སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་རང་སྐྱོང་ལྗོངས་འཕེལ་རྒྱས་བློ་འདྲི་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་ཚོགས་འདུ་འཚོགས་པ།
སྤེལ་དུས། 2017-03-20   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  ཚེ་རྣམ།
རྒྱུན་རྣམ་གསར་པའི་འོག་བོད་ཀྱི་ལེགས་ཆ་ལྡན་པའི་ཐོན་ལས་སྐྱེད་སྲིང་འཕེལ་རྒྱས་གཏོང་རྒྱུའི་ཐད་བློ་འདྲི་དང་རིགས་པས་ཁུངས་སྐྱེལ་བྱས་པ།
ཝུའུ་དབྱིང་ཅེས་ཤིས་ཚིག་གསུངས་པ་དང་། བྱམས་པ་ཕུན་ཚོགས་དང་རག་སྡིས་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ། བློ་བཟང་རྒྱལ་མཚན་སོགས་ཕེབས་པ། ཆེ་དགྲ་ལྷས་གཙོ་སྐྱོང་གནང་བ།
          ཟླ་3ཚེས་16ཉིན་བོད་རང་སྐྱོང་ལྗོངས་འཕེལ་རྒྱས་བློ་འདྲི་ཨུ་ཡོན་ལྷན་ཁང་སྐབས་གསུམ་པས་པེ་ཅིང་དུ་ཚོགས་འདུ་ཐེངས་བཞི་པ་འཚོགས་ནས་རྒྱུན་རྣམ་གསར་པའི་འོག་བོད་ཀྱི་ལེགས་ཆ་ལྡན་པའི་ཐོན་ལས་སྐྱེད་སྲིང་འཕེལ་རྒྱས་གཏོང་རྒྱུ་སོགས་ཀྱི་འགངས་ཆེའི་གནད་དོན་ཐད་བློ་འདྲི་དང་རིགས་པས་ཁུངས་སྐྱེལ་བྱས་པ་རེད།
          རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཤིས་ཚིག་གསུངས་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་བྱམས་པ་ཕུན་ཚོགས་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་རག་སྡིས་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་ཕེབས་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཀྲུང་དབྱང་དང་རྒྱལ་ཁབ་པུའུ་ཨུད་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་རིགས་གཅིག་མཁས་ཅན་སྲི་ཐར་དང་། ཀྲང་ཕུང་། ལི་ཁྲུན་ལེང་། ལི་ཁྲེང་ཀང་། ཨན་ཆི་དབྱི། ལིན་དབྱི་ཕུའུ། སུན་ཀྲུང་ཧྭ། ཤིན་པའོ་ཨན། ཧྥན་ཞའོ་ཅན། ལི་དབྱང་ཀྲི། ལི་ཡུང་ཅེ་བཅས་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཅང་ཅེ་ཚོགས་འདུར་ཕེབས་ཡོད་པ་རེད།
          ཝུའུ་དབྱིང་ཅེས་ཤིས་ཚིག་གསུང་སྐབས་རང་སྐྱོང་ལྗོངས་འཕེལ་རྒྱས་བློ་འདྲི་ཨུ་ཡོན་ལྷན་ཁང་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བློ་འདོན་ཚོགས་པ་དང་། ཇུས་འདོན་པུའུ། མཐོ་རིམ་བློ་འདྲིའི་ཚན་ཁག་བཅས་གལ་ཆེན་ཞིག་ཡིན་པ་དང་། ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ་དང་བོད་ཀྱི་གནས་ཚུལ་རྒྱུས་མངའ་ཆེ་བས་རྒྱལ་ཡོངས་སུ་སྙན་གྲགས་ཆེན་པོ་ཡོད། དུས་ཡུན་རིང་པོའི་ནང་ཚང་མས་བོད་ལ་བརྩེ་སེམས་འཆང་བ་དང་། བོད་ལ་དོ་ཁུར་བྱེད་པ། བོད་ལ་རྒྱབ་སྐྱོར་བྱེད་པ་བཅས་བྱས་ནས་ཐབས་འདོན་ཇུས་འདོན་དང་། གང་སར་རེ་འབོད། བློ་འདྲི་མཁོ་འདོན་བཅས་བྱས་ཏེ་བོད་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ནས་ཞི་མཐུན་བརྟན་ལྷིང་དང་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་རྒྱུར་དཀའ་སྤྱད་འབད་བརྩོན་བྱས་ཡོད་ཅེས་གསུངས་པ་དང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་དུས་ཡུན་རིང་པོའི་ནང་ཨུ་ཡོན་ཚོས་བོད་ཀྱི་ལས་དོན་ཐད་ཐུགས་ཁུར་དང་། རྒྱབ་སྐྱོར། རོགས་རམ་བཅས་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་དང་བླ་ན་མེད་པའི་གུས་འདུད་ཞུས་པ་རེད།
