སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཝུའུ་དབྱིང་ཅེས“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་རྒྱལ་ཡོངས་དང་བོད་ཀྱི་ལྔ་གཅིག་ངལ་རྩོལ་དཔེ་བཟང་དང་བཟོ་པ་གདོང་ལེན་རྟཊ་ཅན་གྱི་མཚན་སྙན་ཐོབ་མཁན་ལ་གཟེངས་བསྟོད་བྱེད་པའི་ཚོཊ་ཆེན་འཚོཊ་པ།
སྤེལ་དུས། 2017-05-03   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  ཚེ་རྣམ།
ངལ་རྩོལ་ལ་བརྟེན་ནས་ཕུགས་འདུན་མངོན་འགྱུར་དང་དངོས་སྒྲུབ་ལ་བརྟེན་ནས་འོད་སྟོང་འཕྲོ་བའི་གྲུབ་འབྲས་བཏོད་དེ་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་རྒྱང་སྐྱོད་ལམ་བུའི་ཐོག་བླ་ན་མེད་པའི་གཟི་བརྗིད་སྐྲུན་དགོས་པའི་ནན་བཤད་གནང་བ།
ཏིང་ཡེ་ཤན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ།

ཚེས་28ཉིན“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་རྟེན་འབྲེལ་དང་རྒྱལ་ཡོངས་དང་བོད་ཀྱི་ལྔ་གཅིག་ངལ་རྩོལ་དཔེ་བཟང་དང་བཟོ་པ་གདོང་ལེན་རྟགས་ཅན་ལ་གཟེངས་བསྟོད་ཚོགས་ཆེན་ལྷ་སར་འཚོགས་ཤིང་། འདི་ནི་ཚོགས་ར་ཡིན་པ།
          ཚེས་28ཉིན“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་རྟེན་འབྲེལ་དང་རྒྱལ་ཡོངས་དང་བོད་ཀྱི་ལྔ་གཅིག་ངལ་རྩོལ་དཔེ་བཟང་དང་བཟོ་པ་གདོང་ལེན་རྟགས་ཅན་ལ་གཟེངས་བསྟོད་ཚོགས་ཆེན་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་བཟོ་པ་དང་། ཞིང་འབྲོག་པ། ཤེས་ཡོན་ཅན། རིམ་གྲས་ཁག་གི་ངལ་རྩོལ་མང་ཚོགས་བཅས་དང་བོད་སྡོད་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག སྤྱི་བདེ་མི་དམངས་ཉེན་རྟོག་པ་བཅས་ལ་དུས་ཆེན་གྱི་འཚམས་འདྲི་ཞུས་པ་དང་འབྲེལ་བོད་ཀྱི་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་པ་རེད།
          ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཤན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ནོར་བུ་དོན་གྲུབ་དང་། ཙེང་དབན་མིང་། སྤེན་པ་བཀྲ་ཤིས། ཧོ་ཝུན་ཧའོ་བཅས་དང་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་རྡོ་ཐོགས་དང་། དབང་ཧའེ་ཀྲོའུ། བློ་བཟང་འགྱུར་མེད་བཅས་ཚོགས་འདུར་ཕེབས་པ་རེད།
          ཚོགས་འདུའི་ཐོག་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་དང་བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་གཟེངས་བསྟོད་གཏན་འབེབས་སྒྲོག་སྦྱངས་བྱས་པ་དང་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་པའི་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བློ་མཐུན་གྱིས་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟི་བརྗིད་ལག་ཁྱེར་སྤྲད་པ་རེད། དབྱངས་ཅན་དང་། ལྷག་པ་དབང་འདུས། ཀྲའོ་ཅིང་། ཚེ་རིང་སྒྲོལ་དཀར་བཅས་ཀྱིས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་ཚབ་ཞུས་ནས་གཏམ་བཤད་སྤེལ་བ་རེད།
