སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ལྗོངས་ཡོངས་ཀྱི་རྩ་འཛུགས་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ།
སྤེལ་དུས། 2017-03-27   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  ཚེ་རྡོ།
ཝུའུ་དབྱིང་ཅེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།
ཟླ་3ཚེས་24ཉིན་ལྗོངས་ཡོངས་ཀྱི་རྩ་འཛུགས་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བའི་གནས་ཚུལ་ཡིན་པ།
          ཟླ་3ཚེས་24ཉིན་ལྗོངས་ཡོངས་ཀྱི་རྩ་འཛུགས་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ། རྒྱལ་ཡོངས་ཀྱི་རྩ་འཛུགས་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་དང་ལྷག་པར་དུ་མཐའ་སྐྱོང་བོད་བརྟན་སྐོར་གྱི་འཐབ་ཇུས་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ་ལས་དོན་ལ་ཕྱོགས་སྡོམ་དང་། དུས་བབ་ལ་དབྱེ་ཞིབ་ཀྱིས་གོམ་སྟབས་རྗེས་མའི་ཏང་འཛུགས་སྐྱོང་དང་རྩ་འཛུགས་ལས་དོན་ཐད་ཞིབ་འཇུག་བཀོད་སྒྲིག་གནང་བ་རེད།
          རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
          ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཝང་གཡུང་ཅུན་དང་། སྤེན་པ་བཀྲ་ཤིས། པད་མ་དབང་འདུས་བཅས་ཚོགས་འདུར་ཕེབས་པ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཙེང་དབན་མིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
          ཝུའུ་དབྱིང་ཅེས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་འཛུགས་སྐྱོང་དང་རྩ་འཛུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རླབས་ཆེན་གྱི་བྱ་གཞག་དང་། རླབས་ཆེན་གྱི་འདུ་འགོད། རླབས་ཆེན་གྱི་འཐབ་རྩོད་བཅས་ལ་སྤྱི་འདོམས་གནང་བའི་མཐོ་ཚད་ཐོག་ནས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་འཛུགས་སྐྱོང་ལ་སྐུལ་མ་གཏོང་རྒྱུའི་ཐད་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་ནས་ལས་བྱེད་པའི་ལས་དོན་དང་། ཤེས་ལྡན་པའི་ལས་དོན། གཞི་རིམ་ཏང་འཛུགས་སྐྱོང་། ཏང་འཛུགས་སྐྱོང་གི་ལམ་ལུགས་སྒྱུར་བཅོས་སོགས་ཀྱི་ཐད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ཡོད་པ་དེ་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅིའི་ཚོར་སྣང་སྐྱེན་པའི་འཐབ་ཇུས་ཀྱི་གཟིགས་རྒྱང་དང་། ཚན་རིག་དང་མཐུན་པའི་རྩོད་སྒྲུབ་ཀྱི་བསམ་གཞིག། གསར་གཏོད་ཀྱི་སྙིང་སྟོབས་ཆེན་པོ། ཏང་འཛུགས་སྐྱོང་ལ་སྐུལ་མ་གཏོང་བའི་རླབས་ཆེན་འདུ་འགོད་གསར་པའི་ཆོད་སེམས་བརྟན་པོ་བཅས་མངོན་ཡོད་པས་དེ་ནི་དུས་བབ་གསར་པའི་འོག་ཏང་འཛུགས་སྐྱོང་དང་རྩ་འཛུགས་ལས་དོན་ཡག་པོ་སྒྲུབ་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་རེད།