          ཝུའུ་དབྱིང་ཅེས་མིག་སྔ་དང་སླད་ཕྱིན་གྱི་དུས་སྐབས་ཤིག་རིང་ནི་རང་ལྗོངས་ཀྱིས་རྒྱུན་མཐུད་བརྟན་ལྷིང་དང་ཕྱོགས་ཡོངས་ནས་བརྟན་ལྷིང་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཡུན་རིང་བདེ་འཁོད་ཕྱོགས་དུ་སྐྱོད་པའི་འགག་རྩའི་དུས་ཤིག་དང་། 
          དབུལ་སྒྲོལ་འགག་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཤིག སྣོད་བཅུད་ནུས་པའི་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་དང་རང་བརྟེན་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་བའི་དུས་མཚམས་གལ་ཆེན་ཞིག་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་། ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར། ཨུ་ཡོན་རྣམ་པའི་ཤུགས་ཆེའི་རྒྱབ་སྐྱོར་དང་རོགས་སྐྱོར་བཅས་ཀྱི་འོག་སྐབས་རིམ་བྱུང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བཏིང་བའི་ལས་ཀའི་རྨང་གཞི་བཟང་པོའི་ཐོག་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བ་བྱེད་རྒྱུ་དེ་སྤྱིའི་དམིགས་ཚད་དུ་འཛིན་པ་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱུ་དེ་ལས་ཀའི་དམིགས་ས་དང་ཤུགས་རྒྱག་སར་བརྩི་བ། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་ཡོང་བ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་དེ་དཔལ་འབྱོར་ལས་དོན་གྱི་གཙོ་རྐང་དུ་བརྩི་བ། ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་རྒྱུ་དེ་ལས་དོན་ལ་སྐུལ་འདེད་གཏོང་བའི་འགན་ལེན་གལ་ཆེན་ལ་བརྩི་བ། “རྒྱང་སྐྱོད་ཀྱི་སྙིང་སྟོབས”དང“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”“ལམ་གཉིས་ཀྱི་སྙིང་སྟོབས”བཅས་དར་སྤེལ་ཤུགས་ཆེན་གཏོང་བ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་པ། ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་བྱེད་པ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པའི་བྱ་སྤྱོད་ངོ་མར་བརྟེན་པ་བཅས་བྱས་ནས་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་ནས་བོད་ལྗོངས་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་ཕྱིར་འབད་འཐབ་ཧུར་ཐག་བྱེད་ངེས་ཡིན་པ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་ལ་ཆོད་སེམས་དང་ཡིད་ཆེས་ཡོད། ཨུ་ཡོན་ཚོས་སྔར་རྒྱུན་བཞིན་བོད་ལ་ཐུགས་ཁུར་དང་། བོད་ལ་དོ་ཁུར། བོད་ལ་རྒྱབ་སྐྱོར་བཅས་བྱས་ནས་ང་ཚོས“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་བྱེད་རྒྱུར་རོགས་རམ་བྱེད་