སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
སྐད་གསང་མཐོན་པོས་མི་རིགས་མཐུན་སྒྲིལ་གྱི་གླུ་དབྱངས་ལེན།
སྤེལ་དུས། 2017-03-28   ཡོང་ཁུངས། བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཚེ་རྣམ།
—— བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་58འཁོར་བར་རྟེན་འབྲེལ་ཞུ་བའི་སྒྲིལ་གླེང་གཉིས་པ།
          ལོ་58གོང་གི་1959ལོའི་ཟླ་3ཚེས་28ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཀྲོའུ་ཨེན་ལའེ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་བཏང་གནང་ནས་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས། ལོ་རྒྱུས་ཀྱི་ཁ་ལོ་སྒྱུར་མཁན་གྱིས་གངས་ལྗོངས་ས་མཐོའི་ཁ་ཕྱོགས་རྦད་དེ་སྒྱུར་བ་དང་ཆབས་ཅིག་ཡར་ལངས་བཅིངས་འགྲོལ་ཐོབ་པའི་ཞིང་བྲན་ཁྲི་ཚོ་བརྒྱ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་བདག་པོར་གྱུར་ནས་འོད་སྟོང་འཕྲོ་བའི་མདུན་ལམ་ལྡན་པ་དང་རེ་བས་ཁེངས་པར་གྱུར།
          ལོ་ངོ་སྟོང་ཕྲག་འགའི་རིང་ཀྲུང་ཧྭ་མི་རིགས་ཀྱིས་ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་གཅིག་གྱུར་ལ་རེ་སྨོན་བྱེད་པ་དེ“གནམ་ས་གཉིས་དེ་ནམ་ཡང་མ་འགྱུར་བ། གནའ་ནས་ད་བར་ཤེས་པའི་གནས་ལུགས་ཡིན”ཞེས་པ་ལྟར་ལྟ་ཡི་ཡོད། རང་རེའི་ཏང་དབུ་བརྙེས་པ་ནས་བཟུང་མི་རིགས་མཐུན་སྒྲིལ་དང་མི་རིགས་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་བྱེད་པ་དང་འབྲེལ། མི་རིགས་འདྲ་མཉམ་ཡོང་རྒྱུ་དེ་རྒྱལ་ཁབ་འཛུགས་པའི་གཞི་རྩའི་རྩ་དོན་ལ་འཛིན་གྱི་ཡོད།
          1959ལོའི་ཟླ་4ཚེས་18ནས་28ཉིན་བར་བོད་ལྗོངས་ཚུད་པའི་རྒྱལ་ཡོངས་ཀྱི་འཐུས་མི་ཆིག་སྟོང་ལྷག་ཙམ་རྒྱལ་ས་པེ་ཅིང་དུ་འཛོམས་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་གཉིས་པའི་ཚོགས་འདུ་ཐེངས་དང་པོར་ཞུགས་པ་རེད།
          ཙུང་ལི་ཀྲོའུ་ཨེན་ལའེ་ཡིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང“བོད་དུ་མི་རིགས་ས་ཁོངས་རང་སྐྱོང་མྱུར་དུ་མངོན་འགྱུར་ཐུབ་པ་དང་དམངས་གཙོའི་བཅོས་སྒྱུར་རིམ་བཞིན་བྱེད་དགོས”ཞེས་གསུངས་པ་དེར་བོད་ཀྱི་རྒྱ་ཆེའི་རྒྱལ་གཅེས་གྲྭ་བཙུན་དང་མི་དམངས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་མ་ཟད། དེ་ནི་རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་སྲིད་ཇུས་ལ་རྒྱལ་ཁ་རླབས་ཆེན་ཐོབ་པ་ཞིག་ཀྱང་རེད།