          ཝུའུ་དབྱིང་ཅེས་དུས་ཡུན་རིང་པོའི་ནང་ཏང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་རང་ལྗོངས་ཀྱི་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱིས་ཚད་མཐོའི་བདག་པོའི་འགན་འཁྲིའི་བསམ་པ་དང་། རང་དོན་རྒྱབ་བསྐྱུར་གྱི་འབད་འབུངས་སྙིང་སྟོབས། གཟེངས་སུ་ཐོན་པའི་ངལ་རྩོལ་གསར་གཏོད་བཅས་ལ་བརྟེན་ནས་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་ལ་སྐུལ་འདེད་གཏོང་རིང་བྱས་རྗེས་བཞག་ནས་རང་ལྗོངས་ཀྱི་འཕེལ་རྒྱས་མྱུར་པོ་དང་། ཡུན་རིང་བདེ་འཁོད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པ་བཅས་ལ་རང་ཉིད་ཀྱི་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད། དེ་རིང་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ནི་ཁོང་ཚོའི་ཁྲོད་ཀྱི་ཕུལ་དུ་བྱུང་བའི་འཐུས་མི་ཡིན། ཚང་མར་ཐོབ་པའི་གཟི་བརྗིད་ནི་དཀའ་སྤྱད་ངལ་རྩོལ་བྱས་ནས་ཐོབ་པ་ཞིག་ཡིན་ལ། ཏང་དང་མི་དམངས་ཀྱིས་ངལ་རྩོལ་པར་བརྩི་བཀུར་བྱས་པ་ཞིག་ཀྱང་རེད། ཚང་མས་གཟི་བརྗིད་ལ་གཅེས་འཛིན་དང་། ཡང་འབད་བསྐྱར་འབད། ལས་གཅེས་ལས་བཀུར། ལེགས་ཤོས་བརྩོན་ལེན་བཅས་བྱས་ཏེ་བཟོ་པའི་གྲལ་རིམ་གྱི་ཕུལ་བྱུང་གཤིས་རྒྱུད་དང་དཔེ་མཚོན་བྱ་སྤྱོད་ཐོག་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཁྲིད་སྟོན་དང་ལྕག་སྐུལ་བྱས་ནས་སླར་ཡང་བྱས་རྗེས་གསར་པ་འཇོག་པ་དང་གཡུར་དུ་ཟ་བའི་གྲུབ་འབྲས་གཏོད་རྒྱུའི་རེ་བ་ཡོད་ཅེས་བསྟན་གནང་བ་རེད།
          རང་སྐྱོང་ལྗོངས་བཟོ་ཚོགས་ཀྱི་ལས་དོན་ལ་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་རྗེས་ཝུའུ་དབྱིང་ཅེས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱི་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་གལ་ཆེན་དུ་གསུང་བཤད་གལ་ཆེན་དང་མཛུབ་ཁྲིད་གལ་ཆེན་གནང་ནས་དགོངས་པ་གསར་པ་དང་། ལྟ་ཚུལ་གསར་པ། ཆོད་གཏམ་གསར་པ་བཅས་བཏོན་གནང་བས་དེ་ནི་རང་རྒྱལ་གྱི་བཟོ་པའི་ལས་འགུལ་དང་བཟོ་ཚོགས་ལས་དོན་གྱིས་རྒྱུན་ཆད་མེད་པར་གསར་གཏོད་འཕེལ་རྒྱས་བྱ་རྒྱུར་སྐུལ་འདེད་གཏོང་བའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ལྟ་བུ་ཞིག་རེད། ང་ཚོས་སློབ་སྦྱོང་ནན་ཏན་དང་། གོ་བ་གཏིང་ཟབ་ལེན་པ། ལག་བསྟར་གཏིང་ཟབ་བཅས་བྱས་ནས་བསམ་བློ་དང་བྱ་སྤྱོད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱས་ཏེ་དུས་རབས་ཀྱི་རྗེས་སུ་སྙེགས་པ་དང་། འགན་འཁྲི་ཕྲག་ཐོག་ཏུ་འཁུར་བ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བཅས་བྱས་ཏེ་དགེ་མཚན་ལྡན་པའི་རྒྱུ་རྐྱེན་མཐའ་དག་སྐོང་འཐེན་དང་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་གཅིག་སྒྲིལ་གྱིས་གངས་ལྗོངས་ས་མཐོའི་ཐོག་ངལ་རྩོལ་ནི་གཟི་བརྗིད་ཆེ་ཤོས་དང་། ངལ་རྩོལ་ནི་ཆེས་བླ་ན་མེད་པ། ངལ་རྩོལ་ནི་རླབས་ཆེ་ཤོས། ངལ་རྩོལ་ནི་མཛེས་ཤོས་བཅས་ཡིན་པའི་དུས་རབས་ཀྱི་སྐད་སྒྲ་ཤུགས་ཆེན་སྒྲོག་དགོས་པའི་ནན་བཤད་གནང་བ་རེད།
          ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་ཐོག་སླད་ཕྱིན་ལོ་ལྔའི་རིང་རང་ལྗོངས་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་བརྗིད་ཆེའི་ཇུས་གཞི་བཀོད་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་གདོང་མཆོང་དུང་བརྡ་གྲགས་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་དུས་རབས་ཀྱི་སྲོལ་གསར་དར་སྤེལ་ཤུགས་ཆེན་གཏོང་བ་དང་། བློ་སེམས་གཅིག་མཐུན་དང་འབད་འབུངས་ཡར་བརྩོན་བྱེད་པ། ངལ་རྩོལ་ལ་བརྟེན་ནས་ཕུགས་བསམ་མངོན་འགྱུར་དང་དངོས་སྒྲུབ་ལ་བརྟེན་ནས་གཟི་བརྗིད་གཏོད་པ། འགན་འཁྲི་འཁུར་རྒྱུ་དེ་སྒྱུར་འཕེལ་བརྟན་གསུམ་གྱི་ལག་ལེན་དངོས་ནང་མཚོན་པ་བྱེད་པ། འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་རྒྱང་སྐྱོད་ལམ་བུའི་ཐོག་བླ་ན་མེད་པའི་གཟི་བརྗིད་བསྐྲུན་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་གསུངས་པ་སྟེ།
          གཅིག་ནས་བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས་ཤིང་། བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱི་ཕུལ་བྱུང་གཤིས་རྒྱུད་དང་དཔེ་བཟང་བྱ་སྤྱོད་ཐོག་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ཁྲིད་སྟོན་དང་ལྕག་སྐུལ་བྱས་ནས“རྒྱང་སྐྱོད་ཀྱི་སྙིང་སྟོབས”དང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”“ལམ་གཉིས་ཀྱི་སྙིང་སྟོབས”བཅས་མུ་མཐུད་དར་སྤེལ་གཏོང་བ་དང་རང་འགུལ་ངང་ཁ་ཕྲལ་ལ་ངོ་རྒོལ་བྱས་ནས་མི་གང་རུང་ཞིག་གིས་དུས་གང་རུང་ཞིག་དང་བྱེད་སྟངས་གང་རུང་ཞིག་གི་ཐོག་ནས་བོད་ཀྱི་ས་ཆ་སྦར་མཐིལ་ཙམ་ཡང་མེས་རྒྱལ་ནས་ཁ་ཕྲལ་གཏན་ནས་གཏོང་དུ་འཇུག་གི་མིན། རང་འགུལ་ངང་སྤྱི་ཚོགས་བཅོས་སྐྱོང་ནང་ཞུགས་ནས་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་དེ“བརྟན་ལྷིང་ཐད་གཞན་སྐུལ་ནས་རང་འགུལ་དུ་འགྱུར་བའི”བར་འགྱུར་ལྡོག་གཏོང་བ། རང་འགུལ་ངང་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་དང་། དད་ལྡན་མང་ཚོགས་ཚོས་ཚེ་འདིའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་རྒྱུར་ཁྲིད་སྟོན། བུ་ཕྲུག་ཚོས་ངལ་རྩོལ་ལ་དགའ་ཞེན་དང་གསར་གཏོད་ལ་དགའ་ཞེན་བྱ་རྒྱུར་སློབ་གསོ་རྒྱག་པ་བཅས་བྱས་ནས་ངལ་རྩོལ་དང་གསར་གཏོད་ལ་བརྟེན་ནས་རེ་བའི་ས་བོན་བཏབ་སྟེ་འབྲས་བཟང་ཐོབ་པར་བྱེད་པ། རང་འགུལ་ངང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱས་ནས་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ། རང་འགུལ་ངང་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་བྱེད་ཐུབ་པ་བྱས་ནས་མཐའ་མཚམས་བདེ་འཇགས་དང་མཐའ་མཚམས་སྲ་བརྟན་ཡོང་རྒྱུ་འགན་ལེན་བྱེད་དགོས་པ་དང་།