          ང་ཚོས་ངེས་པར་དུ་བློ་རྩེ་གཅིག་ཏུ་བསྒྲིམས་ནས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བྱེད་པ་དང་གོ་བ་ལེན་པ་མ་ཟད། ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཏང་འཛུགས་སྐྱོང་དང་རྩ་འཛུགས་ལས་དོན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་གོང་མཐོར་བཏང་སྟེ། ཏང་གིས་བོད་དུ་སྲིད་སྐྱོང་བའི་གནས་བབ་སྔར་བས་སྲ་བརྟན་དུ་གཏོང་དགོས་ཞེས་གསུངས།
          ཝུའུ་དབྱིང་ཅེས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ལྗོངས་ཡོངས་ཀྱི་རྩ་འཛུགས་ལས་དོན་ལ་ཐོབ་པའི་གྲུབ་འབྲས་མངོན་གསལ་དོད་པོར་ཁས་ལེན་གང་ལེགས་གནང་ནས་བརྟན་ཐོག་ཡར་འཕེལ་དང་། འཕེལ་ཐོག་ལེགས་བརྩོན། ཞན་ཆ་གསབ་པ་བཅས་ཀྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བརྗོད་བྱ་གཙོ་བོ་མངོན་གསལ་དོད་པ། འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོར་དམིགས་པ། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། མི་སྣ་སྤྱོད་མཁས་པ་དང་། ཏང་འཛུགས་སྐྱོང་ལ་སྐུལ་མ་གཏོང་ཐུབ་པ། ལམ་ལུགས་དམ་པོ་འཛིན་ཐུབ་པ། འགན་འཁྲི་དོན་འཁྱོལ་བྱེད་ཐུབ་པ། གཟུགས་བརྙན་ཡག་པོ་གཏོད་ཐུབ་པ་བཅས་བྱས་ནས། བོད་ཡུན་རིང་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
          གཅིག་ནས“འདུ་ཤེས་བཞི”ཟབ་ཏུ་བཏང་སྟེ་སྲོག་ཤིང་ལ་སྲུང་སྐྱོང་དང་ཏང་ཀྲུང་དབྱང་གི་དབང་གྲགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། རིམ་ཁག་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་སྲོག་ཤིང་འདིར་སྲུང་སྐྱོང་བྱ་རྒྱུ་ཆབ་སྲིད་ཆེ་ཤོས་ལ་བརྩིས་ནས། ཏང་ཀྲུང་དབྱང་གི་དབང་གྲགས་དང་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཏང་ཡོན་ལས་བྱེད་པས་སྲོག་ཤིང་ལ་སྲུང་སྐྱོང་དང་ཏང་ཀྲུང་དབྱང་གི་དབང་གྲགས་ལ་སྲུང་སྐྱོང་བྱ་རྒྱུར་སྐུལ་མ་གཏོང་བའི་བླང་བྱ་དེ་སྒྱུར་འཕེལ་བརྟན་གསུམ་ལ་སྐུལ་མ་གཏོང་བའི་བྱ་སྤྱོད་དངོས་ལ་གྱུར་བར་བྱས་ཏེ། བྱང་ཚད་མཐོ་བའི་ཏང་ཡོན་ལས་བྱེད་པའི་དཔུང་ཁག་ཅིག་ཧུར་ཐག་གཏོད་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་དུ་བཏང་ནས་རྒྱུན་དུ་ཏང་ཀྲུང་དབྱང་ཚད་གཞིར་བཟུང་ནས་རང་ཉིད་ཀྱི་བསམ་བློ་དང་བྱ་སྤྱོད་ལ་དག་ཐེར་གྱིས་གོམ་སྟབས་གཅིག་གྱུར་དང་གང་གསུང་དེ་སྒྲུབ་བྱེད་དགོས།