          ཚོགས་ཆེན་ཐོག་བོད་ཀྱི་གནད་དོན་སྐོར་གྱི་གྲོས་ཆོད་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད། གྲོས་ཆོད་ནང་། “བོད་ཀྱི་མི་དམངས་བཅིངས་འགྲོལ་དམག་གི་དཔུང་སྡེའི་དཔོན་དམག་ཡོངས་དང་བོད་དུ་ལས་ཀ་བྱེད་བཞིན་པའི་རྒྱ་རིགས་དང་དེ་མིན་གྱི་མི་རིགས་ལས་དོན་པ་ཚང་མས་ངེས་པར་དུ་བོད་རིགས་མི་དམངས་དང་མཛའ་གཅུགས་ལྡན་པའི་གཅེན་གཅུང་ལྟ་བུའི་འབྲེལ་བ་འཛུགས་དགོས་པ་དང་དཀའ་ཚེགས་ཆེན་པོས་ལས་དོན་སྒྲུབ་པ་དང་བློ་སྟོབས་ཆེར་སྐྱེད་ཀྱི་འབད་འཐབ་བྱས་ཏེ་བོད་མི་དམངས་ཀྱི་ཁེ་ཕན་ཕྱིར་ཞབས་འདེགས་ཞུ་དགོས”“མི་རིགས་ཁག་གི་ངལ་རྩོལ་མི་དམངས་དབར་གྱི་གཅེན་གཅུང་ལྟ་བུའི་མཐུན་སྒྲིལ་དང་ཕན་ཚུན་རོགས་རེས་ལ་བརྟེན་ནས་དར་རྒྱས་མངའ་ཐང་རྒྱས་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་རྒྱུ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བློ་བརྟན་འགྱུར་མེད་ཀྱི་མཛད་ཕྱོགས་ཤིག་རེད”ཅེས་འཁོད་ཡོད་པ་རེད།
          ས་མཐོའི་ས་གཞི་ཆེ་མོའི་ཐོག་གསར་བརྗེའི་སྔོན་བྱོན་པ་ཚོས་དཀའ་ངལ་ཁྱད་བསད་ཀྱིས་བྱ་གཞག་གསར་གཏོད་བྱེད་པ་དང“མཐུན་སྒྲིལ་ལྷག་པར་ཐུབ་པ”དེ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ནང་དོན་དུ་བཀོད་ཡོད། ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་58སོང་རིང་བོད་དུ་འབད་འབུངས་ལྷོད་མེད་བྱེད་མཁན་གུང་ཁྲན་ཏང་མི་དང་མི་རིགས་ཁག་གི་མི་དམངས་ཚོས་མི་རིགས་མཐུན་སྒྲིལ་ནི་སྲོག་རྩར་འཛིན་པའི་ཁར་ལག་ལེན་དང་། རྒྱུན་འཛིན། དར་སྤེལ་བཅས་མཐའ་གཅིག་ཏུ་བྱས་པས་བློ་སེམས་གཅིག་མཐུན་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་གསར་པ་རྩོམ་པའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད།
          ཉེན་ཁ་ཆེ་བའི་སྐབས་སུ་མི་རིགས་མཐུན་སྒྲིལ་གྱི་བརྩེ་སེམས་ལྷག་པར་མངོན་ཞིང་། ནེ་པ་ལའི“4·25”ཡི་ས་ཡོམ་དང་ཡོམ་འཕྲོའི་ཤུགས་རྐྱེན་འོག་གཞིས་རྩེའི་གཉའ་ནང་དང་། སྐྱིད་གྲོང་། དིང་རི་སོགས་ས་ཁུལ་དུ་གེགས་བར་ཆེན་པོ་བྱུང་ཡོད། ཏང་སྲིད་དམག་ཉེན་དམངས་བཅས་ཀྱིས་གེགས་བར་དེ་བཀའ་རྒྱར་བརྩིས་ནས་འཕྲལ་མར་བྱ་སྤྱོད་སྤེལ་བ་དང་སེམས་མཐུན་སྟོབས་སྒྲིལ་དང་ཕྱར་བ་གྲུ་འདེགས་ཀྱིས་གེགས་འགོག་གེགས་སེལ་བྱས་པ་རེད།
          གོད་ཆག་གི་གནས་སུ་ལྷུང་ཚེ་རིམ་ཁག་ཏང་སྲིད་རྩ་འཛུགས་དང་། གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་ལས་དོན་རུ་ཁག བཅའ་སྡོད་དཔུང་སྡེ། དྲག་ཆས་ཉེན་རྟོག་གི་དཔོན་དམག་བཅས་ཀྱིས་དམག་དམངས་ཀྱི་དབྱེ་བ་དང་མི་རིགས་ཀྱི་དབྱེ་བ་མ་ཕྱེ་བར་སེམས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་མཐུན་སྒྲིལ་རོགས་རེས་དང་འཆི་གསོན་མཉམ་གནས་ཀྱི་བརྗིད་ཆེའི་ལེའུ་ཐུན་མོང་ཐོག་བརྩམས་པ་རེད།