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། རང་བརྟེན་འཕེལ་རྒྱས་གཏོང་བའི་ནུས་པ་ཆེ་རུ་གཏོང་བ། ཁྲོམ་རའི་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་བྱས་ནས་ལས་ཞུགས་ཐག་གཅོད་བྱེད་པ། ཞིང་འབྲོག་པ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་བ། མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་གཞི་གཅིག་ཅན་གཏོད་པ་སོགས་ཀྱི་ཐད་ཐབས་དང་ཇུས་མང་ཙམ་འདོན་པ་དང་དམ་པ་དོན་གཉེར་གྱི་ཐབས་ཇུས་མང་ཙམ་འདོན་རྒྱུའི་རེ་བ་སྙིང་དབུས་ནས་ཞུ་རྒྱུ་ཡིན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ངེས་པར་དུ་ཨུ་ཡོན་ཚོའི་བསམ་འཆར་གྲོས་འགོ་དང་ཞིབ་འཇུག་གྲུབ་འབྲས་བསྡུ་ལེན་ནན་ཏན་བྱས་ཏེ་ཚན་རིག་དང་མཐུན་པའི་ཐབས་ཇུས་འདིང་རྒྱུ་དང་། དམངས་གཙོའི་ཐབས་ཇུས་འདིང་རྒྱུ། ཁྲིམས་བཞིན་ཐབས་ཇུས་འདིང་རྒྱུ་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཐོག་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་མཛུབ་སྟོན་གནང་བ་རེད།
          བྱམས་པ་ཕུན་ཚོགས་ཀྱིས་བོད་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་དང་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པས་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ཁྲོད་འཐབ་ཇུས་ཀྱི་གནས་བབ་གལ་ཆེན་བཟུང་ཡོད། རེ་བར་ཨུ་ཡོན་རྣམ་པས་རང་ངོས་ཀྱི་ལེགས་ཆ་དང་ཟུང་འབྲེལ་བྱས་ནས་ཇི་ལྟར་བྱས་ཏེ་རྒྱུན་རྣམ་གསར་པའི་འོག་བོད་ཀྱི་ལེགས་ལྡན་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ་དང་། བོད་བྱང་ཐང་གསེར་གླིང་མཚོ་རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་པར་གང་བསམ་ལྷུག་གླེང་དང་ཐབས་འདོན་ཇུས་འདོན་བྱས་ཏེ་འཕེལ་རྒྱས་ཀྱི་རྣམ་གྲངས་གཉིས་པོ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་ཚན་རིག་རང་བཞིན་དང་། མ་འོངས་སྔོན་མཐོང་རང་བཞིན། འཐབ་ཇུས་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ཆེ་རུ་བཏང་སྟེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་ཡུལ་སྐོར་ཐོན་ལས་ཀྱི་ཁྲིད་སྟོན་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱེད་པ་དང་། ལས་དོན་ཁག་གཉིས་བདེ་བླག་ངང་སྤེལ་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད། ཁོང་གིས་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ལས་དོན་ཡག་པོ་སྒྲུབ་པར་གཅིག་ནས་ཏང་གི་བོད་སྐྱོང་མཛད་ཇུས་ཁོང་དུ་གཏིང་ཟབ་ཆུད་དགོས། ཏང་གི་བོད་སྐྱོང་མཛད་ཇུས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་སྐོར་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་གྱི་གོ་དོན་དང་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ཏེ་2020ལོར་སླེབས་སྐབས་བོད་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་སྤྱིའི་དམིགས་ཚད