          གཉིས་ནས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་མ་གཏོང་དགོས། “སློབ་སྦྱོང”ལ་དམ་འཛིན་བྱས་ནས་ཕན་པ་དངོས་ཐོབ་པ་འབད་བརྩོན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ཚད་བསྡུར་བྱེད་རིང་ཁ་ཕྱོགས་ལ་སྟངས་འཛིན་ཡང་དག་དང་། དམིགས་ཚད་གསལ་པོ། ཧེ་བག་རྙེད་པ་བཅས་བྱེད་དགོས། “ཚད་ལོན”ལ་དམ་འཛིན་བྱས་ནས་ཚད་གཞི་གཏོད་པ་འབད་བརྩོན་བྱས་ཏེ་ཏང་ཡོན་ལས་བྱེད་པ་རེ་ཟུང་གིས་ཏཱ་ལའི་རུ་ཚོགས་ལ་སྟོང་བསམ་འཆང་ཞིང་རྣམ་འགྱུར་གསལ་ལ་མི་གསལ་འཛིན་པ་དང་ཐ་ན་ཏཱ་ལའི་རུ་ཚོགས་ཀྱི་རྗེས་སུ་འབྲང་བའམ་ཡང་ན། སིམ་འཛུལ་གཏོར་བཤིག་གི་བྱེད་སྤྱོད་ལ་ཞུགས་པ་དང་རྒྱབ་སྐྱོར་བྱེད་པ། མངོན་གསལ་དོད་པོས་ཆོས་ལ་དད་པ་མི་བྱེད་ཀྱང་ལྐོག་ཏུ་དད་པ་བྱེད་པ། བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་དང་ཁྲིམས་འགལ་རྩ་འཛུགས་ཀྱི་བྱེད་སྒོར་ཞུགས་པ་སོགས་ཀྱི་གནད་དོན་མངོན་གསལ་དོད་རིགས་ཐག་གཅོད་ནན་པོ་བྱེད་དགོས། “རྒྱུན་རྣམ”ལ་དམ་འཛིན་བྱས་ནས་ལམ་སྲོལ་འཛུགས་པའི་ཐད་འབད་བརྩོན་བྱས་ཏེ་ཏང་ཀྲི་པུའི་ཧུར་བརྩོན་གྱི་རང་བཞིན་དང་། རང་རྟོགས་ཀྱི་རང་བཞིན། གསར་གཏོད་ཀྱི་རང་བཞིན་བཅས་སྐོང་འཐེན་གང་ལེགས་བྱེད་དགོས།
          གསུམ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་འོས་སྦྱོར་དང་འདེམས་བསྐོའི་ལས་དོན་ཡག་པོ་ཏན་ཏིག་སྒྲུབ་དགོས། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། དམངས་གཙོ་དར་སྤེལ་མཐའ་འཁྱོངས། ཁྲིམས་ལྟར་བྱ་བ་ནན་ཏན་སྒྲུབ་པ། ཆབ་སྲིད་ཀྱི་འགག་སྒོ་ནན་པོ་སྲུང་བ། འོས་མི་འདེམས་དུས་ཡིན་མིན་ཆེན་པོའི་ཁྲོད་ཀྱི་སྤྱོད་ཚུལ་ལ་རྟོག་ཞིབ་བྱ་རྒྱུ་མངོན་གསལ་དོད་ཤོས་སུ་འཇོག་པ་བཅས་ཀྱིས་ཕུགས་བསམ་དང་དད་སེམས་བརྟན་པོ་ཡོད་པ་དང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་། ཆབ་སྲིད་ཀྱི་ལངས་ཕྱོགས། ཆབ་སྲིད་ཀྱི་རྩ་དོན་བཅས་མཐའ་འཁྱོངས་བྱས་ནས་ཏང་ལ་བློ་དཀར་སེམས་དཀར་དང་། གཏམ་སྤྱོད་གཅིག་མཐུན། བདེན་ལམ་མཐའ་འཁྱོངས། སྲོལ་བཟང་དར་སྤེལ། འགན་འཁྲི་འཁུར་ཕོད་པ། དམ་འཛིན་དང་དོ་དམ་བྱེད་ཕོད་པ་བཅས་ཀྱི་མི་སྣ་འདེམས་དགོས།
          བཞི་ནས་མི་དམངས་འཐུས་ཚོགས་དང་། སྲིད་གཞུང་། སྲིད་གྲོས། གྲོང་ཡུལ“ཨུ་ལྷན་གཉིས”བཅས་ཚན་ཁག་གི་སྐབས་བརྗེའི་ལས་དོན་བརྟན་པོའི་ངང་ཡག་པོ་སྒྲུབ་དགོས། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་མིང་འདོན་དང་། འདེམས་བསྐོ། བསམ་བློ་ཆབ་སྲིད་བཅས་ཀྱི་ལས་ཀའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་མཐའ་འཁྱོངས་བྱས་ནས་ལས་བྱེད་པ་བཟང་པོ་འདེམས་པ་དང་། ཚན་ཁག་ཡག་པོ་བཀོད་སྒྲིག རྣམ་པ་གསར་པ་མངོན་པ་བཅས་ཀྱི་འགན་ལེན་བྱེད་དགོས། 2014ལོའི་གྲོང་ཡུལ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་སྐབས་བརྗེའི་ཉམས་མྱོང་དཔྱད་གཞིར་གང་ལེགས་བཟུང་ནས། གྲོང་ཡུལ“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་ལས་དོན་ལ་སྐུལ་མ་ཏན་ཏིག་བཏང་སྟེ་གྲོང་ཡུལ“ཨུ་ལྷན་གཉིས”ཀྱི་ཚན་ཁག་སྔར་བས་སྟོབས་ཆེར་གཏོང་དགོས།