          རྒྱལ་ཡོངས་ཀྱི་བོད་སྐྱོར་གྱིས་མི་རིགས་མཐུན་སྒྲིལ་གྱི་བརྗིད་ཆེའི་རྡོ་རིང་བཙུགས་ཤིང་། དུས་རབས་ཕྱེད་ཀ་ལྷག་ཙམ་རིང་། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག་གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་མི་དམངས་ལ་ཕན་པ་ཆེན་པོ་ཐོབ་ནས་སྔར་སོང་གི་ལོ་ཟླའི་ནང“བསམ་ཡུལ་ལས་འདས་པའི”བདེ་སྐྱིད་ཀྱི་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་ཡོད། བོད་སྐྱོར་ལས་བྱེད་པ་ཁག་གིས“གཞན་ཡུལ་རང་ཉིད་ཀྱི་ཕ་ཡུལ་གཉིས་པར་བརྩི་བ་དང་མང་ཚོགས་གཉེན་ཉེ་ལྟ་བུར་བརྩིས་ཏེ”འགན་འཁྲིའི་བསམ་པར་བརྟེན་ནས་བོད་སྐྱོར་གྱི་ལོ་རྒྱུས་བཏོད་པ་དང་ལྷད་མེད་ཀྱི་བསམ་པས་ཀྲུང་དབྱང་གི་འབོད་སྐུལ་དོན་འཁྱོལ་བྱས་པ་དེ་ནི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་མཐུན་སྒྲིལ་བརྩེ་བ་ཟབ་པའི་གསོན་ཉམས་དོད་པའི་འཚོ་བའི་མཚོན་ཚུལ་ཞིག་རེད།
          ཉེ་བའི་ལོ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཀྱིས་ལོ་ལྟར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐེངས་རེ་འཚོགས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་དཔེ་མཚོན་བདམས་ནས་དྲང་ནུས་དར་སྤེལ་དང་མིག་དཔེ་བཏོན་ཡོད། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་རྫོང་རྩེད་ཐང་གྲོང་རྡལ་ཀུན་བཟང་བྱ་རིགས་གསོ་ཚགས་མཉམ་ལས་ཁང་གི་ཧྲེ་ཀྲང་ཡེ་ཤེས་སྒྲོལ་དཀར་དང་བཟའ་ཟླ་ཀན་ཞོད་ཏུང་གཉིས་པོས་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་བསྐྱངས་པ་དང་བཟའ་ཚོ་གཉིས་པོའི་འབད་བརྩོན་འོག་གསོ་ཚགས་མཉམ་ལས་ཁང་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་སོང་ཡོད། ཡེ་ཤེས་སྒྲོལ་མ་ལྟ་བུའི་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་དཔེ་མཚོན་གྱི་ཁྱིམ་ཚང་བོད་དུ་ཧ་ཅང་མང་པོ་ཡོད་པ་དང་ཁོང་ཚོའི་འཚོ་བ་དང་རང་གཤིས་ལས་དུས་རབས་ཀྱི་ཁྱད་ཆོས་མངོན་པ་མ་ཟད། མི་རིགས་མཐུན་སྒྲིལ་གྱི་དུས་རབས་ཀྱི་ནང་དོན་ཡང་འདུས་ཡོད།
          སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་ཁག་གིས་ཕན་ཚུན་ཤེས་རྟོགས་དང་། ཕན་ཚུན་བརྩི་འཇོག ཕན་ཚུན་བཟོད་སྒོམ། ཕན་ཚུན་སློབ་སྦྱོང། ཕན་ཚུན་རོགས་རམ་བཅས་བྱས་ཏེ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་ཞེས་གསུངས་ཡོད། ད་ཆ་མི་རིགས་མཐུན་སྒྲིལ་གྱི་རང་གཤིས་དང་སྟོབས་ཤུགས་དེ་གནའ་ཉམས་དོད་ལ་དེང་རབས་ཀྱི་ས་གཞི་ཆེ་མོ་དེའི་ཐོག་ཁྱབ་ཡོད་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716