྲུང་གོ་གླུ་གར་གླིང་དང་མཉམ་འབྲེལ་སྒོས《རྒྱ་བཟའ་ཀོང་ཇོ》ཞེས་པའི་གླུ་གར་གསར་དུ་བསྒྲིགས་ཤིང་། ཀྲུང་གོ་རིག་གནས་ཐེབས་རྩ་ལྷན་ཚོགས་དང་མཉམ་དུ《ཧི་མ་ལ་ཡའི་གཟི་འོད》ཅེས་པའི་གླུ་དབྱངས་ཀྱི་ལོ་རྒྱུས་སྙན་རྩོམ་ཟློས་གར་སྒྲིག་སྦྱོར་བྱས། པེ་ཅིང་ཞིང་ནགས་ཚན་རིག་གླིང་ལ་རོགས་རེས་ཀྱིས《མཐོ་སྒང་གི་གསོ་རིག་ངོ་མཚར་ཅན་ཏེ་བོད་སྤོས》ཞེས་པའི་བརྙན་འཕྲིན་ལེ་ཚན་ཕབ་སྐྲུན་བྱས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་དང་མཉམ་དུ《བོད་ཀྱི་ལྡེབས་རིས་ཆ་ཚང•མངའ་རིས་ཀྱི་ལེའུ》ཞེས་པ་པར་དུ་བསྐྲུན་པ་དང་།མཐུན་ཚོགས་ཀྱི་ལས་འཛིན་པ་ཚེ་རིང་བཟང་མོས《བོད་རིགས་བྲོ་གར་གྱི་སྐྱེས་པའི་འཛིན་གྲྭའི་དཔེ་དེབ》ཅེས་པ་རྒྱལ་ནང་ནས་ཐོག་མར་གཙོ་སྒྲིག་གནང་།
  མིག་སྔར། མཐུན་ཚོགས་ཀྱིས་མཉམ་འབྲེལ་གསར་སྐྲུན་དང་ཡང་ན་རྒྱབ་སྐྱོར་ཕབ་སྐྲུན་བྱས་པའི་བོད་འབྲེལ་བརྗོད་གཞིའི་བརྙན་རིས་བརྩམས་ཆོས《མི་ཡུལ་གྱི་དག་ཞིང》དང《བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་བླ་སྤྲུལ་ཡང་སྲིད》《ཁམས་པའི་ཕོ་རྒོད》བཅས་སྒྲིག་བཟོ་ཚར་བ་དང་ཕབ་སྐྲུན་བྱེད་མགོ་བརྩམས་ཡོད།
   རིག་གཞུང་བརྗེ་རེས་ཐད་བྱས་རྗེས་མི་དམན་པ་བཞག་པ། (རིག་གཞུང་བརྗེ་རེས)
  ལོ་ངོ་མང་པོའི་རིང་ལ། མཐུན་ཚོགས་ཀྱིས་རིག་གཞུང་གླེང་སྟེགས་མང་པོ་བསྐྲུན་ནས། བོད་རིག་པའི་ཞིབ་འཇུག་འཕེལ་རྒྱས་དང་བརྗེ་རེས་ལ་སྐུལ་འདེད་བཏང་། 2007ལོའི་ཟླ10པའི་ཚེས27ཉིན། མཐུན་ཚོགས་ཀྱིས་ཐེ་ཅིན་ཚ་ཚ་རིག་གནས་སྒྱུ་རྩལ་ཞིབ་འཇུག་འགྲེམ་སྟོན་ལྟེ་གནས་དང་མཉམ་དུ“ཚ་ཚ་སྒྱུ་རྩལ་གྱི་རྒྱལ་སྤྱིའི་དཔྱད་གླེང་གྲོས་ཚོགས”སྐབས་དང་པོ་བསྡུས་ཏེ། ཚ་ཚ་ལ་མོས་པ་ཡོད་པའི་ལས་རིགས་དང་ལས་གྲོགས་གཅིག་པ་ཁག་ལ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་རིག་གནས་སྟེགས་བུ་ཞིག་འདོན་སྤྲོད་བྱས་ཤིང་། བོད་ཀྱི་ཕུལ་བྱུང་རིག་གནས་ཀྱི་གྲུབ་འབྲས་སྲུང་སྐྱོང་དང་ཞིབ་འཇུག་གསར་སྤེལ་བྱས་ལ། ནང་སྒོས་སུ་གནའ་བོའི་ན་གཞོན་པའི་རིག་ཚན་ཏེ་ཚ་ཚའི་གྲུབ་འབྲས་གསར་པ་བརྒྱུད་སྒྲོག་བྱེད་པར་རིམ་པ་མཐོ་བའི་རྩད་གཅོད་ཞིབ་དཔྱད་དང་བརྗེ་རེས་ཐེངས་ཤིག་སྤེལ།
