སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་རིག་པའི་འདུ་འགོད་གསར་པ་སྟེ། རྒྱལ་ཡོངས་བོད་རིག་པའི་རྩོམ་སྒྲིག་སྦྱོང་བརྡར་འཛིན་གྲྭ་པེ་ཅིང་དུ་འཚོཊ།
སྤེལ་དུས། 2016-12-13   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བློ་ཕུན་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ལོ་གཅིག་གི་ལོ་མཇུག་ཏུ་སླེབས་མཚམས་འདིར། བོད་རིག་པའི་ཁྱབ་ཁོངས་སུ་སླར་ཡང་འདུ་འགོད་གསར་པ་ཞིག་གི་དབུ་བརྩམས་པ་སྟེ། ཟླ12ཚེས12ཉིན་གྱི་ཞོགས་པར། སྐབས་དང་པོའི་རྒྱལ་ཡོངས་ཀྱི་བོད་རིག་པའི་རྩོམ་སྒྲིག་སྦྱོང་བརྡར་འཛིན་གྲྭ་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་སུ་དབུ་འབྱེད་མཛད་པ་དང་། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས། པེ་ཅིང་གྲོང་ཁྱེར་གསར་འགྱུར་དཔེ་སྐྲུན་དང་རླུང་བརྙན་སྤྱི་ཁྱབ་ཅུས། ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ལས་རིགས་ཀྱི་འབྲེལ་ཡོད་དབུ་ཁྲིད་དང་། ཆེད་མཁས་བཅས་སློབ་འགོ་ཚུགས་པའི་མཛད་སྒོར་དབུ་ཞུགས་མཛད་ཅིང་། བོད་ལྗོངས་དང་། པེ་ཅིང་། མཚོ་སྔོན། ཀན་སུའུ་སོགས་ས་ཁུལ་ནས་ཕེབས་པའི་བོད་རིག་པའི་དུས་དེབ་སྐོར་གྱི་རྩོམ་སྒྲིག་པ32སྦྱོང་བརྡར་འཛིན་གྲྭར་ཞུགས་ཡོད།

          ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་སྦྱོང་བརྡར་འཛིན་གྲྭའི་ཐོག་ཆེད་ལས་མཁས་པ6གིས་གཙོ་ཁྲིད་གནང་འཆར་དང་། ཁྲིད་གཞིའི་ནང་དོན་གཙོ་བོ་ནི་བོད་རིག་པ་དང་། གསར་འགྱུར་དཔེ་སྐྲུན་ཆེད་ལས་སྐོར་གྱི་ཤེས་བྱ་ཡིན་པ་རེད། ཁག་སོ་སོར། “རྩོམ་སྒྲིག་པ་ལེགས་པོ་ཞིག་ནི་སྣ་ཚོགས་བྱང་བ་ཞིག་ཡིན་ངེས་ལ། དེ་བས་རིགས་གཅིག་མཁས་པ་ཞིག་ཡིན་དགོས།”དང་། “བོད་ལྗོངས་ཀྱི་བོད་སྐད་ཡིག་གི་ཁྲིམས་འཛུགས་དང་། སྐད་ཡིག་གི་ཁེ་དབང་བདག་སྲུང་།”“བོད་ལྗོངས་དང་ཞིང་ཆེན་བཞིའི་དཔལ་འབྱོར་དང་སྤྱི་ཚོགས།”“དཔར་སྐྲུན་དང་འབྲེལ་བའི་མི་རིགས”“ཆོས་ལུགས་ཀྱི་གནད་དོན”“གློག་རྡུལ་ཅན་གྱི་རིག་གཞུང་དུས་དེབ་ཀྱི་པར་དབང་སྲུང་སྐྱོབ་དང་སྟངས་འཛིན།”“ལྷོད་གཡེང་འཆོར་སླ་བའི་རྩོམ་སྒྲིག་དང་ཞུ་དག་སྐོར་གྱི་ཤེས་བྱ།”སོགས་བརྗོད་གཞིར་བྱས་པའི་སློབ་ཁྲིད་ནང་དོན་གོ་སྒྲིག་ཞུས་ཡོད་འདུག

