སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
རྒྱ་བོད་སྐད་ཡིག་གཉིས་ཀྱི་གློག་ཀླད་ཉེར་སྤྱོད་བྱ་རིམ་གསར་སྤེལ་གྱི་འགྲན་བསྡུར་དངོས་སུ་འགོ་ཚུགས་པ།
སྤེལ་དུས། 2017-01-20   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  ཆོས་སྒྲོན།
          ཟླ་1ཚེས་17ཉིན་བོད་ལྗོངས་དྲ་འཕྲིན་གཞུང་ལས་ཁང་གིས་མཛུབ་ཁྲིད་བྱེད་པ་དང་ཀྲུང་གོ་དྲ་སྦྲེལ་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་དང་བོད་ལྗོངས་སློབ་ཆེན་གྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་དང་ཞའོ་སྨི་ཉེར་སྤྱོད་ཚོང་ཁང་གིས་སྒྲུབ་འགན་འཁུར་བའི་རྒྱ་བོད་སྐད་ཡིག་གཉིས་ཀྱི་གློག་ཀླད་ཀྱི་ཉེར་སྤྱོད་བྱ་རིམ་གསར་སྤེལ་གྱི་འགྲན་བསྡུར་ཆེ་མོ་དངོས་སུ་འགོ་ཚུགས་པ་རེད། འགྲན་བསྡུར་ཆེ་མོ་གཙོ་གཉེར་ཕྱོགས་ཀྱི་མགྲིན་ཚབ་པས་ད་ཐེངས་ཀྱི་འགྲན་བསྡུར་ཆེ་མོ་དེ་སྤྱི་ཕན་དང་ཞབས་ཞུ་དམིགས་ཡུལ་དུ་བྱས་ཏེ་བོད་རིགས་མང་ཚོགས་ལ་སྔར་བས་སྟབས་བདེ་བའི་རྒྱ་བོད་སྐད་ཡིག་གཉིས་ཀྱི་ཉེར་སྤྱོད་བྱ་རིམ་དེ་བས་མང་བ་མཁོ་འདོན་དང་། བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་རིག་གནས་གོང་འཕེལ་ལ་སྔར་བས་སྐུལ་འདེད་གཏོང་བ། བོད་རིགས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ། ཐོན་སྐྱེད་དང་འཚོ་བར་ཞབས་ཞུ་སྟབས་བདེ་སྐྲུན་པ་བཅས་བྱ་རྒྱུ་རེད། འགྲན་བསྡུར་ཆེ་མོར་བྱ་དགའ་རིམ་པ་དང་པོ་གསུམ་དང་། རིམ་པ་གཉིས་པ་བཅུ། ཕུལ་བྱུང་བྱ་དགའ་འགའ་ཤས་བཅས་བཀོད་སྒྲིག་བྱས་པ་མ་ཟད། བརྩམས་ཆོས་རེར་བྱ་དགའི་དངུལ་མང་ཤོས་སྒོར་ཁྲི་10རག་རྒྱུ་རེད། བྱ་དགའ་ཐོབ་མཁན་བདམས་ཐོན་པར་བྱ་དགའི་དངུལ་གྱ་ནོམ་པ་ཐོབ་ཁར། བྱ་དགའ་ཐོབ་པའི་གློག་ཀླད་ཀྱི་ཉེར་སྤྱོད་གསར་སྤེལ་བྱ་རིམ་ལའང་ཐབས་ལམ་མང་པོ་ནས་ཁྱབ་གདལ་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་རེད་ཅེས་བཤད་པ་རེད།
          འགྲན་བསྡུར་ཆེ་མོ་གཙོ་གཉེར་ཕྱོགས་ཀྱི་མགྲིན་ཚབ་པས་ད་ཐེངས་ཀྱི་འགྲན་བསྡུར་སྤེལ་ཡུན་ཟླ་བཞི་ཡིན་པ་དང་། གསར་སྤེལ་མཁན་གྱིས་བརྩམས་ཆོས་མཁོ་འདོན་དང་། ཉེར་སྤྱོད་བྱ་རིམ་ལ་ཞིབ་བཤེར། བྱ་དགའ་ཐོབ་པའི་ཉེར་སྤྱོད་དཔྱད་འདེམས། འབྲས་བུ་ཡོངས་བསྒྲགས་དང་བྱ་དགའ་སྤྲོད་པ་སོགས་དུས་མཚམས་ལྔ་ལ་དབྱེ་རྒྱུ་རེད། འགྲན་ཞུགས་ཉེར་སྤྱོད་བྱ་རིམ་གྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་བ་དང་། བོད་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་རིག་གནས་གོམས་གཤིས་ལ་བརྩི་བཀུར་བྱེད་པ། སྐད་ཡིག་གི་ནང་དོན་ཡང་བོད་ཡིག་སྤྱོད་མཁན་ལ་སྔོན་དུ་གཟིགས་སྐྱོང་བྱས་ནས་བྱེད་ནུས་ཉེར་སྤྱོད་འགྲན་བསྡུར་ཆེ་མོའི་བརྗོད་གཞི་དང་འཚམ་པ་བྱ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
          འགྲན་བསྡུར་ཆེ་མོས་དྲ་ཐོག་ཏུ་མིང་ཐོ་འགོད་པའི་བྱ་ཐབས་སྤྱད་པ་དང་འགྲན་ཞུགས་པས་ཟླ་1ཚེས་17ཉིན་ནས་བཟུང་ཟླ་4ཚེས་4ཉིན་བར་འགྲན་བསྡུར་ཆེ་མོའི་གཞུང་ཕྱོགས་དྲ་ཚུགས་ཀྱི་མིང་ཐོ་འགོད་ས་བརྒྱུད་དེ་འགྲན་ཞུགས་བརྩམས་ཆོས་སྐྱེལ་ཆོག འགྲན་བསྡུར་ཆེ་མོའི་མིང་ཐོ་འགོད་ས། https://dev.mi.com /tdc འབྲེལ་གཏུག་སྦྲག་སྒམ། tdc —dev @xiaomi.com གཞུང་ཕྱོགས་ཀྱི་QQཚོགས་པ། 543298256བཅས་ཡིན།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716