  2008ལོའི་ཟླ10པའི་ཚེས14ཉིན་ནས་ཚེས17ཉིན་བར། མཐུན་ཚོགས་ཀྱིས་ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་དང་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་གླིང་དང་མཉམ་འབྲེལ་སྒོས“2008ལོའི་པེ་ཅིང་བོད་རིག་པའི་དཔྱད་གླེང་གྲོས་ཚོགས ”བསྡུས། གྲོས་ཚོགས་ཀྱི་སྐབས་སུ། 《ཀྲུང་ཧྭ་བཀའ་བསྟན་ཆེན་མོ》(བོད་ཡིག་ཁག)ཡི་དཔེ་སྡུར་དེབ་ཆ་ཚང་དང《བོད་ལྗོངས་ལོ་རྒྱུས་ཆེན་མོ》(དེབ་ཕྲེང་བཅུ)ཁྲོད་ཀྱི་མི་སེར་རྒྱལ་ཁབ་ཀྱི་ལེའུ་སོགས་ཚན་ཞིབ་གྲུབ་འབྲས་ཆེན་པོ་སྐོར་ཞིག་རྒྱལ་ཁབ་ཕྱི་ནང་གི་བོད་རིག་པའི་སྡེ་ཁག་ཏུ་ཁྱབ་གདལ་གང་ལེགས་བྱས། དུས་མཚུངས་སུ་ད་དུང་གྲོས་ཚོགས་སུ་ཞུགས་པའི་རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པ220ལ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱིས་རྩ་འཛུགས་གསར་སྤེལ་བྱས་པའི་བོད་ཡིག་རྒྱུན་སྤྱོད་ཨང་བསྒྱུར་མཉེན་ཆས་དང་རྩིས་འཁོར་གྱི་བོད་ཡིག་ཡིག་གཟུགས་ཏེ“བོད་ཞིབ་ཡིག་གཟུགས”མཚམས་སྦྱོར་གནང་།
  2006ལོ་དང2007ལོ། 2011ལོ་བཅས་ལ་སོ་སོར་པེ་ཅིང་དང་ནེ་པ་ལ། ཀ་ཏ་མན་རྡུ་དང་ལྷ་ས་བཅས་ནས“ཀྲུང་གོ་བོད་རིག་གནས་འཕེལ་རྒྱས་གླེང་སྟེགས”ཞེས་པ་བསྡུས་ཤིང་། དེ་ནི་བོད་ཀྱི་ལོ་རྒྱུས་སྟེང་རྒྱལ་སྤྱིའི་རང་བཞིན་གྱི་རིག་གཞུང་གླེང་སྟེགས་ཐེངས་དང་པོ་ཡིན་ལ། འཛམ་གླིང་ཡོངས་ལ་བོད་ཀྱི་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ངོམས་པར་དམིགས་བསལ་གྱི་དོན་སྙིང་ལྡན། ཚོགས་ཞུགས་མཁན་ཚོས་ཐེངས་དེའི་གླེང་སྟེགས་ནི་དངོས་གནས་ཆུ་ཚད་མཐོ་བའི་རྒྱལ་སྤྱིའི་རིག་གཞུང་གྲོས་ཚོགས་ཤིག་རེད་ཅེས་བརྗོད་ཅིང་། ཕྱི་རྒྱལ་གྱི་ཤེས་ལྡན་པ་རྣམས་ཀྱིས་ཀྱང་བསྟོད་པའི་མཐེ་བོང་ཡང་ཡང་བསྒྲེངས།