་ལ་དམིགས་ནས་ལྗོངས་ཏང་ཨུད་དང་སྲིད་གཞུང་ལ་ཐབས་འདོན་ཇུས་འགོད་བྱས་ཏེ་ནུས་ཤུགས་ཡོད་རྒུས་བོད་ཀྱི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། གཉིས་ནས་བོད་ཀྱི་ལྟེ་བའི་ལས་ཀར་དམིགས་ཏེ་བློ་འདྲི་ཞབས་ཞུ་བྱེད་དགོས། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གཏན་འཁེལ་བྱས་པའི“ལོ་ལྔ་ཚན་བཅུ་གསུམ་པའི”ལྟེ་བའི་ལས་འགན་དང་ལོ་འཁོར་གྱི་ལྟེ་བའི་ལས་ཀར་དམིགས་པ་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་རྒྱུར་དམིགས་པ། རང་ངོས་ཀྱི་ཆེད་ལས་ཀྱི་ལེགས་ཆ་དང་ཟུང་འབྲེལ་བཅས་བྱས་ཏེ་རང་སྐྱོང་ལྗོངས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་གཏོང་ཆེད་མཛུབ་ཁྲིད་རང་བཞིན་དང་། དམིགས་སའི་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ལྡན་པའི་བློ་འདྲིའི་བསམ་འཆར་དང་སྲིད་ཇུས་ཀྱི་གྲོས་འགོ་གལ་ཆེན་འདོན་དགོས། བློ་འདྲི་ཨུ་ཡོན་ལྷན་ཁང་གིས་དེ་བས་རང་འགུལ་ངང་བློ་འདྲིའི་ཨུ་ཡོན་དང་རིགས་གཅིག་མཁས་ཅན་དང་མཁས་དབང་རྣམས་དང་རྟག་ཏུ་འབྲེལ་གཏུག་བྱས་ཏེ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་རིག་སྟོབས་ཀྱི་རྒྱབ་སྐྱོར་དེ་བས་ལེགས་པ་བྱེད་དགོས་པ། གསུམ་ནས་བློ་འདྲི་ཨུ་ཡོན་ལྷན་ཁང་གི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། བློ་འདྲིའི་ཨུ་ཡོན་ཚོའི་ཁྲོད་ཀྱི་ལ་ལ་ནི་རྒྱལ་ཁབ་ཀྱི་པུའུ་ཨུད་ཀྱི་འགོ་ཁྲིད་རྒན་གྲས་དང་། ལ་ལ་ནི་རིག་གཞུང་གི་སྣེ་ཁྲིད་པ། ལ་ལ་ནི་ཁོངས་གཏོགས་ནང་གི་འཇོན་ཐང་ཅན་བཅས་རེད། རེ་བར་ཁྱེད་ཚོས་ཀྲུང་དབྱང་གི་པུའུ་ཨུད་དང་འབྲེལ་གཏུག་བྱེད་པའི་སྦྲེལ་ཐག་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་བོད་ལ་དམིགས་བསལ་གཟིགས་སྐྱོང་དང་རོགས་སྐྱོར་སྲིད་ཇུས་དེ་བས་མང་བ་བརྩོན་ལེན་བྱེད་པ་དང་། རིག་གཞུང་གི་ཁྲིད་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་བོད་ཀྱིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ། ལས་རིགས་ཀྱི་ཐོན་ཁུངས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་བོད་ཀྱི་ལེགས་ལྡན་ཐོན་ལས་རྒྱུན་མཐུད་དང་། མགྱོགས་མྱུར། སྐྱོན་བྲལ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་བསྟན་གནང་བ་རེད།
          རག་སྡིས་ཀྱིས་དེང་སྐབས་བོད་ཀྱི་དུས་བབ་ཧ་ཅང་བཟང་པོ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་བློ་མཐུན་ཝུའུ་དབྱིང་ཅེས་པན་ཀྲང་གནང་བའི་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཚན་ཁག་གིས་ལྗོངས་ཡོངས་ཀྱི་ཏང་སྲིད་དམག་ཉེན་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ནས་དངོས་འཛིན་དངོས་སྒྲུབ་དང་། དཀའ་སྤྱད་འབད་འཐབ། གསར་འབྱེད་གསར་གཏོད། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བཅས་གནང་བ་དང་བརྟན་ལྷིང་དང་འཕེལ་རྒྱས་ཕྱོགས་གཉིས་ཀར་དམ་འཛིན་དང་ཕྱོགས་གཉིས་ཀ་དམ་འཛིན་ཏན་ཏིག་བྱས་པས་སྤྱི་ཚོགས་ཀྱི་དུས་བབ་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན། དཔལ་འབྱོར་ལེགས་ལ་མྱུར་བའི་ངང་འཕེལ་རྒྱས་ཕྱིན་པ། མི་རིགས་ཁག་གི་མང་ཚོགས་ཀྱི་དངོས་པོ་དང་རིག་གནས་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་སོང་བ། གཞི་རིམ་གྱི་རྨང་གཞིའི་ལས་དོན་ལ་ཟམ་མི་ཆད་པར་ཤུགས་སྣོན་ཐེབས་པ་བཅས་བྱུང་ནས་བོད་ཀྱི་བརྟན་ལྷིང་དང་འཕེལ་རྒྱས་དེ་ལོ་རྒྱུས་ཐོག་གི་དུས་སྐབས་ཡག་ཤོས་ཀྱི་གྲས་སུ་སླེབས་ཡོད་ཅེས་བསྟན་གནང་བ་རེད། ཁོང་གིས་ནག་ཆུ་ས་ཁུལ་གྱི་འཐབ་ཇུས་གནས་བབ་ཧ་ཅང་གལ་འགངས་ཆེ་བ་དང་། དེ་ནི་བོད་དང་ནང་སའི་བགྲོད་ལམ་ཆེ་མོའི་འགྲིམ་འགྲུལ་ལྟེ་བ་དང་བོད་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་འབྲེལ་ཐག་ཡིན་ཞིང་། མཚོ་བོད་ལྕགས་ལམ་དང་། མཚོ་བོད་གཞུང་ལམ། རྒྱལ་ལམ་317 གོར་མོ་ནས་ལྷ་ས་བར་གྱི་སྣུམ་འདྲེན་མདོང་ལམ། ལན་ཀྲོའུ་ནས་ཟི་ལིང་དང་ལྷ་ས་བར་གྱི་འོད་སྐུད། བོད་དབུས་རྒྱུད་ཀྱི་གློག་དྲ་སོགས་འགྲིམ་འགྲུལ་དང་། ནུས་རྒྱུ། འཕྲིན་གཏོང་མ་ལམ་བཅས་ཚང་མ་དེ་ནས་བརྒྱུད་དགོས་ཀྱི་ཡོད། འོན་ཀྱང་རང་བྱུང་དང་། ས་ཁམས། ལོ་རྒྱུས། སྤྱི་ཚོགས་སོགས་ཀྱི་རྒྱུ་རྐྱེན་དབང་གིས་ནག་ཆུ་འདི་ཉིད་སྔར་བཞིན་འཕེལ་རྒྱས་འགོར་བའི་ས་ཁུལ་གྱི་གྲས་ཤིག་ཡིན་པ་དང་ཕྱོགས་ཁག་ཐད་ད་དུང་རྗེས་སུ་ལུས་ཡོད། བོད་བྱང་ཐང་དང་ལྷག་པར་དུ་ནག་ཆུ་ས་ཁུལ་གྱི་ནུབ་རྒྱུད་དུ་ལོ་རྒྱུས་རིག་གནས་ཐོན་ཁུངས་དང་། ཡུལ་སྐོར་ཐོན་ཁུངས། བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རི་སྐྱེས་རྩི་ཤིང་གི་ཐོན་ཁུངས། གཏེར་ཐོན་ཐོན་ཁུངས་བཅས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། ནག་ཆུའི་ནུབ་རྒྱུད་ཀྱི་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་ཟུང་འབྲེལ་ཡག་པོ་བྱས་ཏེ་ཕྱོགས་བསྡུས་གསར་སྤེལ་བྱ་རྒྱུ་དེ་ནག་ཆུའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་གསར་པ་ཡིན་པས་ནག་ཆུ་ས་ཁུལ་གྱི་ལོ་རྒྱུས་ཀྱི་ཞན་ཆ་གསབ་པ་དང་སྒུལ་ནུས་གསར་པ་གསར་སྤེལ་བྱས་ཐོག་བོད་བྱང་ཐང་གི་མི་དམངས་ཁྲི་50ལྷག་ཙམ་ལ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་བས་ལོངས་སྤྱོད་ཐུབ་པ་བྱེད་པར་དོན་སྙིང་ཧ་ཅང་འགངས་ཆེན་ལྡན་ཡོད། ཨུ་ཡོན་ཚོས་ནག་ཆུ་ས་ཁུལ་གྱི་ནུབ་རྒྱུད་ཕྱོགས་བསྡུས་གསར་སྤེལ་བྱ་རྒྱུ་དེ་བློ་འདྲིའི་ཞིབ་འཇུག་དཔྱད་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་བརྟག་ཞིབ་གཏིང་ཟབ་བྱེད་པའི་རྨང་གཞིའི་ཐོག་སྤྱི་ཡོངས་འཆར་འགོད་དང་། ཚན་རིག་དང་མཐུན་པའི་རིགས་པས་ཁུངས་སྐྱེལ། སྲིད་ཇུས་ཡག་པོ་བེད་སྤྱོད་བཅས་བྱས་ནས་ཡུལ་བབ་དང་བསྟུན་པ་དང་། ཁྱད་ཆོས་མངོན་གསལ་དོད་པ། མཐའ་ཚད་སྲུང་བ་བཅས་ཀྱི་ཐོག་ནས་སྤུས་ཚད་མཐོ་བའི་རིམ་ཁག་དང་རིགས་ཁག་གི་བརྟག་ཞིབ་སྙན་ཞུ་དང་གྲོས་འགོའི་ཇུས་གཞི་ཡག་པོ་ཞིག་ཆགས་པ་བྱས་ནས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ལ་ཚན་རིག་དང་མཐུན་ལ་ནུས་པ་ལྡན་པའི་ཐབས་ཇུས་ཀྱི་གཞི་འཛིན་ས་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