          གཉིས་ནས་བློ་བརྟན་འགྱུར་མེད་ངང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཤིང་། སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་མིག་དཔེའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ངལ་རྩོལ་པ་རྣམས་ཀྱིས་རང་འགུལ་ངང་མི་ཚེའི་ཕུགས་བསམ་དང་ཁྱིམ་ཚང་གི་བདེ་སྐྱིད་རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་གྱི་བྱ་གཞག་ནང་མཉམ་འདྲེས་ཐུབ་རྒྱུར་སྐུལ་ཁྲིད་བྱེད་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས་གཞི་རིམ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་། དཔལ་འབྱོར་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་གི་སྤྱིའི་བཀོད་པ་རྒྱ་ཆེར་གཏོང་བ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ་ལེགས་ཆ་མངོན་གསལ་དོད་ལ་ཁྱད་ཆོས་མངོན་གསལ་དོད་པའི་དེང་རབས་ཐོན་ལས་མ་ལག་ཅིག་ཆགས་པ་བྱེད་པ། སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་ཧུར་ཐག་བཏང་ནས་སྒྱུར་བཅོས་སྔར་བས་ལེགས་པ་དང་། སྒྱུར་བཅོས་དེ་བས་དོན་དངོས་དང་འཚམ་པ་བྱེད་པ། སྒྱུར་བཅོས་དེ་བས་ལས་བྱེད་པ་དང་མང་ཚོགས་ལ་ཕན་པ་བཅས་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་ཧུར་ཐག་བཏང་ནས་མང་ཚོགས་དབུལ་པོ་སྒོ་རྩ་དང་ས་ཆ་དེ་རང་ནས་ཐོན་ལས་འཕེལ་རྒྱས་ནང་ཞུགས་ཐུབ་པ་བྱས་ཏེ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བ་བྱེད་པ། ལས་ཞུགས་ལས་གཏོད་ལ་སྐུལ་འདེད་ཧུར་ཐག་བཏང་ནས་སློབ་མ་དང་། ཁྱིམ་བདག སྤྱི་ཚོགས་བཅས་ཀྱི་ལས་ཞུགས་ཀྱི་ལྟ་བར་འགྱུར་ལྡོག་གཏོང་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ཏེ་ཁྲོམ་རར་བརྟེན་ནས་ལས་ཞུགས་དེ་བས་མང་བ་ཐོབ་པ་བཅས་བྱས་ནས་དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ།
          གསུམ་ནས་བློ་བརྟན་འགྱུར་མེད་ངང་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས་ཤིང་། སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཧུར་སེམས་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐོང་འཐེན་གང་ལེགས་བྱེད་པ་དང་། རང་འགུལ་ངང་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་ཏེ་གངས་ལྗོངས་ས་མཐོའི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱེད་པ་དང་། རང་འགུལ་ངང་ས་མཐོའི་རྒྱལ་ཁབ་ས་ཆ་སྔོ་ལྗང་ཅན་དུ་འགྱུར་བ་བྱས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཆ་རྐྱེན་ཡོད་པའི་ས་ཆར“ནགས་ཤིང་མེད་པའི་དུད་ཚང”མེད་པ་བཟོས་ཏེ་བོད་ཀྱི་རི་བོ་སྔོ་ལྗང་ནམ་ཡང་གནས་པ་དང་ཆུ་དྭངས་མ་རྒྱུན་དུ་རྒྱུག་ཐུབ་པ་བྱེད་པ། རང་འགུལ་ངང་སྣོད་བཅུད་དམངས་ཕྱུག་ནང་ཞུགས་ནས་མང་ཚོགས་ཚོར“སྣོད་བཅུད་ལས་བྱུང་བའི་ཕན་པ”ཐོབ་པ་བྱེད་དགོས་པ།