  2015ལོའི་ཟླ10པའི་ཚེས30ཉིན། མཐུན་ཚོགས་ཀྱིས་ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་དང་མཉམ་འབྲེལ་སྒོས་བོད་རིག་པའི་ཇོ་མོ་གླེང་སྟེགས་སྐབས་གཉིས་པ་བསྡུས་ཏེ།  བོད་རིག་པ་དར་རྒྱས་གོང་འཕེལ་ཡོང་བར་ཡར་སྐུལ་ནུས་ལྡན་བྱས།
  2016ལོའི་ཟླ8པའི་ཚེས2ཉིན་མཐུན་ཚོགས་ཀྱིས་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་གླིང་དང་མཉམ་དུ་བསྡུས་པའི་པེ་ཅིང(རྒྱལ་སྤྱིའི)བོད་རིག་པའི་དཔྱད་གླེང་གྲོས་ཚོགས་སྐབས་དྲུག་པ་པེ་ཅིང་དུ་མགོ་བརྩམས། སྐབས་དེའི་དཔྱད་གླེང་གྲོས་ཚོགས་ཀྱི་ཁྱབ་ཁོངས་རྒྱ་ཆེ་ཞིང་གྲུབ་འབྲས་ཀྱིས་བལྟམས་ལ། ཆུ་ཚད་མཐོ་ཞིང་གསར་སྐྲུན་གྱི་ཁྱད་ཆོས་ལྡན་པས།  དེང་ཕྱིན་གྱི་བོད་རིག་པའི་ཞིབ་འཇུག་དང་བོད་རིག་པའི་ལས་དོན་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་ལྡན་པ་རེད།  
  ཕྱི་ཕྱོགས་འབྲེལ་འདྲིས་ལ་ཤུགས་སྣོན་གང་ལེགས་བརྒྱབ་པ། (ཕྱི་ཕྱོགས་ལ་འབྲེལ་འདྲིས་བྱེད་པ)
  མཐུན་ཚོགས་ཀྱིས་བོད་ཅེས་པའི་རིག་གནས་ཀྱི་གཤིན་ས་འདིར་རྐང་བཙུགས་ནས། ལས་དོན་ཧུར་ཐག་གིས་སྤེལ་བ་དང་། སྤྱི་ཚོགས་ལ་འབྲེལ་གཏུག་རྒྱ་ཆེར་བྱེད་པ། ཕྱོགས་སོ་སོའི་རིག་སྟོབས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ། “སྒོར་ཐོན་པ་དང་ནང་དུ་འདྲེན་པ”བཅས་ཐབས་ལམ་མང་པོ་ནས་ཕྱི་ཕྱོགས་ལ་བརྗེ་རེས་བྱེད་པའི་བྱེད་སྒོ་སྤེལ། མཐུན་ཚོགས་བཙུགས་ནས་ལོ་ངོ་བཅུ་ལྷག་འགོར་བའི་རིང་ལ། མཐུན་ཚོགས་ཀྱིས་ཕྱི་རྒྱལ་ལ་འཚམས་འདྲིར་འགྲོ་བའི་ཚན་ཆུང70རྩ་འཛུགས་དང་དེའི་ནང་དུ་ཞུགས་ཤིང་། རྒྱལ་ནང་གི་བོད་རིག་པའི་ཆེད་མཁས་པ་དང་ཤེས་ཡོན་པ། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཁག་གི་འཐུས་མི་བཅས་རྩ་འཛུགས་བྱས་ཏེ་ཡ་ཧྥེ་ཡོབ་གླིང་དང་། གླིང་ཆེན་ཨ་མེ་རི་ཁ་སོགས་རྒྱལ་ཁབ་བཅུ་ལ་འཚམས་འདྲིར་ཕེབས་ཏེ། བོད་ཀྱི་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་གྲུབ་འབྲས། ཆོས་ལུགས་དད་མོས་རང་དབང་བཅས་དངོས་ཡོད་གནས་ཚུལ་ཁྱོན་ཡོངས་ནས་དྲིལ་སྒྲོག་བྱས།