          ལྔ་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་དོན་ལ་འཁྱོལ་བར་བྱས་ནས་ཕན་འབྲས་ཐོན་རྒྱུར་ཕྱོགས་ཡོངས་ནས་སྐུལ་མ་གཏོང་དགོས། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཆབ་སྲིད་ལ་ཤུགས་སྣོན་བརྒྱབ་ནས་ཏང་ཡོན་ལས་བྱེད་པའི་སློབ་གསོ་གཏོང་བ་དང་སྣེ་ཁྲིད་དེ་ཆབ་སྲིད་ཐད་ཀྱི་བསམ་པའི་ནུས་པ་དང་མཐོང་བའི་ནུས་པ་ཆེ་རུ་གཏོང་བར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་དུས་རབས་རང་བཞིན་ཆེ་རུ་བཏང་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་དུས་རབས་དང་འཚམ་པའི་གོམ་སྟབས་ཀྱི་རྗེས་སུ་འབྲང་བ་དང་། དུས་རབས་ཀྱི་སྐད་སྒྲ་ཉན་པ། དུས་རབས་ཀྱི་འགངས་ཆེའི་གནད་དོན་ལ་ལན་འདེབས་པ་བཅས་བྱེད་དགོས། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་རྩ་དོན་རང་བཞིན་ལ་ཤུགས་སྣོན་བརྒྱབ་ནས་བློ་མཐུན་དབར་གྱི་འབྲེལ་བ་དྭངས་ཤིང་གཙང་བ་དང་། གོང་འོག་དབར་གྱི་འབྲེལ་བ་ཁྲིམས་དང་མཐུན་པ། སྲིད་གཞུང་དང་ཚོང་པའི་དབར་གྱི་འབྲེལ་བ་གཙང་མ་གཙང་རྐྱང་བཅས་ལ་སྐུལ་མ་གཏོང་དགོས། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་འཐབ་རྩོད་ལ་ཤུགས་སྣོན་བརྒྱབ་ནས་ཏང་རྩ་འཛུགས་ཚང་མ་བཟང་བསྟོད་ངན་སྨད་བྱེད་པའི་དམག་འཐབ་མཁར་རྫོང་ཞིག་ཏུ་འགྱུར་བར་བྱེད་པ་དང་ཏང་ཡོན་ཚང་མ་བཟང་སྐྱོར་ངན་འཇོམས་ཀྱི་འཐབ་འཛིང་པར་འགྱུར་བར་བྱེད་དགོས།
དྲུག་ནས་མི་སྣ་འདེམས་སྤྱོད་ཀྱི་ལས་དོན་ལ་ཤུགས་ཆེན་པོ་རྒྱག་དགོས། ཏང་གི་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱེད་པར་དུས་སྐབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“དམིགས་བསལ་གསུམ”གྱི་བླང་བྱར་གཞིགས་ནས་མི་སྣ་འདེམས་སྤྱོད་ཀྱི་ཕྱོགས་སྟོན་ཡག་པོ་གཏོད་པ་དང་། མི་སྣ་འདེམས་སྤྱོད་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཏང་ཡོན་ལས་བྱེད་པའི་དོ་དམ་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། འགན་འཁུར་ཕོད་པའི་ལས་བྱེད་པར་འགན་འཁུར་བ་དང་ལས་དོན་སྒྲུབ་ཕོད་པའི་ལས་བྱེད་པར་གཞོགས་འདེགས་བྱེད་པ། རིམ་ཁག་ལས་བྱེད་པར“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་གཏོང་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ནས་རང་སྟོབས་རང་སྤེལ་དང་། དཀའ་སྤྱད་འབད་འཐབ། ས་མཐོར་གཞི་ཚུགས་པ། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ། འགན་འཁྲི་འཁུར་ཕོད་པ། རང་འགུལ་ངང་བྱས་རྗེས་འཇོག་པ་བཅས་བྱེད་དགོས།