          བཞི་ནས་བློ་བརྟན་འགྱུར་མེད་ངང་ཞབས་ཞུ་དོ་དམ་གྱི་འགན་ལེན་ཡག་པོ་བྱེད་དགོས་ཤིང་། བློ་གཅིག་སེམས་གཅིག་གིས་བཟོ་པའི་གྲལ་རིམ་ལ་བརྟེན་པའི་རྩ་བའི་བྱེད་ཕྱོགས་དེ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་ཕྱོགས་ཁག་ནང་ལག་བསྟར་བྱས་ཏེ་དམིགས་གཏན་འཁེལ་བའི་སྲིད་ཇུས་ཐོག་དོན་འཁྱོལ་བྱེད་པ་དང་། ལས་ཀའི་བརྒྱུད་རིམ་ཧྲིལ་པོར་སྐུལ་འདེད་གཏོང་བ། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གི་ལྷུ་ཚིགས་ཚང་མའི་ཐོག་ནས་མངོན་པ་བཅས་བྱས་ཏེ་ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོར་སྔར་བས་སྣང་ཆེན་དང་། ལས་རིགས་ཀྱི་བྱང་ཚད་མཐོར་གཏོང་ལ་སྔར་བས་སྣང་ཆེན། ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ལ་སྔར་བས་སྣང་ཆེན། དཀའ་ངལ་དངོས་ཐག་གཅོད་བྱ་རྒྱུར་སྔར་བས་སྣང་ཆེན། སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་རྒྱུར་སྔར་བས་སྣང་ཆེན་བཅས་བྱས་ཏེ་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱི་བློ་གྲོས་དང་སྟོབས་ཤུགས་བྱ་གཞག་ཁག་ལ་སྐུལ་འདེད་གཏོང་བའི་ནང་གཅིག་སྒྲིལ་ཐུབ་པ་བྱེད་དགོས་པ་བཅས་རེད།
          ཝུའུ་དབྱིང་ཅེས་ལྗོངས་ཡོངས་ཀྱི་རིམ་ཁག་བཟོ་ཚོགས་རྩ་འཛུགས་དང་རྒྱ་ཆེའི་བཟོ་ཚོགས་ལས་བྱེད་པས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་ནས་ལྟེ་བའི་ལས་འགན་ལ་དམ་འཛིན་ནན་པོ་བྱེད་པ་དང་མིག་དཔེའི་ཐོག་ནས་ཆབ་སྲིད་ཀྱི་འགན་འཁྲི་བསྒྲུབས་ཏེ་བཟོ་ཚོགས་རྩ་འཛུགས་ཀྱི་ནུས་པ་སྔར་བས་ལེགས་པའི་ངང་འདོན་སྤེལ་ཡག་པོ་བྱེད་དགོས། ཏང་ཨུད་དང་སྲིད་གཞུང་ལ་གཞོགས་འདེགས་ཧུར་ཐག་གིས་དུས་ཡུན་རིང་པོའི་ནང་ཐོག་མཐའ་བར་གསུམ་དུ་རང་རེའི་ཏང་དང་གཅིག་སེམས་གཅིག་གཏད་དང་བློ་སེམས་གཅིག་མཐུན་བྱེད་མཁན་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་མི་སྣ་དང་དེ་བཞིན་ཁོང་ཚོའི་རྗེས་རབས་པ་དང་ལོ་རྒྱུས་ཀྱི་དུས་སྐབས་ཚང་མ་དང་ལོ་རྒྱུས་ཀྱི་དོན་རྐྱེན་གལ་ཆེན་ནང་ང་ཚོར་སྒེར་སེམས་མེད་པའི་རོགས་སྐྱོར་དང་ཤུགས་ཆེའི་རོགས་རམ་བྱེད་མཁན་མང་ཚོགས་དང་དེ་བཞིན་རང་སྲོག་བློས་གཏོང་མཁན་མང་ཚོགས་ཀྱི་རྗེས་རབས་པར་རོགས་སྐྱོར་ལས་དོན་ཡག་པོ་སྒྲུབ་དགོས། རང་འགུལ་ངང་ལས་བྱེད་པ་དང་ལས་བཟོར་ཐུགས་ཁུར་བྱས་ནས་ལས་བཟོ་མང་ཚོགས་ལ་ཐབས་ལམ་ཡང་དག་བརྒྱུད་ཁྲིམས་ལྟར་ཁེ་ཕན་རེ་ཞུ་བྱེད་རོགས་བྱེད་དགོས། ལས་ཀའི་གཙོ་གནད་དེ་ཆེས་རྒྱ་ཆེའི་སྤྱིར་བཏང་ལས་བཟོའི་ཐོག་བཞག་ནས་དམིགས་བསལ་གྱི་དཀའ་ངལ་ཡོད་པའི་ལས་བཟོ་དང་། ཞིང་འབྲོག་ལས་མི། ངལ་ནུས་ཕྱིར་གཏོང་ལས་མི། འཐབ་ས་དང་པོའི་ལས་བཟོ་སོགས་ཚོགས་སྤྱིའི་ཞབས་ཞུ་ལས་དོན་ཡག་པོ་སྒྲུབ་པ་དང་། དུས་མཚམས་ཁག་ནང་ལས་ཀའི་དོན་དུ་རང་སྲོག་ཤོར་བའི་གཞི་རིམ་ལས་བྱེད་ལས་བཟོའི་ཁྱིམ་ཚང་གནས་ཚུལ་བརྟག་དཔྱད་མཐིལ་རྟོགས་བྱས་ནས་ཁོང་ཚོའི་རྒན་རྒོན་དང་ན་སོ་དར་ལ་མ་བབས་པའི་བུ་ཕྲུག་གི་དཀའ་ངལ་དངོས་ཐག་གཅོད་ཡག་པོ་བྱེད་དགོས། ཁེ་ལས་ཀྱི་ཏང་རྩ་འཛུགས་ལ་གཞོགས་འདེགས་ཀྱིས་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ་བཟོ་ཚོགས་རྩ་འཛུགས་དང་ཏང་རྩ་འཛུགས་དབར་བྱེད་སྒོ་མཉམ་འབྲེལ་དང་། ལས་དོན་མཉམ་འགུལ། ལམ་སྲོལ་མཉམ་གཏོད་བཅས་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716