   2005ལོ་ནས་བཟུང་། བོད་ལུགས་ལོ་གསར་སླེབས་ཐེངས་རེར། མཐུན་ཚོགས་ཀྱིས་སོ་སོར་ཞིང་ལྗོངས་ལྔའི(བོད་ལྗོངས། སི་ཁྲོན། མཚོ་སྔོན། ཀན་སུའུ། ཡུན་ནན)མི་རིགས་གླུ་གར་ཚོགས་པ་རྩ་འཛུགས་བྱས་ཏེ་ནེ་པ་ལ་དང་སུའེ་ཙེར། འཇར་མན། ཨོ་སི་ཁྲི་ལི་ཡ། ནེའུ་ཙི་ལན་སོགས་རྒྱལ་ཁབ་ཏུ་འཁྲབ་སྟོན་བྱས་པར། ཕྱི་རྒྱལ་གྱི་བོད་རིགས་སྤུན་ཟླ་དང་གནས་དེའི་སྲིད་གཞུང་དང་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་གནང་།
  2012ལོར། སུའེ་ཙེར་དང་ལེ་ཁེ་ཐེན་སི་ཐེན་སོགས་རྒྱལ་ཁབ་ཀྱི་སྨྱན་བྱད་ཀྱིས“འཁྲབ་སྟོན་གྱིས་ལྟད་མོ་བའི་ཡིད་དབང་ཅིག་ཅར་ཏུ་འཕྲོག་ཅིང་།《ཨ།མཚོ་སྔོན་པོ》ཞེས་པའི་གླུ་དབྱངས་དང་དཔའ་བོའི་ལོ་རྒྱུས་གེ་སར་རྒྱལ་པོའི་སྒྲུང་སྟེ《འཛམ་གླིང་སྤྱི་བསང》”སོགས་ཀྱིས་བོད་ཀྱི་རིག་གནས་ཕུན་སུམ་ཚོགས་པ་མངོན་པར་མཚོན་འདུག་ཅེས་བརྗོད་ཡོད།
  མཐུན་ཚོགས་ཀྱིས་ད་དུང་དམངས་ཁྲོད་ཀྱིས་དམངས་ཁྲོད་ལ་ཁ་གཏད་པའི་རྣམ་པ་བརྒྱུད། དབྱིན་ཇི་དང་སོག་པོ་རྒྱལ་ཁབ། ཧིན་རྡུ་དང་ཧན་རྒྱལ་ཁབ་སོགས་ཀྱི་གྲོས་མི་དང་སྨྱན་བྱད་གསར་འགོད་པ། ཆོས་ལུགས་ཁག་གི་མི་སྣ་བཅས་ཀྲུང་གོར་འཚམས་འདྲིར་ཕེབས་པར་གདན་ཞུ་གནང་བ་མ་ཟད་བོད་ཁུལ་ལ་ལྟ་སྐོར་དང་འཚམས་འདྲི། ཡུལ་སྐོར་བྱེད་དུ་ཕེབས་ནས། ཁོ་ཚོར་བོད་ཁུལ་གྱི་གནས་ཚུལ་ལ་ཐད་མཐོང་ངོས་འཛིན་དང་ཁྱོན་ཡོངས་ནས་རྒྱུས་ལོན་བྱེད་དུ་བཅུག 2009ལོར། མཐུན་ཚོགས་ཀྱིས་དབྱིན་ཇི་གྲོས་ཁང་གི་ཏང་ཁོངས་ལས་བརྒལ་བའི་ཕྱོགས་ཁག“ཀྲུང་གོའི་ཚན་ཆུང”གི་གྲོས་མི་སི་ཏི་ཨེར་ཞུན་ཅུའེ་སོགས་བོད་དུ་འཚམས་འདྲིར་ཕེབས་པར་གདན་ཞུ་བྱས་ཤིང་། ལྟ་སྐོར་གནང་རྗེས་ཀྱི་གྲོས་མིས་བོད་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་སོགས་ཁྱབ་ཁོངས་ནས་བླངས་པའི་གྲུབ་འབྲས་ལ་བསྟོད་བསྔགས་ཆེན་པོ་མཛད།
  དུས་མཚུངས་སུ། མཐུན་ཚོགས་ཀྱིས་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་མཐུན་དང་ཕྱི་ཕྱོགས་སློབ་ཚོགས། ཀྲུང་གོ་དམངས་ཁྲོད་རྩ་འཛུགས་དང་རྒྱལ་སྤྱིའི་བརྗེ་རེས་སྐུལ་འདེད་ཚོགས་པ་སོགས་འབྲེལ་ཡོད་ལས་ཁུངས་དང་རྩ་འཛུགས་ལ་འབྲེལ་གཏུག་བྱེད་པར་མུ་མཐུད་དུ་ཤུགས་བསྣན་ནས། མཐུན་ཚོགས་དེ་སྲིད་གཞུང་གི་རྩ་འཛུགས་མིན་པའི་ཆ་ནས་ཕྱི་ཕྱོགས་བརྗེ་རེས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས། མཐུན་ཚོགས་ཀྱིས་ལོ་རེར་ཁོངས་མི་མངགས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་གྲོས་ཚོགས་དང་རྒྱལ་ཁབ་ཁག་གི་འགྲོ་མིའི་ཐོབ་ཐང་གྲོས་ཚོགས། ཡ་ཡོབ་མི་དམངས་གླེང་སྟེགས་སོགས་རྒྱལ་སྤྱིའི་རང་བཞིན་གྱི་གྲོས་ཚོགས་ལ་ཞུགས་སུ་བཅུག མཐུན་ཚོགས་ཀྱིས་ད་དུང་མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱིའི་རྩ་འཛུགས་ལ《བོད་ཡིག་སྲུང་སྐྱོང་དང་འཕེལ་རྒྱས》《ཀྲུང་གོ་བོད་ལྗོངས་ཀྱི་ཆོས་ལུགས་དད་མོས་རང་དབང་གནས་ཚུལ》《བོད་ཀྱི་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་པའི་སྐོར་གྱི་སྲིད་གཞུང་མིན་པའི་རྩ་འཛུགས་ཀྱི་སྙན་ཞུ》སོགས་སྙན་ཞུ་མང་པོ་སྤྲད་དེ། ཧུར་ཐག་གིས་གཏམ་བཤད་བརྩོན་ལེན་དང་རང་འགུལ་གྱིས་བྱ་བ་བསྒྲུབས་ཏེ། རང་རྒྱལ་སྲིད་གཞུང་གི་འཐུས་མི་ཚོགས་པས་བྱ་བ་བསྒྲུབ་པར་རྒྱབ་སྐྱོར་ནུས་ལྡན་འདོན་སྤྲོད་གནང་།
    རྒྱལ་དར་དམངས་བདེའི་འདུན་པ་བརྟན་པོས་མཉམ་དུ་ཀྲུང་གོའི་སེམས་པ་བཞེངས།(སྤྱི་ཕན་བྱེད་སྒོ)
   2011ལོའི་ཚུན་དུ། མཐུན་ཚོགས་ཀྱིས་སྔ་གཞུག་ཏུ“སེམས་མཐུན•མཉམ་དུ་ཀྲུང་གོའི་སེམས་པ་བཞེངས”ཞེས་པའི་བོད་ལྗོངས་སུ་བསྐྱོད་པ་དང་མཚོ་སྔོན་ལ་བསྐྱོད་པ། རྔ་བར་བསྐྱོད་པ། ཀན་ལྷོར་བསྐྱོད་པ། བདེ་ཆེན་ལ་བསྐྱོད་པ་སོགས་བྱེད་སྒོ་སྤེལ་ཏེ་པེ་ཅིང་དང་ཧྲང་ཧའེ་སོགས་ས་གནས་ཀྱི་སྨན་བཅོས་ཆེད་མཁས་པ་དང་དང་བླངས་པ་རྩ་འཛུགས་བྱས་ནས་བོད་ལྗོངས་དང་སི་ཁྲོན་བོད་ཁུལ་གྱི་གྲོང་གསེབ་དང་དགོན་སྡེ། མཐའ་སྲུང་སོ་ལྟ་ཁང་བཅས་སུ་འོས་འགན་ནད་བརྟག་དང་སྨན་རྫས་ཞལ་འདེབས་སུ་ཕུལ། 