སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
《སློབ་གསོའི་སྒྲིག་གཞི་དང་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་པ།
སྤེལ་དུས། 2017-09-26   ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་སྒྲིག་པ།  ལྕགས་བྱམས་ཀྱིས་བསྒྱུར།
ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས།
          ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《སློབ་གསོའི་སྒྲིག་གཞི་དང་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་པ་དང་འབྲེལ་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
          《བསམ་འཆར》ནང་ཏང་དང་རྒྱལ་ཁབ་ཀྱིས་སློབ་གསོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སློབ་གསོ་དེ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གནས་བབ་ཐོག་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་སློབ་གསོའི་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་བས་མཚོན་རྟགས་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་སྒྱུར་བཅོས་བྱ་ཐབས་ཁག་གཅིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། སློབ་གསོའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་དང་སློབ་གསོའི་བཅོས་སྐྱོང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་ལམ་ལུགས་མ་ལག་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ། རང་རྒྱལ་གྱི་སློབ་གསོའི་སྤྱི་ཡོངས་ཀྱི་འཕེལ་རྒྱས་ཆུ་ཚད་འཛམ་གླིང་གི་འབྲིང་རབ་གྲས་སུ་སླེབས་པ་བཅས་བྱུང་ནས་མི་དམངས་དུང་ཕྱུར་13ལ་དེ་བས་ཡག་པ་དང་དེ་བས་དྲང་གཞག་གི་སློབ་གསོ་མཁོ་འདོན་ཐུབ་པ་དང་། དཔལ་འབྱོར་གཞན་སྒྱུར་དང་། ཚན་རྩལ་གསར་གཏོད། རིག་གནས་དར་རྒྱས། དམངས་འཚོ་ལེགས་བཅོས། སྤྱི་ཚོགས་ཞི་མཐུན་བཅས་ལ་འདེགས་སྐྱོར་ནུས་ལྡན་ཐུབ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་གདེང་ཚོད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་ཅེས་བསྟན་ཡོད་པ་རེད།
          《བསམ་འཆར》ནང་མིག་སྔར་རང་རྒྱལ་གྱི་སློབ་གསོའི་སྒྱུར་བཅོས་འཕེལ་རྒྱས་དུས་མཚམས་གསར་པ་ཞིག་ཏུ་སླེབས་ཡོད། སློབ་གསོའི་སྒྲིག་གཞི་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་མཛུབ་ཁྲིད་བསམ་བློ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་ལག་ལེན་གཏིང་ཟབ་བསྟར་བ། “ཕྱོགས་ལྔ་གཞི་གཅིག”གི་སྤྱི་ཡོངས་ཀྱི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཟབ་ཏུ་གཏོང་བ་དང་ལག་བསྟར་དོན་འཁྱོལ་བྱེད་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། སློབ་གསོས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་སྲིད་སྐྱོང་ལུགས་ལ་ཞབས་འདེགས་ཞུ་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྲ་བརྟན་དང་འཕེལ་རྒྱས་གཏོང་རྒྱུར་ཞབས་འདེགས་ཞུ་བ། སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ། སློབ་གསོའི་ཕྱོགས་བསྡུས་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། བྱང་ཚད་སློབ་གསོ་ཕྱོགས་ཡོངས་ནས་སྤེལ་བ། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་རྩ་བའི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། མི་གསོ་སྐྱོང་བྱ་ཐབས་དང་། སློབ་གཉེར་བྱ་ཐབས། དོ་དམ་སྒྲིག་གཞི། འགན་སྲུང་ལམ་སྲོལ་བཅས་ཀྱི་སྒྱུར་བཅོས་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། རིམ་པ་ཁག་དང་རིགས་ཁག་གི་སློབ་གསོ་དེ་སློབ་གསོའི་ཆོས་ཉིད་དང་དེ་བས་འཚམ་པ་དང་། ཤེས་ལྡན་མི་སྣ་འཚར་ལོངས་ཀྱི་ཆོས་ཉིད་དང་དེ་བས་འཚམ་པ། མིའི་ཕྱོགས་ཡོངས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་དེ་བས་ཐུབ་པ། སྤྱོད་ཤེས་ལུས་མཛེས་བཞི་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་མཁན་དང་ཤུལ་འཛིན་མཁན་གསོ་སྐྱོང་ནུས་ལྡན་བྱེད་པ་བཅས་བྱས་ནས“ལོ་བརྒྱ་གཉིས་ཀྱི”འབད་འཐབ་ཀྱི་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཆེད་རྨང་གཞི་བརྟན་པོ་འདིང་རྒྱུ་དེ་རེད་ཅེས་བསྟན་ཡོད་པ་རེད།
          《བསམ་འཆར》ནང་སློབ་གསོའི་སྒྲིག་གཞི་དང་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་གཞི་རྩའི་རྩ་དོན་ནི། (གཅིག)ཀྲུང་གོར་གཞི་ཚུགས་པ་དང་ཀྲུང་ཕྱི་མཉམ་འདྲེས་ཟུང་འབྲེལ་མཐའ་འཁྱོངས་བྱེད་དགོས་པ་དང་། (གཉིས)དམིགས་ཚད་སྟོན་ཕྱོགས་སུ་བྱེད་པ་དང་གནད་དོན་སྟོན་ཕྱོགས་སུ་བྱེད་རྒྱུ་ཟུང་འབྲེལ་མཐའ་འཁྱོངས་བྱེད་དགོས་པ། (གསུམ)ལྷུག་གཏོང་དང་། དོ་དམ། ཞབས་ཞུ་བཅས་ཟུང་འབྲེལ་བྱེད་དགོས་པ། (བཞི)རྩེ་རིམ་ཇུས་འགོད་དང་གཞི་རིམ་དུ་འཚོལ་ཞིབ་བྱེད་རྒྱུ་ཕན་ཚུན་ཟུང་འབྲེལ་བྱེད་དགོས་པ་བཅས་ཡིན་ཞེས་བསྟན་ཡོད་པ་རེད།
          《བསམ་འཆར》ནང་སློབ་གསོའི་སྒྲིག་གཞི་དང་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་དམིགས་ཚད་གཙོ་བོ་ནི་2020ལོར་སླེབས་སྐབས་སློབ་གསོའི་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་ཀྱི་མ་ལག་གཞི་རྩའི་ཆར་བསྐྲུན་ནས་གསོན་ཤུགས་ཀྱིས་ཁེངས་པ་དང་། ཕན་འབྲས་ཀྱིས་ཕྱུག་པ། དེ་བས་སྒོ་འབྱེད། ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་གཏོང་རྒྱུར་ཕན་པ་བཅས་ཀྱི་སློབ་གསོའི་སྒྲིག་གཞི་དང་ལམ་སྲོལ་ཆགས་པ་བྱས་ཏེ་མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་སློབ་གསོའི་གླེང་མང་བ་དང་དཀའ་གནད་ཀྱི་གནད་དོན་སྔར་བས་ཐག་གཅོད་བྱེད་པ་དང་། སྲིད་གཞུང་གིས་ཁྲིམས་ལྟར་ཆེ་མཐོང་དོ་དམ་བྱེད་པ་དང་། སློབ་གྲྭས་ཁྲིམས་ལྟར་རང་བརྟེན་སློབ་གཉེར་བྱེད་པ། སྤྱི་ཚོགས་གོ་རིམ་ལྡན་པའི་ངང་ཞུགས་པ། ཕྱོགས་ཁག་གིས་མཉམ་ཤུགས་སྐུལ་འདེད་གཏོང་བ་བཅས་ཀྱི་རྣམ་པ་དེ་བས་འཐུས་སྒོ་ཚང་དུ་བཏང་ནས་ཀྲུང་གོའི་ཁྱད་ཆོས་དང་འཛམ་གླིང་གི་ཆུ་ཚད་ལྡན་པའི་དེང་རབས་སློབ་གསོ་འཕེལ་རྒྱས་གཏོང་ཆེད་ལམ་ལུགས་ཀྱི་འདེགས་སྐྱོར་བྱེད་རྒྱུ་དེ་རེད་ཅེས་བསྟན་ཡོད་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716