          ཆེ་དགྲ་ལྷས་ཚོགས་འདུ་གཙོ་སྐྱོང་གནང་སྐབས། འདི་ལོ་རང་རེའི་ཏང་གིས་ཚོགས་ཆེན་བཅུ་དགུ་པ་འཚོག་རྒྱུ་ཡིན་པས་དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་དོན་ཆེན་ཞིག་རེད། འདི་ལོ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་ལེན་བསྟར་བའི་གལ་འགངས་ཆེ་བའི་ལོ་ཞིག་ཀྱང་ཡིན་ལ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་ལོ་ཞིག་ཀྱང་ཡིན། དཔལ་འབྱོར་འཕེལ་རྒྱས་དེ་རྒྱུན་རྣམ་གསར་པར་སླེབས་པའི་རྒྱབ་ལྗོངས་འོག་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་རང་ལྗོངས་ཀྱི་ངོས་ནས་བརྗོད་ན་དཔལ་འབྱོར་གྱི་དོན་སྙིང་གལ་ཆེན་ལྡན་ཡོད་པ་མ་ཟད། ཆབ་སྲིད་ཀྱི་དོན་སྙིང་གཏིང་ཟབ་ལྡན་ཡོད། ཁྱད་ལྡན་ལེགས་ལྡན་ཐོན་ལས་ལེགས་སུ་དང་རྒྱ་སྟོབས་ཆེ་རུ་བཏང་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་མ་འཇོག་ལ་བརྟེན་ནས་སྐུལ་ཁྲིད་བྱེད་པ་ནས་རང་ངོས་ཀྱི་འཕེལ་རྒྱས་ནུས་པ་ཆེ་རུ་འགྲོ་བའི་བར་འགྱུར་ལྡོག་བཏང་སྟེ་དཔལ་འབྱོར་འཕེལ་རྒྱས་དང་སྣོད་བཅུད་སྲུང་སྐྱོང་བྱ་རྒྱུ་ཕན་ཚུན་སྐུལ་འདེད་དང་ཕན་ཚུན་སྤེལ་ཟླ་བྱེད་རེས་བྱེད་པ་དང་། ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་ཀྱིས་བསམ་བློའི་ཐུན་མོང་གི་ངོས་འཛིན་གཅིག་སྡུད་དང་། སྣོད་བཅུད་ཀྱི་དམར་ཐིག་དམ་སྲུང་། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བཀོད་སྒྲིག་ཡག་པོ་བྱེད་པ་དང་། རྨང་གཞི་ཡག་པོ་འདིང་བ། ལམ་བུ་ཡག་པོར་སྐྱོད་པ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། ཆེ་དགྲ་ལྷས་ད་ཐེངས་ཀྱི་བློ་འདྲིའི་ཚོགས་འདུའི་སྤུས་ཚད་མཐོ་བ་དང་། ཕན་འབྲས་ལེགས་པ། གྲུབ་འབྲས་གཡུར་དུ་ཟ་བ། ཕན་ནུས་ཆེ་བ་བཅས་ཡོད་པ་དང་། ལྷག་པར་དུ་ཨུ་ཡོན་ཀྲང་གཞོན་པ་བྱམས་པ་ཕུན་ཚོགས་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་རག་སྡིས་ཀྱིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་འཕེལ་རྒྱས་ལ་དོ་ཁུར་དང་སེམས་ཁུར་གནང་ནས་མཛད་བྲེལ་ཆེན་པོ་ཡོད་ཀྱང་ཚོགས་འདུར་ཞུགས་པ་དང་འབྲེལ་ང་ཚོར་རྩ་ཆེའི་དགོངས་འཆར་བཏོན་གནང་བ་དང་མཛུབ་སྟོན་གལ་ཆེན་གནང་བར་ང་ཚོས་གོ་བ་གཏིང་ཟབ་ལེན་པ་དང་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་དགོས། དེ་དང་ཆབས་ཅིག་ང་ཚོས་ད་ཐེངས་ཚོགས་འདུའི་གྲུབ་འབྲས་ཞིབ་འཇུག་དང་བསྡུ་ལེན་ནན་ཏན་བྱས་ཏེ་རྩ་ཆེའི་བསམ་འཆར་དང་གྲོས་འགོ་དེ་དག་སྲིད་ཇུས་ནང་དངོས་སུ་མངོན་པ་བྱས་ནས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ངོ་མར་འགྱུར་བ་བྱེད་དགོས་ཞེས་གསུངས་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716