2015ལོའི་ཟླ9པའི་ཚེས24ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་ཀྲུང་དབྱང་འཐབ་ཕྱོགས་པུའུ་ཡི་པུའུ་ཀྲང་སུང་ཁྲུན་ལན་གྱིས2015ལོའི“སེམས་མཐུན•མཉམ་དུ་ཀྲུང་གོའི་སེམས་པ་བཞེངས”ཞེས་པའི་སི་ཁྲོན་རྔ་བར་བསྐྱོད་པའི་བྱེད་སྒོ་ནང་ཞུགས་པའི་ཆེད་མཁས་པ་དང་དང་བླངས་པ།  པེ་ཅིང་དུ་སྨན་བཅོས་ལ་ཡོང་བའི་ནད་པའི་འཐུས་མི་བཅས་དང་ཐུག་འཕྲད་གནང་སྐབས“སེམས་མཐུན•མཉམ་དུ་ཀྲུང་གོའི་སེམས་པ་བཞེངས”ཞེས་པ་བོད་ཁུལ་དུ་བསྐྱོད་པའི་བྱེད་སྒོར་གདེང་འཇོག་མཐོན་པོ་གནང་། ཁོང་མོས་ཐེངས་འདིའི་བྱེད་སྒོ་ལས་སྨན་བཅོས་སྨན་རྫས་བོད་ཁུལ་ལ་བསྐྱལ་ཏེ། ཞིང་འབྲོག་མང་ཚོགས་ཀྱི་སྡུག་བསྔལ་བསལ་བ་མ་ཟད། དེ་བས་ཀྱང་སྤྱི་ཚོགས་ལ་གཅེས་སེམས་དང་མཛའ་མཐུན། བྱས་རྗེས་འབུལ་སྤྲོ་བའི་སྙིང་སྟོབས་དང་སྤྱི་ཚོགས་ཀྱི་འགན་འཁྲི་འདུ་ཤེས་བརྒྱུད་སྒྲོག་བྱས་ལ། རང་ཉིད་ཀྱི་དཀའ་སྤྱད་ལ་བརྟེན་ནས་བོད་ཁུལ་མང་ཚོགས་ལ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་བརྒྱུད་སྒྲོག་བྱས་པས། བོད་ཁུལ་གྱི་རིགས་སོ་སོའི་མང་ཚོགས་ཀྱིས་བསྔགས་བརྗོད་ཚད་མེད་གནང་། 2006ལོ་ནི་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པའི་ལོ་ཡིན། ཟླ7པའི་ཚེས7ཉིན་ནས་ཚེས15ཉིན་བར། མཐུན་ཚོགས་ཀྱི་ཡུན་རིང་སྤྱི་ཕན་ལས་གཞི“སེམས་མཐུན•མཉམ་དུ་ཀྲུང་གོའི་སེམས་པ་བཞེངས”ཞེས་པས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གཙོ་གནད་དུ་བཟུང་སྟེ། རྒྱང་སྐྱོད་ལམ་རྒྱུད་ཀྱི་གནས19དང་ཤར་བྱང་མཉམ་འགོག་ཁུལ་རྙིང་དུ། རྒྱལ་ཡོངས་ཀྱི་སྨན་བཅོས་ལས་ཁུངས400ལྷག་ནས་ཕེབས་པའི་དང་བླངས་སྨན་པ1000ལྷག་སོ་སོར་ཅང་ཞི་རོའེ་ཅིན་དང་ཀོང་ཁྲང་། ཀོང་ཞི་ཞིན་ཨན། ཀོས་ཀྲོའུ་ཧོ་ཀྲང་། ཁྲི་ཧྲོའེ། ལི་ཕིང་། ཡུན་ནན་ལུའུ་ཆོན། སི་ཁྲོན་ཅིན་ཁྲོན། ཀན་སུའུ་ཧོའེ་ཉིན། ཅི་ལིན་ཡན་པེན་བཅས་འོས་འགན་ནད་བརྟག་དང་གཅེས་སེམས་ཞལ་འདེབས། སྨན་བཅོས་གསོ་སྦྱོང་། བདེ་ཐང་འཆད་ཁྲིད། ཐུམ་འབུའི་ནད། HPVབརྟག་དཔྱད་དང་བྱིས་པའི་སྐྱེས་ཐོབ་རང་བཞིན་གྱི་སྙིང་ནད། ལིང་ཏོག་མིག་ནད་བརྟག་དཔྱད་རོགས་སྐྱོབ་སོགས་སྨན་བཅོས་སྤྱི་ཕན་བྱེད་སྒོ་སྤེལ་ཏེ། དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པར་དྲན་གསོ་ཞུས།