          རྒྱུས་ལོན་བྱུང་བར་གཞིགས་ན། ཐེངས་འདིའི་སྦྱོང་བརྡར་འཛིན་གྲྭ་ནི་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཚན་རྩལ་ཞིབ་འཇུག་གཞུང་ལས་ཁང་དང་། པེ་ཅིང་གྲོང་ཁྱེར་གསར་འགྱུར་དཔེ་སྐྲུན་དང་། རླུང་བརྙན་སྤྱི་ཁྱབ་ཅུས་ཀྱི་མི་ཤུགས་ཐོན་ཁུངས་ལྟེ་གནས་ནས་མཉམ་འབྲེལ་གཙོ་སྒྲུབ་དང་། ཀྲུང་གོའི་བོད་རིག་པའི་དུས་དེབ་ཁང་ནས་སྒྲུབ་འགན་ཁུར་ལེན་བྱས་ཡོད་འདུག 
ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་དགྲ་འདུལ་མཆོག་ནས་ངོ་སྤྲོད་གནང་བར། དུས་རབས21 པ་ཤར་རྗེས། རྒྱལ་ནང་གི་བོད་རིག་པའི་ཞིབ་འཇུག་དཔུང་ཁག་ཟམ་མ་ཆད་པར་འཚར་ལོང་དང་། ནུས་སྟོབས་རྒྱས་བཞིན་མཆིས། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་གྲུབ་འབྲས་བཤམ་སྒྲོག་བྱེད་སའི་སྟེགས་བུ་སྟེ། བོད་རིག་པའི་འབྲེལ་ཡོད་དཔེ་སྐྲུན་ཁང་དང་། རིག་གཞུང་དུས་དེབ་ཀྱིས་ཀྲུང་གོའི་བོད་རིག་པའི་སྤུས་ཚད་ཇེ་ལེགས་དང་གྲ་ཇེ་རྒྱས་སུ་གཏོང་བཞིན་ཡོད་པ་དང་དུས་མཚུངས། ཀྲུང་གོའི་ཕྱི་ཕྱོགས་དྲིལ་སྒྲོག་གི་གལ་ཆེའི་ཁུར་འགན་བཞེས་ཡོད་ཅིང་། རིག་གཞུང་ཕྱི་འབྲེལ་གྱི་ནུས་པའང་ཐོན་བཞིན་མཆིས། ཆབ་སྲིད་ཐོག་ཉམས་སད་ཐེག་ཐུབ་ཅིང་། ལས་སྒོ་ཁག་སྤུས་དག་སྒྲུབ་ནུས་པའི་རྩོམ་སྒྲིག་དཔུང་ཁག་གསོ་སྐྱོང་བྱ་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་བསྒྲུབ་པའི་རེ་འདུན་ཡིན་ལ། མིག་སྔའི་བོད་རིག་པའི་ལས་དོན་གྱི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཡང་ཡིན་པ་རེད་ཅེས་གསུངས།

          འགོ་ཚུགས་མཛད་སྒོའི་ཐོག་ཏུ་དགྲ་འདུལ་མཆོག་ནས་སློབ་མ་རྣམས་ལ་ཞིབ་ཕྲའི་རེ་སྐུལ་གནང་བར། རེ་བར་རྣམ་པ་ཚོས་སློབ་སྦྱོང་བརྒྱུད་ནས། རང་འཁྲིའི་ལས་སྒོའི་ཆུ་ཚད་མཐོར་འདེགས་གཏོང་བ་དང་། ཕྱོགས་གསུམ་གྱི་གནད་འགག་ལ་ཚོད་འཛིན་ལེགས་པོ་བྱེད་དགོས་ཏེ། གཅིག་ནི་ཆབ་སྲིད་ཀྱི་འགག་གནད་དེ། “མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུར་ཞབས་འདེགས་ཞུས་ཏེ། བོད་ལྗོངས་དང་ཞིང་ཆེན་ལྔའི་བོད་ཁུལ་གྱི་བརྟན་ལྷིང་དང་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས”པའི་དགོངས་གཞི་མངོན་འགྱུར་ཡོང་བར་འབད་དགོས། གཉིས་ནི། ནང་དོན་གྱི་འགག་གནད་དེ། སྲིད་ཇུས་ཁག་ལ་གོ་རྟོགས་འཕེར་བ་བྱེད་པ་དང་། བོད་རིག་པའི་ཁྱབ་ཁོངས་ཁག་དང་ཤེས་བྱ་སྣ་མང་ལ་བྱང་དགོས། གསུམ་ནི། ལས་སྒོའི་འགག་གནད་དེ། བོད་རིག་པའི་ཆེད་ལས་ཐད་ཀྱི་དཔེ་སྐྲུན་ཁང་དང་། དུས་དེབ་ཁང་གི་རྩོམ་སྒྲིག་པ་ཞིག་ཡིན་པའི་ཆ་ནས། ཟམ་མ་ཆད་པར་རང་ཉིད་ཀྱི་བོད་རིག་པའི་ཆེད་ལས་དང་། གསར་འགྱུར་དཔེ་སྐྲུན་ཆེད་ལས་གཉིས་ཀའི་ཐད་ཀྱི་ཤེས་བྱའི་བྱང་ཚད་མངོན་མཐོར་གཏོང་དགོས་ཞེས་གསུངས།
          དགྲ་འདུལ་མཆོག་ནས་སྐུལ་མ་གནང་བ་ལྟར། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཁག་གི་དགོངས་དོན་སློབ་སྦྱོང་དོན་འཁྱོལ་བྱེད་པ་དང་། ཆབ་སྲིད་པའི་ཚགས་དེབ་གཉེར་བའི་འདུ་ཤེས་གོང་མཐོར་བཏང་སྟེ། དཀྱིལ་སྙིང་ལ་བསྟེན་ཏེ། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་དུ་རང་སོའི་གནས་ཚད་ལ་ངེས་ཤེས་འདྲོང་དགོས། སྤྱི་ཚོགས་ཀྱི་འགན་འཁྲི་སེམས་སུ་བཅངས་ནས། ཟམ་མ་ཆད་པར་ལས་སྒོའི་འཇོན་ནུས་མཐོ་རུ་གཏོང་བ། སློབ་སྦྱོང་ལ་ཧུར་བརྩོན་དང་། སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་སྟེ། འདུས་གྲུབ་ཅན་དང་། ཆེད་ལས་ཅན་གྱི་མི་སྣ་ཞིག་ཏུ་གྱུར་བ་བྱེད་དགོས་ཞེས་སྙིང་ཕུར་བཏབ་བོ། །
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716