          བདུན་ནས་གཞི་རིམ་ལ་དམ་འཛིན་གྱིས་རྨང་གཞི་འདིང་བའི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་དགོས། གཞི་རིམ་ཏང་འཛུགས་སྐྱོང་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ཁག་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་ཏང་འཛུགས་སྐྱོང་ལ་དམ་འཛིན་དང་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་མ་གཏོང་བ་དང་། མཉམ་འདྲེས་ལ་དམ་འཛིན་གྱིས་གྲོང་ཁྱེར་གྱི་ཏང་འཛུགས་སྐྱོང་ལ་སྐུལ་མ་གཏོང་བ། སྤྱི་འདོམས་ལ་དམ་འཛིན་གྱིས་ཁྱབ་ཁོངས་ཁག་གི་ཏང་འཛུགས་སྐྱོང་ལ་སྐུལ་མ་གཏོང་བ་བཅས་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཚང་མ་འགྱུར་མེད་སྟོབས་ལྡན་གྱི་དམག་འཐབ་མཁར་རྫོང་ཞིག་ཏུ་ཧུར་ཐག་སྐྲུན་དགོས།
          བརྒྱད་ནས་རིགས་ཁག་གི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་སྤྱི་འདོམས་བྱེད་དགོས། ཤེས་ལྡན་པར་ངོས་འཛིན་དང་། གཅེས་སྐྱོང་། བརྩི་བཀུར། བེད་སྤྱོད་བཅས་ཀྱི་རྣམ་པ་དར་སྤེལ་ཤུགས་ཆེན་བཏང་ནས་ཤེས་ལྡན་པ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ད་ཡོད་ཀྱི་ཤེས་ལྡན་པ་ཡག་པོ་སྤྱོད་པ་དང་། ཤེས་ལྡན་པ་ནང་འདྲེན་གྱི་བབ་བསྟུན་སྲིད་ཇུས་ལ་ཞིབ་འཇུག་བྱས་ནས་དགོས་མཁོ་ཆེ་བའི་ཤེས་ལྡན་པ་ནང་འདྲེན་བྱེད་པ། སྲིད་ཇུས་ཀྱི་ཁོར་ཡུག་ལེགས་སུ་བཏང་ནས་རིགས་ཁག་གི་ཤེས་ལྡན་པ་གནས་ཐུབ་པ། ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ནུས་པ་འདོན་སྤེལ་བྱས་ཏེ་ཤེས་ལྡན་པ་གསོ་སྦྱོང་བྱེད་པ་དང་། ལྷག་པར་དུ་ལས་ཞུགས་ལས་གཏོད་ལ་སྐུལ་མ་གཏོང་བའི་སྲིད་ཇུས་གསར་པ་གང་མགྱོགས་བཟོས་ནས་ལས་ཞུགས་ལས་གཏོད་ཀྱི་ཆེད་དོན་རྒྱབ་སྐྱོར་གྱི་ཐེབས་རྩ་བཙུགས་ཏེ་སློབ་མ་དང་། ཁྱིམ་བདག སྤྱི་ཚོགས་བཅས་ལ་ཁྲིད་སྟོན་བྱས་ཏེ། ལས་ཞུགས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་བཏང་ནས་ཁྲོམ་ར་བརྒྱུད་ལས་ཞུགས་གང་ལེགས་བྱེད་དགོས།
          དགུ་ནས་རྩ་འཛུགས་སྡེ་ཚན་གྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས། རིམ་ཁག་རྩ་འཛུགས་སྡེ་ཚན་དང་རྩ་འཛུགས་ལས་དོན་གྱི་ལས་བྱེད་པས་ཏང་ལ་མཐའ་གཅིག་ཏུ་ལྷག་བསམ་ཟོལ་མེད་དང་། གཞུང་དྲང་ཚུལ་མཐུན་མཐའ་འཁྱོངས། ཆེད་ལས་ཀྱི་བྱང་ཚད་མཐོ་རུ་གཏོང་བ། ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་གཏོད་པ། བསམ་བློའི་སློབ་གསོ་ནན་དུ་གཏོང་བ་དང་། ལས་བྱེད་པའི་དོ་དམ་ནན་དུ་གཏོང་བ། རྩ་འཛུགས་འཛུགས་སྐྱོང་ནན་དུ་གཏོང་བ། ལམ་ལུགས་ལག་བསྟར་ནན་དུ་གཏོང་བ་བཅས་མཐའ་འཁྱོངས་བྱས་ནས་རང་ངོས་འཛུགས་སྐྱོང་བྱེད་པའི་ཐད་མདུན་གྲལ་དུ་ཏན་ཏིག་ངང་བསྐྱོད་ཐུབ་པར་བྱེད་དགོས། རིམ་ཁག་ཏང་ཨུད་ཀྱིས་རྩ་འཛུགས་ཀྱི་ལས་དོན་ལ་འགོ་འཁྲིད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཏང་གིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་བྱེད་པོའི་འགན་འཁྲི་ནན་ཏན་ངང་བསྒྲུབས་ཏེ། རྩ་འཛུགས་སྡེ་ཚན་གྱི་འགན་ནུས་དེ་བས་ལེགས་པའི་ངང་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716