    སྔ་འཛིན་ཕྱི་གཏོད།
  2010ལོའི་ཟླ6པར་ཀྲུང་གོ་བོད་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་མཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་སྐབས་གཉིས་པ་བཙུགས་ཚུན་དུ། སྲིད་གཞུང་དང་དམངས་ཁྲོད་ཀྱི་ཕྱོགས་སོ་སོའི་སྟོབས་ཤུགས་ལ་རོགས་འདེགས་བྱས་ཏེ། འགྲེམ་སྟོན་སྣ་ཚོགས་དང་བོད་འབྲེལ་རིག་གནས་བཟོས་རྫས་པར་སྐྲུན། བོད་རིག་པའི་རྒྱལ་སྤྱིའི་བརྗེ་རེས་སྐུལ་སྤེལ།“སེམས་མཐུན•མཉམ་དུ་ཀྲུང་གོའི་སེམས་པ་བཞེངས”ཞེས་པའི་སྤྱི་ཕན་བྱེད་སྒོ་བཅས་རྩ་འཛུགས་བྱས་ཏེ། བོད་ཀྱི་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་སུ་གཏོང་བའི་ཁྱབ་ཁོངས་སུ་གྲུབ་འབྲས་གཡུར་དུ་ཟ་བ་བླངས།
  ད་ལོ་ནི་མཐུན་ཚོགས་ཀྱི་སྐབས་བརྗེ་བའི་ལོ་ཡིན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་རིག་གནས་སྒྲིག་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བའི་ཐད་བླང་བྱ་གསལ་བོ་བཏོན་ཏེ། བོད་ཀྱི་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་སུ་གཏོང་བའི་ལས་དོན་ལེགས་པར་བསྒྲུབ་པ་དང་། བོད་ཀྱི་རིག་གནས་འཕེལ་རྒྱས་དང་དར་རྒྱས་ཆེན་པོ་འབྱུང་བར་ཁ་ཕྱོགས་གསལ་བོ་བསྟན། མཐུན་ཚོགས་ཀྱིས་འཇོན་ཐང་ལྡན་པ་དང་འཐུས་ཚབ་རང་བཞིན་དྲག་པ། སྐྱེན་པོ་ཡིན་པ་དང་བྱེད་སྒོའི་ཁྱབ་རྒྱ་ཆེ་བ་བཅས་ཀྱི་ལེགས་ཆར་བརྟེན་ནས། སྔར་ལས་མང་ཞིང་བཟང་བའི་བྱེད་སྒོ་སྤེལ་ཏེ། བོད་ཀྱི་རིག་གནས་དར་རྒྱས་གོང་འཕེལ་ཡོང་བར་སྔར་ལས་སྐུལ་འདེད་གཏོང་བ་དང་། བོད་ཀྱི་རིགས་སོ་སོའི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་འབྱུང་བའི་ཀྲུང་གོའི་འདུན་མ་མངོན་འགྱུར་བྱེད་པ་བཅས་ལ་སྔར་ལས་ཆེ་བའི་བྱས་རྗེས་འབུལ་རྒྱུ།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716