|
སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་བྱས་ཏེ་བོད་ཡུན་རིང་བདེ་འཁོད་ཡོང་བའི་འགན་ལེན་བྱེད་དགོས། |
སྤེལ་དུས། 2016-08-24 ཡོང་ཁུངས། ཞིན་ཧྭའི་དྲ་བ། རྩོམ་སྒྲིག་པ། འཇམ་དབྱངས། |
—— བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བརྟན་ལྷིང་སྲུང་སྐྱོང་སྲིད་ཇུས་དང་རིགས་པའི་གཞུང་ལུགས་བོད་དུ་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་བ། མཐའ་མཚམས་བརྟན་ལྷིང་བྱུང་ན་རྒྱལ་ཁབ་བདེ་འཁོད་ཡོང་ཐུབ། མཐའ་མཚམས་སྟོབས་ཆེན་བྱུང་ན་རྒྱལ་ཁབ་ཀྱི་སྟོབས་ཤུགས་འཕེལ་ཐུབ། རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས། བོད་འདི་ཉིད་ཕྱོགས་ཡོངས་ནས་འབྱོར་འབྲིང་ཡོང་ཐུབ་མིན་དེ་རྒྱལ་ཡོངས་ཕྱོགས་ཡོངས་ནས་འབྱོར་འབྲིང་ཡོང་ཐུབ་མིན་དང་འབྲེལ་བ་ཡོད། དུས་མཚུངས་བོད་ཀྱི་བདེ་འཇགས་དང་བརྟན་ལྷིང་དེ་རྒྱལ་ཡོངས་ཀྱི་བདེ་འཇགས་དང་བརྟན་ལྷིང་དང་འབྲེལ་བ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་ཏང་གི་བོད་སྐྱོང་མཛད་ཇུས་གསར་གཏོད་རང་བཞིན་ལྡན་པའི་ངང་རྒྱུན་འཛིན་དང་འཕེལ་རྒྱས་བཏང་གནང་ཡོད། བོད་ཀྱི་ཞི་མཐུན་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དེས་བོད་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་བརྟན་ལྷིང་བཅས་ཡོང་རྒྱུར་ཁ་ཕྱོགས་གསལ་པོ་བཏོན་གནང་བ་དང་གཞི་འཛིན་ས་གལ་ཆེན་མཁོ་འདོན་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བརྟན་ལྷིང་སྲུང་སྐྱོང་དེ་ཐོག་མཐའ་བར་གསུམ་དུ་ལྡོག་མེད་ལས་འགན་དང་འགན་འཁྲི་ཨང་དང་པོར་བརྩིས་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་པ། བོད་ལ་འཕྲད་པའི་འགལ་བ་གཙོ་བོ་དང་དམིགས་བསལ་གྱི་འགལ་བ་ཐག་གཅོད་བྱ་རྒྱུར་དམིགས་པ། མཐའ་མཚམས་མི་རིགས་ས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་པ། རྩ་ལག་མཉམ་བཅོས་དང་ཕུགས་ཕན་བསམ་བློ་གཏོང་རྒྱུ་མཐའ་འཁྱོངས་བྱས་པ། སྤྱི་ཚོགས་བཅོས་སྒྲིག་མ་ལག་གསར་གཏོད་དང་སྤྱི་ཚོགས་བཅོས་སྒྲིག་ནུས་པ་ཆེ་རུ་བཏང་བ་བཅས་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་བཅུ་བཟོས་ཏེ་ལག་བསྟར་བྱས་ནས་བརྟན་ལྷིང་སྲུང་སྐྱོང་གི་ཕུགས་ཕན་ལམ་སྲོལ་གཏོད་ཡོད། སྔ་བར་ཕྱི་གསུམ་དུ་ཁྲིམས་སྐྱོང་བསམ་བློ་རྒྱུན་འཁྱོངས་བྱས་ནས་བརྟན་ལྷིང་སྲུང་སྐྱོང་དང་བཅོས་སྐྱོང“ཁྲིམས་སྐྱོང་ཅན”དུ་གྱུར་པ། བོད་ཡུན་རིང་བདེ་འཁོད་ཡོང་བར་ཞི་མཐུན་དང་གོ་རིམ་ལྡན་པའི་སྤྱི་ཚོགས་ཁོར་ཡུག་དང་རྣམ་པ་ཞིག་གཏོད་དགོས། འདི་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་འགྲོའི་ཆ་རྐྱེན་ཡིན་ལ། བོད་མི་དམངས་ཀྱི་ཐུན་མོང་ཁེ་ཕན་དང་ཐུན་མོང་གི་འདུན་པའང་ཡིན། དམངས་ཀྱི་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་། དམངས་ཀྱི་འདུན་པ་དོན་གཉེར་བྱེད་དགོས། “ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང” “ཁྲིམས་ལྟར་བོད་སྐྱོང་ནི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བྱས་ཏེ་བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་མཐའ་འཁྱོངས་བྱེད་དགོས་པ”སོགས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་དུས་བབ་གསར་པའི་འོག བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་རྩ་དོན་གལ་ཆེན་ཁ་གསལ་བཏོན་གནང་ཡོད། རྩ་དོན་གལ་ཆེན་འདིར་བརྩི་སྲུང་ཞུས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྒྲུབ་པའི་བསམ་ཕྱོགས་དེ་བས་ཁ་གསལ་དུ་བཏང་བ་སྟེ། ཁྲིམས་ལྟར་བོད་སྐྱོང་བར་ཐོག་མར་གཞི་འཛིན་སའི་ཁྲིམས་ཡོད་དགོས་པ་དང་ཁྲིམས་འཛུགས་སྔོན་ལ་བསྐྱོད་དགོས་པ། རྩ་དོན་གལ་ཆེན་འདིར་བརྩི་སྲུང་ཞུས་ནས་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག“མཐའ་འཁྱོངས་བྱེད་དགོས་པ་བཅུ”ཁ་གསལ་བཏོན་ཡོད་པ་སྟེ། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་དགོས་པ་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བྱེད་དགོས་པ། སྤྱི་ཚོགས་བཅོས་སྒྲིག་མ་ལག་ཁྲིམས་ལྟར་འཐུས་སྒོ་ཚང་དུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲིམས་ལྟར་གཏིང་ཟབ་སྤེལ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། ཆོས་ལུགས་ལས་དོན་ཁྲིམས་ལུགས་དང་སྒྲིག་སྲོལ་ལྟར་དོ་དམ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། ཁྲིམས་ལྟར་སྲིད་འཛིན་ནན་པོ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། གཞུང་དྲང་ཁྲིམས་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། བཅའ་ཁྲིམས་ཁྱབ་གདལ་ཤུགས་ཆེན་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། བླང་བྱ་ནན་པོ་འདོན་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། ཁྲིམས་ལྟར་བོད་སྐྱོང་ལས་དོན་ཐད་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་བཅས་རེད། རྩ་དོན་གལ་ཆེན་འདིར་བརྩི་སྲུང་ཞུས་པས་རང་སྐྱོང་ལྗོངས་ཀྱི“གཉིས་ལྡན་ལེགས་ཆ”དེ་བས་མངོན་གསལ་དོད་དུ་ཕྱིན་པ་སྟེ། ས་གནས་ཀྱིས་ཁྲིམས་འཛུགས་ནས་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་སྔར་བས་ཞིབ་ཚགས་སུ་བཏང་བ་བརྒྱུད། བོད་དུ་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་ཀྱི་བཀོལ་སྤྱོད་རང་བཞིན་ཆེ་རུ་ཕྱིན་པ་དང་། རང་སྐྱོང་སྲོལ་ཡིག་དང་གཅིག་སྤྱོད་སྲོལ་ཡིག་གི་ས་གནས་ཀྱི་ཁྲིམས་འཛུགས་དབང་ཆ་ལག་བསྟར་བྱས་པ་བརྒྱུད་ཁྲིམས་ལྟར་བོད་སྐྱོང་ལས་དོན་གྱི་དམིགས་སའི་རང་བཞིན་ཆེ་རུ་ཕྱིན་ཡོད། ནང་དོན་ཟབ་པའི་ཁྲིམས་སྲོལ་དང་སྒྲིག་སྲོལ་གཅིག་མཇུག་གཉིས་མཐུད་ངང་བཏོན་པ་དང་ནུས་པ་ཆེན་པོ་ལྡན་པའི་བཅའ་ཁྲིམས་ཀྱི་འགན་ལེན་སྔ་རྗེས་སུ་བཙུགས་པ། ཁ་པར་དང་དྲ་སྦྲེལ་སྤྱོད་མཁན་གྱི་ཐོབ་ཐང་དངོས་ཐོ་བཀོད་བྱེད་པ་དང་བཅོས་སྣུམ་སིལ་ཚོང་ལ་དོ་དམ་བྱེད་པ་སོགས་ཀྱི་ཁྲིམས་སྲོལ་དང་སྒྲིག་སྲོལ་བཙུགས་པ་དེས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲིམས་ལྟར་སྤེལ་རྒྱུར་ནུས་ལྡན་གྱི་མཚོན་ཆ་མཁོ་འདོན་བྱས་པ། གྲོང་མི་ཨུ་ལྷན་གྱི་རྩ་འཛུགས་བཅའ་ཁྲིམས་དང་འདེམས་བསྐོའི་བཅའ་ཁྲིམས་སོགས་ཁྲིམས་སྲོལ་དང་སྒྲིག་སྲོལ་བཟོས་པ་དེས་གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་གཞི་འཛིན་སའི་སྒྲོམ་གཞི་མཁོ་འདོན་བྱས་པ། ཆོས་ལུགས་བྱེད་སྒོ་དོ་དམ་སོགས་ཀྱི་ཁྲིམས་སྲོལ་དང་སྒྲིག་སྲོལ་བཟོས་པ་དེས་འབྱུང་རྩ་ནས་བཅོས་སྒྲིག་བྱ་རྒྱུར་ཤུགས་སྣོན་རྒྱག་པའི་ཐད་བཅའ་ཁྲིམས་ཀྱི་འདེགས་སྐྱོར་མཁོ་འདོན་བྱས་པ། ཕྱོགས་མིའི་མི་འབོར་ལ་ཞབས་ཞུ་དང་དོ་དམ་སོགས་ཀྱི་ཁྲིམས་སྲོལ་དང་སྒྲིག་སྲོལ་བཟོས་པ་དེས་ལས་སྒོར་བརྟེན་ནས་མིར་དོ་དམ་དང་། ཁང་པར་བརྟེན་ནས་མིར་དོ་དམ། ལག་ཁྱེར་ལ་བརྟེན་ནས་མིར་དོ་དམ་བཅས་དོན་འཁྱོལ་བྱ་རྒྱུར་ལམ་ལུགས་ཀྱི་འགན་ལེན་ཐུབ་ཡོད་པ་བཅས་རེད། ལོ་ཤས་འབད་བརྩོན་ཧུར་ཐག་བྱས་པ་བརྒྱུད། བོད་ཀྱིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྒྲིག་སྲོལ་ཁག་70ལྷག་ཙམ་བཟོས་པ་དང་། ལྗོངས་ཡོངས་ཀྱི་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་དང་ལྷན་སྦྱར་ཁྲིམས་སྲོལ་མ་ལག་འཛུགས་སྐྱོང་བྱ་རྒྱུ་ཉིན་རེ་ལས་མ་འདས་པར་འཕེལ་རྒྱས་ཕྱིན་ཏེ་མི་རིགས་ས་ཁོངས་རང་སྐྱོང་རྩ་དོན་དང་དམིགས་བསལ་ཁྱད་ཆོས་ལྡན་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་མ་ལག་རགས་ཙམ་གྲུབ་ནས་བོད་འདི་ཉིད་ཡུན་རིང་བདེ་འཁོད་དང་། ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་ཆེད་ཁྲིམས་ལུགས་ཀྱི་འགན་ལེན་བྱས་ཡོད། སྤོབས་པ་སྐྱེ་འོས་པའི་གྲུབ་འབྲས་དེ་དག་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་དབྱང་གི་དགོངས་དོན་དང་། བོད་ཀྱི་དོན་དངོས་དང་མཐུན་པའི་ཁྲིམས་སྐྱོང་འཚོལ་ཞིབ་དང་ལག་ལེན་རབ་དང་རིམ་པ་བྱས་པ་ལས་བྱུང་བ་ཞིག་ཡིན། སྤོབས་པ་སྐྱེ་འོས་པའི་གྲུབ་འབྲས་དེ་དག་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚན་རིག་དང་མཐུན་པའི་དམངས་གཙོའི་ཐབས་ཇུས་དང་ཁྲིམས་སྐྱོང་བསམ་གཞིག་གི་ནུས་པ་བེད་སྤྱོད་ཡག་པོ་དང་ཟམ་མི་ཆད་པར་གོང་མཐོར་བཏང་བའི་འབྲས་བུ་ལས་བྱུང་བ་ཞིག་ཡིན། བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་ལམ་བུར་ཕྱིར་དྲན་བྱེད་པ་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་ཁྲིམས་ལྟར་བོད་སྐྱོང་བའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་བ་དེ་ནི་གྲུབ་འབྲས་ཐོབ་པའི་བྱ་ཐབས་གལ་ཆེན་དང་འགག་རྩའི་རྒྱུ་རྐྱེན་ཞིག་ཡིན། ཁྲིམས་སྐྱོང་གི་སྙིང་སྟོབས་མི་སེམས་ལ་ཟབ་མོ་ཟུག་པ་བྱ་ཆེད། རང་སྐྱོང་ལྗོངས་ཀྱིས་ནུས་ཤུགས་ཡོད་རྒུས་ཁྲིམས་སྐྱོང་ཁོར་ཡུག་བསྐྲུན་ཏེ་ལས་ཁུངས་དང་། ཤང་གྲོང་། སྡེ་ཁུལ། སློབ་གྲྭ ཁེ་ལས། ཚན་པ། དགོན་སྡེ་བཅས་སུ་བཅའ་ཁྲིམས་ཁྱབ་གདལ་བཏང་ཐོག མི་རིགས་ཁག་གི་མང་ཚོགས་ལ“གནད་དོན་འཕྲད་སྐབས་བཅའ་ཁྲིམས་སྤྱོད་དགོས་པའི”སློབ་གསོ་བརྒྱབ་ནས་ཁྲིམས་ལྟར་བོད་སྐྱོང་གི་མང་ཚོགས་ཀྱི་རྨང་གཞི་སྔར་བས་བརྟན་དུ་བཏང་ཡོད། ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་བྱ་ཐབས་ལ་བརྟེན་ནས་ཁྲིམས་སྐྱོང་གི་ལམ་བུའི་ཐོག བོད་འདི་ཉིད་ཁྲིམས་ལྟར་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུ་མངོན་འགྱུར་ཐུབ་ཡོད། རྨང་གཞི་བརྟན་དུ་བཏང་ནས་བརྟན་ལྷིང་སྲུང་སྐྱོང་དང་བཅོས་སྐྱོང“འབྱུང་རྩ་ཅན”དུ་གྱུར་པ། སྤྱི་ཚོགས་བཅོས་སྒྲིག་གི་གཙོ་གནད་དང་། དཀའ་གནད། འགག་རྩ་བཅས་གཞི་རིམ་ལ་ཐུག་ཡོད། ས་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་120ལྷག་ཙམ་ཡོད་པའི་བོད་རང་སྐྱོང་ལྗོངས་སུ་ཞིང་འབྲོག་ཁུལ་གྱི་རྒྱ་ཁྱོན་གྱིས་95%ཡན་བཟུང་བ་དང་། ཞིང་འབྲོག་པའི་མི་འབོར་གྱིས་ལྗོངས་ཡོངས་ཀྱི་མི་འབོར་གྱི་80%བཟུང་ཡོད། རྒྱ་ཆེའི་ཞིང་འབྲོག་པའི་དར་ཆ་གསལ་སྟོན་དང་ཞིང་འབྲོག་ཁུལ་གྱི་ཞི་མཐུན་བརྟན་ལྷིང་མེད་ཚེ་བོད་ཀྱི་ཡུན་རིང་བདེ་འཁོད་གླེང་ཐབས་བྲལ། “གཞི་རིམ་གྱི་ལས་དོན་ཧ་ཅང་གལ་ཆེན་པོ་རེད། རྨང་གཞི་བརྟན་པོ་མེད་ཚེ་ས་གཡོ་རི་འགུལ་བྱ་ངེས་རེད” “རྨང་གཞིའི་ལས་དོན་གཏིང་ཟབ་དང་། ཏན་ཏིག ཞིབ་ཚགས་བཅས་བསྒྲུབས་ཏེ་ཁྲིམས་ལྟར་བཅོས་སྐྱོང་དང་། རང་འགུལ་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་ཟུང་དུ་འབྲེལ་ནས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་དམ་པོར་བརྟེན་དགོས” སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་བརྩེ་སེམས་ཟབ་པའི་བཀའ་མངགས་ལས་བོད་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ལ་སྐུལ་ལྕག་ཆེན་པོ་ཐེབས་ཡོད། ད་ཆ་བསམ་བློ་དེ་དོན་འཁྱོལ་བྱུང་ནས་གསོན་ཉམས་ལྡན་པའི་ལག་ལེན་ཕྱོགས་སུ་གྱུར་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལས་ཀའི་གཙོ་གནད་དེ་གཞི་རིམ་དང་། ཞིང་འབྲོག་ཁུལ། ཞིང་འབྲོག་པ་བཅས་ལ་ཁ་ཕྱོགས་རྒྱུ་མཐའ་འཁྱོངས་ཀྱིས་གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་ཐད་ཀར་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་ཞུ་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུ་དེ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་ལྷུ་ཚིགས་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་པས་གཞི་རིམ་གྱི་འཕེལ་རྒྱས་དང་བརྟན་ལྷིང་གི་རྨང་གཞི་བརྟན་དུ་ཕྱིན་ཡོད། |
|
|||||||||||
| |||||||||||